“ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”སྐབས་སུ། ཞིན་ཧེ་རྫོང་གིས་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཚོང་རྟགས་ཀྱིས་ཞིང་ཕྱུགས་ལས་ཐོན་རྫས་ཀྱི་འཕེལ་རྒྱས་ལ་རམ་འདེགས་དང་། “མངར་ལྡན་མཐོ་སྒང”གི་ཚོང་རྟགས་དར་སྤེལ་གཏོང་བ། “ཞིན་ཧེ་ཡི་སྐམ་ཤ་དང་ལུག་ཤའི”ས་ཁམས་མཚོན་རྟགས་དང“ཞིན་ཧེ་སྐྱེ་ལྡན”ཐོན་ལས་ཁྱབ་གདལ་དུ་བཏང་སྟེ། ཞིན་ཧེ་རྫོང་གི་སྐམ་ཤ་དང་ལྗང་མདོག་སྐྱེ་ལྡན་གྱི་ཐོན་རྫས་ཕྱིར་བཙོང་བྱས་ནས་རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་ཛེ་མང་དུ་བཏང་བར་མ་ཟད། དེང་རབས་སྐྱེ་ཁམས་ཞིང་ཕྱུགས་ལས་ཐོན་ལས་ཀྱི་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་ཞིག་བཏོད།
2020ལོའི་ལོ་སྟོད་བར་དུ། ཞིན་ཧེ་རྫོང་གིས་བསྡོམས་པས་ཕྱུགས་རིགས་སྣ་ཚོགས་འབུམ་དགུ་དང་ཁྲི་དགུ་སྟོང་གསུམ་དང་བརྒྱ་གསོས་པ་དང་། ཕྱུགས་རིགས་གསོ་སྐྱོང་ར་བ་སྟོང་བདུན་དང་དྲུག་བརྒྱ་དང་རྩྭ་ཁང་བརྒྱད་བརྒྱ་དྲུག་ཅུ་བཙུགས། གཉེར་སྐྱོང་གཞི་རྟེན་ཉིས་བརྒྱ་དང་གོ་བཞི་ཡོད། དེའི་ཁྲོད་དུ་རྒྱལ་ཁབ་རིམ་པའི་དཔེ་སྟོན་མཉམ་ལས་ཁང་གཅིག་དང་། ཞིང་ཆེན་རིམ་པའི་དཔེ་སྟོན་མཉམ་ལས་ཁངབཅུ་གསུམ། ཁུལ་རིམ་པའི་དཔེ་སྟོན་མཉམ་ལས་ཁང་ཉེར་གཉིས། རྫོང་རིམ་པའི་དཔེ་སྟོན་མཉམ་ལས་ཁང་དགུ་བཅུ་བཅས་ཡོད། མཉམ་ལས་ཁང་ལ་ཞུགས་ཚད་བརྒྱ་ཆའི་ཉེར་དགུ་དང་གྲངས་ཆུང་བདུན་ཡིན་ལ་བསྡོམས་པས་རོང་འབྲོག་ཁྱིམ་ཚང་སྟོང་ལྔ་དང་སུམ་བརྒྱ་ཞེ་དྲུག་མཉམ་ལས་ཁང་དུ་ཞུགས་ཡོད།
2014ལོའི་ཟླ2པར། ཞིན་ཧེ་རྫོང་ཨ་མའི་མཚོ་ཁ་འདེབས་འཛུགས་གསོ་སྤེལ་ཆེད་གཉེར་མཉམ་ལས་ཁང་བཙུགས་ཤིང་། དེ་ནི་ཞིན་ཧེ་རྫོང་གི་གསོ་སྤེལ་མཉམ་ལས་ཁང་ཐོག་མའི་གྲས་ཡིན།
མཉམ་ལས་ཁང་དེའི་ལས་འཛིན་མགོ་གཙོ་བླ་མ་སྐྱབས་ལ་མཉམ་ལས་ཁང་ཞིག་འཛུགས་པའི་བསམ་ཚུལ་སྔ་མོ་ནས་ཡོད་པ་དང་། རྫོང་ཕྱུགས་རིགས་སྨན་བཅོས་ས་ཚིགས་ཀྱི་ལས་མིས་རོགས་རམ་འོག ཁོས་ཉིན་རེའི་འོ་མའི་ཐོན་ཚད་སྤྱི་རྒྱ་བདུན་ཡིན་པའི་བཞོན་མ་གསོ་སྤེལ་བྱེད་རྒྱུའི་སེམས་ཐག་བཅད།
