ཚེར་ལུང་མདོ་ནགས་ཚལ་ཞིང་གྲོང་གི་གཏམ་རྒྱུད།
2021.10.08 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 19

སྟོན་རླུང་དལ་གྱིས་ལྡང་།  རི་ཚོགས་ཚོན་གྱིས་བརྒྱན། ཟི་ལིང་ནས་ལམ་ལ་ཆས་ཏེ་ཅིན་བོད་མྱུར་ལམ་དང་ཟབ་ཉན་གཞུང་ལམ་བརྒྱུད་ནས་དུས་ཚོད་གསུམ་ཡས་མས་སུ་བསྐྱོད་ན། ཧུའུ་ཀྲུའུ་བྱང་རི་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་གི་གླང་ཐུབ་ལྗོངས་ཁུལ་གྱི་ཚེར་ལུང་མདོ་ནགས་ཚལ་ཞིང་གྲོང་དུ་སླེབས་ཐུབ།

ཞིང་གྲོང་དེ2004ལོའི་ཟླ་ལྔ་པ་ནས་བཟུང་ལས་མགོ་བརྩམས་ལ། 2007ལོར་སྒོ་ཕྱེས།  ད་ལོའི་དབྱར་ཁར་ཁྱོན་ཡོངས་ནས་ལེགས་འགྲུབ་བྱུང་བ་དང་།  ལོ་ངོ་བཅུ་དྲུག་ལྷག་གི་རིང་ལ་ཅུང་ཙམ་བཀོད་སྒྲིག་དང་འཛུགས་སྐྲུན་བྱས་པ་བརྒྱུད། ད་ལྟ་ས་མུའུ་ལྔ་དང་འཛུགས་སྐྲུན་གྱི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཉིས་སྟོང་ལྷག་ཟིན་པའི་མཚོ་སྔོན་ཞིང་ཆེན་གྱི་རི་མགོའི་གཞིས་མ་ཅན་གྱི་འཛུགས་སྐྲུན་ཁོ་ནར་གྱུར་ཡོད།

དལ་གྱིས་ཞིང་གྲོང་དེར་བསྐྱོད་ན། ཐུན་མོང་མ་ཡིན་པའི་འཛུགས་སྐྲུན་གྱི་བཀོད་པ་ནི་མི་རྣམས་ཀྱི་མིག་དབང་འཕྲོག་པ་ཞིག་རེད། “ཇུས་འགོད་ནི་རྒྱ་ལུགས་དང་བོད་ལུགས་ཀྱི་ཁྱད་ཆོས་ལྟར་ལས་མེད་ལ། ནུབ་ལུགས་སྡོད་ཁང་ལའང་ལད་མོ་བྱས་མེད། ང་རང་སྐྱེ་ཁམས་འཛུགས་སྐྲུན་དང་ཡུལ་ཕྱོགས་འཛུགས་སྐྲུན་ལ་ཧ་ཅང་དགའ། དེ་གཉིས་མཐུན་པའི་ཆ་ནི་ཡུལ་འདི་ཁོ་ནར་ཡོད་པའི་རང་བྱུང་གི་འཛུགས་སྐྲུན་རྒྱུ་ཆ་དང་ས་གནས་ཀྱི་བཟོ་རྩལ་བཀོལ་ནས། ཆེས་སྔོན་ཐོན་གྱི་དེང་རབས་འཛུགས་སྐྲུན་ལག་རྩལ་དང་ཟུང་འབྲེལ་བྱས་ཡོད། ཡུལ་འདིའི་གཞིས་དམངས་ཀྱི་བཟོ་ལྟ་དང་གོམས་གཤིས་བརྩི་འཇོག་བྱས་ཏེ་གདམ་ཀ་ཡོད་པའི་སྒོ་ནས་བེད་སྤྱོད་བྱས་ཡོད་པས། རིག་གནས་རྒྱུན་འཛིན་དང་ས་གནས་ཀྱི་ཁྱད་ཆོས་ཡོད་པའི་འཛུགས་སྐྲུན་ཞིག་ཏུ་གྱུར་ཡོད”ཅེས་ཞིང་གྲོང་གི་སྦྱིན་བདག་ཧྥན་ཝུན་པིང་གིས་དེ་ལྟར་བཤད།

ཧྥན་ཝུན་པིང་གིས་མཚམས་སྦྱོར་བྱས་པ་ལྟར་ན། ཞིང་གྲོང་འཛུགས་སྐྲུན་གྱི་རྒྱུ་ཆ་ནི་ལྷད་མེད་ཡིན་ལ་ཚུགས་ཀ་ནི་རང་ཡུལ་རེད། ཆེ་ཆུང་བེད་ཆོད་མིན་རྩ་བར་བཟུང་ཡོད་ལ། ཆགས་དབྱིབས་ཧྲིལ་པོ་ནུབ་ཕྱོགས་གནའ་མཁར་གྱི་བཙན་རྫོང་གཞི་བྱས་ཡོད་པ་དང་། རྫ་མགོའི་སྤང་དང་རྫ་ཆུ་ཁང་པའི་ནང་དུ་དྲངས་ཡོད།  གཏོར་གཟུགས་ཅན་གྱི་ཁང་པ་ལྔ་བརྩེགས་ཤིག་ཆེད་དུ་བཀོད་སྒྲིག་བྱས་ཡོད་པ་དེ་ནི་འཛུགས་སྐྲུན་ཡོངས་ཀྱི་ཆེས་མཐོ་ས་ཡིན་པ་དང་། མཐོན་པོའི་རི་དང་དམའ་མོའི་གྲོག་རོང་གཉིས་ཕན་ཚུན་བརྒྱན་པ་ལྟར་གནས།

“དོན་ངོ་མར་རིམ་སྤར་རིགས་ཀྱི་མཚོ་སྔོན་ཡུལ་ཕྱོགས་ཀྱི་སྡོད་ཁང་ཞིག་རེད། ཆགས་སྟངས་དང་ཉི་འོད་ཕོག་མིན།  རླུང་གི་རྒྱུ་བ། སྐྱིད་པོའི་ཚད་ཚང་མ་ནུབ་ཕྱོགས་འཛུགས་སྐྲུན་ཇུས་འགོད་ཀྱི་ཁྱད་ཆོས་དང་སྦྲེལ་ཡོད”ཅེས་ཧྥན་ཝུན་པིང་གིས་དེ་ལྟར་ང་ཚོར་མཚམས་སྦྱོར་བྱས་བྱུང་།

འཚོལ་སྙེག་བྱེད་ཞོར་དུ་འཛུགས་སྐྲུན་བྱས་པ་རེད།  ལོ་ངོ་བཅུ་དྲུག་གི་ལོ་ཟླའི་ནང་དུ་སྔོན་ཆད་ཀྱི་རི་མོ་དགེ་རྒན་དང་འཛུགས་སྐྲུན་ཇུས་འགོད་པ་ཧྥན་ཝུན་པིང་གིས་སེམས་བསམ་པས་ལོ་གཅིག་ལ་ཟླ་ངོ་ལྔ་ནས་དྲུག་མ་གཏོགས་གཉེར་མི་ཐུབ་པའི་ཞིང་གྲོང་སྟེ། “ཁྱིམ་དུ་སྡོད་པའམ་དུས་ཚིགས་རང་བཞིན་གྱི་སྐྱེ་ཁམས་སྤྲོ་གསེང་སྣེ་ལེན་བྱེད་ས་དང་ཆེ་རྒྱུ་མེད་པའི་བསྟི་གནས”འདི་འཛུགས་སྐྲུན་བྱས་པ་རེད།