བླ་མ་སྐྱབས་ཀྱི་མཉམ་ལས་ཁང་དུ་བཞོན་མ་བརྒྱ་དང་ལྔ་བཅུ་ཡོད་པ་དང་། དེ་དག་ལ་བརྟེན་ནས་མཉམ་ལས་ཁང་གིས་ལོ་རེར་འོ་མ་ཏུན་བདུན་ཅུ་ནས་བརྒྱ་བར་ཐོན་སྐྱེད་བྱེད་བཞིན་ཡོད་པ་དང་། 2020ལོར་སྒོར་མོ་འབུམ་གཉིས་ཡས་མས་ཀྱི་ཁེ་སྤོགས་ཡོད།
ལོ་འདི་དག་ལ། ཞིན་ཧེ་རྫོང་གིས་ཁྲོམ་རའི་དགོས་མཁོ་ལྟར་མཐོ་སྒང་གི་ལྗང་མདོག་ཞིང་ཕྱུགས་ལས་ཀྱི་སྤུས་ཚད་ཇེ་མཐོར་བཏང་བ་དང་། ལྗང་མདོག་ཅན་གྱི་སྐྱེ་ལྡན་ཞིང་ཕྱུགས་ཐོན་ལས་ཕྱིར་འཚོང་ས་ཁུལ་གྱི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་། ཐོན་ལས་བཀོད་སྒྲིག་སྟེང་ནས་འབྲུ་རིགས་ཀྱི་ཐོན་ཁུལ་གཙོ་བོ་དང་། ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ལེགས་པའི་ས་ཁུལ་གཙོ་བྱས་ཏེ། ཞིན་ཧེ་རྫོང་གི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་རྟེན་གཞི་དང་གཟན་རྩྭ་ཐོན་སྐྱེད་ས་ཁུལ་འཛུགས་སྐྲུན་བྱེད་པར་ཤུགས་བསྣན། འཕེལ་རྒྱས་ཀྱི་རྣམ་པའི་སྟེང་ནས། “ནོར་ནག་དང་ལུག ནས། ཀེ་ཚེ”བཅས་ཐོན་ལས་བཞིའི་མཉམ་འབྲེལ་ཇེ་བརྟན་དང་། རྒྱལ་ཁབ་ཀྱི་རོགས་སྐྱོར་མ་དངུལ་བརྩོན་ལེན་བྱས་ཏེ་རྫོང་མཁར་དང་དཔལ་ཁ་གྲོང་རྡལ་གྱི་དེང་རབས་ཐོན་ལས་ཁང་འཛུགས་སྐྲུན་དང་། རི་ཕྱོར་སྡེ་བའི་ནས་འབྲུ་སོགས “སྡེ་བ་གཅིག་ལ་ཐོན་རྫས་གཅིག”སོགས་དཔེ་སྟོན་སྡེ་གྲོང་འཛུགས་སྐྲུན་བྱས་ཏེ་ཞིང་སྡེའི་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན།
ལོ་འདི་དག་ལ། ཞིན་ཧེ་རྫོང་གིས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བསྒྱུར་བཅོས་གཙོ་གནད་དུ་བཟུང་སྟེ། ལྗང་མདོག་ཐོན་ལས་དར་སྤེལ་དང་། ཐོན་སྐྱེད་དང་ཕྱིར་འཚོང་གཞི་གཅིག་ཅན་གྱི་འཕེལ་རྒྱས་ཁྱབ་གདལ་དུ་བཏང་སྟེ། སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་ཐོན་ལས་ཀྱི་འབྲེལ་ཐག་གི་རྒྱུན་བསྐྱངས།