ཚེར་ལུང་མདོ་ནགས་ཚལ་ཞིང་གྲོང་གི་ཐུན་མོང་མ་ཡིན་པའི་འཛུགས་སྐྲུན་གྱི་ཁྱད་ཆོས་ནི་ཡུལ་སྐོར་པ་འགུགས་པའི་སྲོག་ཤིང་རིན་ཐང་དུ་གྱུར་ཡོད། གཙོ་བོ་སྤྲོ་གསེང་སྣེ་ལེན་བྱེད་བཞིན་ཡོད་ལ། ནང་དུ་འགྲུལ་ཁང་དཀྱུས་མ་དང་ཐབ་ཀ་ཡོད་པའི་འགྲུལ་ཁང་།  ཁང་པ་མདོ་སྦུག་ཅན། རང་ཡུལ་གྱི་ལག་ཤེས་པ་རྒན་པའི་ཡུལ་ཕྱོགས་བཤམས་སྟོན་ཁང་གི་ཟ་ཁང་། མེ་ཏོག་ར་བའི་ཤ་བསྲེགས་ཟ་ཁང་།  གྲམ་པའི་ཁྱམས་ར་སོགས་ཡོད་ལ། སྒོ་ཁའི་ནགས་ཚལ་ན་རི་མགོའི་སྒར་ས་གནས་ཡོད།  ཞབས་ཞུའི་ནང་དོན་དོན་ཚན་ཉི་ཤུ་ལྷག་ཡོད་ལ། ཞག་སྡོད་དང་བཟའ་བཏུང་།  ངལ་གསོ།  རྩེད་འཇོ།  འགུལ་སྐྱོད་ལུས་སྦྱོང་། སེམས་ཁམས་གཡེང་གསོ།  རི་ཐང་རིག་གནས་ཉམས་ལེན་བྱེད་པ་སོགས་ཕྱོགས་བདུན་ནས་ཇུས་འགོད་བྱས་ཡོད།

“ཡུལ་འདིའི་ནགས་ཚལ་སྟུག་ཅིང་རྩྭ་ས་དང་ཆུ་མགོ་གང་སར་ཁྱབ། ཆུ་མོ་དྭངས་ལ་ཐང་རྒྱ་ཆེ། རི་བོ་བརྗིད་པ་སོགས་སེམས་ཀྱིས་འདོད་པའི་སྤྲོ་གསེང་ངལ་གསོ་དང་རི་མགོའི་འགུལ་སྐྱོད། སེམས་གཡེང་བག་ཕེབས་ཀྱི་ས་གནས་བཟང་པོ་ཞིག་ཡིན”ཞེས་ཧྥན་ཝུན་པིང་གིས་གདོང་ལ་ཡིད་ཆེས་ཀྱིས་ཁེངས་བཞིན་དེ་ལྟར་བཤད།

ཡིད་ཆེས་འདི་ནི་ཞིང་ཆེན་ཕྱི་ནང་གི་ཡུལ་སྐོར་པས་ཆེས་ལེགས་པའི་གདེང་འཇོག་བྱས་པ་ལས་ཐོན་པ་རེད།

“ཉེ་བའི་ལོ་ངོ་བཅུའི་རིང་ལ། ང་རང་ཕལ་ཆེར་ལོ་རེར་ཡུལ་འདིར་ཡོང་སྟེ་ཉིན་འགའ་ལ་བསྡད་པ་ཡིན། དང་ཐོག་རང་ཉིད་གཅིག་པུ་ཡིན།  ད་ལྟ་སྐྱེས་པ་དང་བུ་ཕྲུག་ཁྲིད་ནས་ཡོང་བ་ཡིན། ཐེངས་འདིར་ཆེད་དུ་གྲོགས་པོ་འགའི་ཁྱིམ་མི་ཚང་མ་ཁྲིད་ནས་ཡོང་ཡོད། ནགས་ཚལ་ནས་གང་འདོད་དུ་འཆམ་འཆམ་བྱེད་པ་དང་།  ཞིང་གྲོང་དུ་ཧད་ནས་འདུག་པ།  དཔེ་ཆར་བལྟ་བ། ཁ་བརྡ་གློད་པ།  བྱིས་པ་རྣམས་གང་འདོད་དུ་རྩེ་རུ་འཇུག་པ། ང་ལ་མཁོ་བ་ནི་འདི་ལྟ་བུའི་སྟབས་བདེ་བག་གཡེང་གི་སྤྲོ་གསེང་གི་འཚོ་བ་དེ་ཡིན”ཞེས་ཀན་སུའུ་ཞིང་ཆེན་ལན་ཀྲོའུ་གྲོང་ཁྱེར་ནས་ཐོན་པའི་ཡུལ་སྐོར་པ་ཧི་ཆིན་གྱིས་གསར་འགོད་པར་དེ་ལྟར་བཤད།

ཞིང་གྲོང་ན་ཧི་ཆིན་ལྟ་བུའི་འགྲུལ་པ་རྙིང་བ་མང་པོ་ཡོད་ལ། ཐ་ན་རྒྱང་རིང་ཧྲང་ཧའེ་སོགས་གྲོང་ཁྱེར་ནས་ཡོང་སྟེ་ཉིན་འགར་སྡོད་པ་དང་ལྷོད་ཀྱིས་རང་བྱུང་ཁམས་ལ་ལོངས་སྤྱོད་བྱེད་མཁན་ཡང་ཡོད།

“ནམ་གུང་ལྷིང་འཇགས་ཀྱི་སྐབས་སུ། ཁྱེད་ཀྱིས་ནགས་ཚལ་གྱིས་དབུགས་འབྱིན་རྔུབ་བྱེད་པའི་སྒྲ་དང་ཆུ་བོ་ལྷུང་ལྷུང་ངང་བཞུར་བའི་སྒྲ་ཐོས་ཐུབ། ཞོགས་པའི་ཉི་ཟེར་ནགས་ཚལ་བརྒྱུད་ནས་ཞིང་གྲོང་དུ་ཕོག་སྐབས་ཁྱེད་ཀྱིས་ལྷོག་ལྷོག་ཏུ་འཕྱུར་བའི་སྨུག་པ་མཐོང་ཐུབ་པ་སོགས”མཛེས་སྡུག་གི་མཐོང་ཐོས་འདི་དག་ནི་མི་རྣམས་ཀྱི་བརྗེད་ཐབས་བྲལ་བའི་དྲན་ཤིང་དུ་འགྱུར་ངེས།

རང་བྱུང་ཁམས་ལ་རོལ་མྱོང་བྱེད་པ་ལས་གཞན། ཚེར་ལུང་མདོ་ནགས་ཚལ་ཞིང་གྲོང་གིས་ད་རུང་ཆེས་ཁྱད་ཆོས་ལྡན་པའི་ལག་ཤེས་སྒྱུ་རྩལ་ཐོན་རྫས་ཏེ། ཤིང་བརྐོས་ལོ་གསར་རི་མོ།  མེའོ་རིགས་ཀྱི་གཙགས་དྲུབ།  དྲ་རིས།  ཤིང་བརྐོས།  རྡོ་བརྐོས། ལག་ཤེས་རྩེད་ཆས་སོགས་བཤམས་ཡོད། འདི་དག་གིས་ཞིང་གྲོང་ལ་རྫོངས་མཐུག་པའི་རིག་གནས་ཀྱི་ནང་དོན་བསྣན་ཡོད་པར་མ་ཟད། འཛུགས་སྐྲུན་གྱི་ཚེ་སྲོག་ལ་འཚོ་སྟོབས་བསྩལ་ཡོད། ཧྥན་ཝུན་པིང་རང་ཉིད་ཀྱིས་ཀྱང་གསར་སྐྲུན་བྱེད་མགོ་བརྩམས་པ་སྟེ།  “ངས་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་རིག་གནས་གསར་སྐྲུན་གྱི་ཐོན་རྫས་གསར་གཏོད་བྱེད་པར་གྲ་སྒྲིག་བྱེད་བཞིན་ཡོད། མཐོ་སྒང་གི་མཚོན་བྱེད་དུ་གྱུར་པའི་སྲོག་ཆགས་དབྱིབས་ཀྱི་འགེལ་རྟེན་སྐོར་ཞིག་སྟེ་ནོར་གནག་དང་གཙོད་སོགས་ལས་པ་ཡིན། གཞེས་ནིང་ལོར་འགྲན་སྡུར་དུ་ཞུགས་པར་དགའ་རྟགས་ཨང་གཉིས་པ་ཐོབ་ཡོད”ཟེར།

གྲོང་གསེབ་ཡུལ་སྐོར་གྱི་སྐར་རིམ་བཞི་པའི་སྣེ་ལེན་བྱེད་ས་དང་སྐར་རིམ་ཞིང་སྡེའི་འགྲུལ་ཁང་སོགས་ཀྱི་མཚན་སྙན་གནང་བ་འདི་དག་ནི་མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱིས་ཁས་ལེན་ཐོབ་པ་ཡིན་ལ། དེ་ལས་ཀྱང་གླེང་རིན་ཡོད་པ་ཞིག་ནི།  2015ལོར་རྒྱལ་སྤྱིའི་སྟེང་མིང་དུ་གྲགས་པའི་གོ་ལའི་ཡུལ་སྐོར་མཛུབ་སྟོན་ཀུང་སིས་ཡུལ་སྐོར་མཛུབ་སྟོན་གྱི《མཚོ་སྔོན》དེབ་རྐྱང་མའི་སྟེང་མཚོ་ཤར་གྲོང་ཁྱེར་དང་མདོ་ལ་རིང་མོ་ས་ཁུལ་དེ་ཡུལ་སྐོར་གྱི་ཐོག་མའི་འདེམས་བྱར་འོས་སྦྱོར་བྱས་ཡོད། འདི་ནི་ཞིང་གྲོང་ལ་མིག་སྔའི་བར་དུ་ཐོབ་པའི་ཡུལ་སྐོར་ལས་རིགས་ཀྱི་ཆེས་མཐོ་བའི་རྒྱལ་སྤྱིའི་གཟི་བརྗིད་མཚན་སྙན་རེད།

ལྷིང་འཇགས་དང་ལྷོད་གཡེང་། བསམ་བཞིག་བཅས་ལ་དགའ་བའི་ཧྥན་ཝུན་པིང་གིས་གསར་འགོད་པར་འདི་ལྟ་བུའི་རྣམ་པ་ཞིག་ཞིབ་བརྗོད་བྱས་པ་སྟེ།  དགུན་གསུམ་པའི་སྔ་གཞུག་ཏུ། ཞིང་གྲོང་གི་སྟོང་བའི་མཁའ་དབྱིངས་ཀྱི་སྐར་མའི་གྲངས་ཀ་རྒྱུན་ལྡན་ལས་ལྡབ་གཅིག་གིས་ཇེ་མང་དུ་འགྲོ་བ་དང་། སྔར་ལས་འོད་འཚེར་ཞིང་། ཟླ་འོད་གྲོག་རོང་གི་གང་སར་འཕྲོས་ན་ཁྱེད་ཀྱིས་ཐག་རིང་ཐག་རིང་ཡང་མཐོང་ཐུབ། གངས་ནང་དུ་གཅིག་པུར་བསྐྱོད་ན་འཇམ་ཐིང་ངེར་གནས་པའི་སྣང་བ་སྐྱེས་ལ། ཁྱེད་ཀྱིས་གངས་ནང་དུ་གོམ་པ་སྤོས་པའི་གོམ་སྒྲ་མ་གཏོགས་ཅི་ཡང་མི་ཐོས། སྐབས་དེར་འཇིག་རྟེན་ཚང་མ་ཁྱེད་ལ་དབང་ངེས་ལ།  ཁྱེད་ཀྱི་ནང་སེམས་ཀྱི་རྒྱུ་བ་ཕྲ་མོ་དེ་ཡང་མཐོང་ཐུབ།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།