ཨ་ཆེན་གངས་རྒྱབ་དང་། རྣམ་རྒྱལ། མཚོ་བོད་གྲུ་ཁ་སོགས་ཁེ་ལས་གཙོ་བོའི་འཕེལ་རྒྱས་ཆུ་ཚད་མཐོ་རུ་བཏང་བ་དང་། ནོར་ནག ལུག ནས། ཀེ་ཚེ་བཅས་ཐོན་ལས་བཞི་གཙོ་བྱས་ཏེ། ཁེ་ལས་གཙོ་བོའི་སྒྱུར་བཀོད་རིམ་སྤོར་དང་ལས་སྣོན་ཞིབ་ཚགས་ལ་རམ་འདེགས་བྱས་ཤིང་། ལག་རྩལ་གསར་གཏོད་བྱས་ཏེ་ལྗང་མདོག་སྐྱེ་ཁམས་ཀྱི་ནུས་པ་དང་རིན་ཐང་གསར་སྤེལ་བྱས་ནས་ཞིང་ཕྱུགས་ཐོན་རྫས་ཀྱི་སྤུས་ཚད་ཇེ་མཐོར་བཏང་ལ། གཙོ་ཤུགས་ཀྱི་ནུས་པ་བཏོན་ནས་དཔལ་འབྱོར་གྱི་ནུས་པ་མཐོ་བ་དང་ཞིང་འབྲེལ་ཞིང་ཁྲིད་དམ་པ། དེང་རབས་ཅན་གྱི་ཆུ་ཚད་མཐོ་བའི་ཁེ་ལས་གཙོ་བོ་གཅིག་ནས་གཉིས་འཛུགས་སྐྲུན་བྱས།
ཞིང་ཕྱུགས་ཐོན་རྫས་ཀྱི་ཕྱིར་འཚོང་དང་འགྲོ་རྒྱུག་གི་ཚད་ཇེ་མཐོར་བཏང་ནས་མངགས་ཐོའི་ཞིང་ལས་དར་སྤེལ་བཏང་སྟེ། སྐམ་ཤ་དང་ལུག་ཤ ནས་སོགས་ཀྱི་ཉོ་ཚོང་ལྟེ་གནས་ཀྱི་འཕེལ་རྒྱས་ཇེ་མགྱོགས་དང་ཁྱད་ཆོས་ལྡན་པའི་ཐོན་རྫས་ཀྱི་ཉོ་ཚོང་སྟེགས་བུ་འཛུགས་སྐྲུན་བྱས་ཤིང་། གློག་རྡུལ་ཚོང་དོན་ལས་སྟེགས་གསར་འཛུགས་བྱས་སྟེ། ཞིན་ཧེ་རྫོང་གི་ཞིང་ཕྱུགས་ཐོན་རྫས་ཀྱི་ཚོང་ར་དང་ཞིང་ཕྱུགས་ལས་ཀྱི་གཉེར་སྐྱོང་རྟེན་གཞི། ཞིང་ཕྱུགས་ཐོན་རྫས་ཀྱི་ལས་སྣོན་ཁེ་ལས། གློག་རྡུལ་ལས་སྟེགས་ཀྱི་སྦྲེལ་མཐུད་བཅས་ལ་སྐུལ་འདེད་བཏང་བ་དང་། ཞིང་ལས་ཐོན་རྫས་དྲ་ལམ་ཉོ་འཚོང་འཕེལ་རྒྱས་སུ་བཏང་སྟེ་དྲ་ལམ་ཉོ་ཚོང་གི་གཞི་ཁྱོན་ཆེ་རུ་བཏང་།
ལས་སྟེགས་བསམ་གཞིག་གིས་ཞིང་ཕྱུགས་ཐོན་རྫས་ལ་ལམ་གསར་པ་བཙལ་བ་དང་། འགྲེམ་སྟོན་ཚོགས་འདུ་སོགས་ལས་སྟེགས་བྱས་ཏེ། ཞིང་ཕྱུགས་ཐོན་རྫས་ཀྱི་ཐོན་སྐྱེད་དང་ཕྱིར་འཚོང་སྦྲེལ་མཐུད་ལ་སྐུལ་འདེད་བཏང་ནས་ཚོང་གཉེར་གྱི་རྣམ་པ་དང་ཐབས་ལམ་གསར་འདོན་བྱས་ནས་དྲ་ལམ་དང་ཁྲོམ་ར་གཉིས་ཀ་མཉམ་འབྲེལ་བྱས།
ཐོན་སྐྱེད་དང་སློབ་སྦྱོང་། ཞིབ་འཇུག་གསུམ་གཞི་གཅིག་ཅན་ལ་སྐུལ་འདེད་དང་། ཨ་ཆེན་གངས་རྒྱབ་སོགས་ཁེ་ལས་གཙོ་བྱས་པའི་ཁྱད་ལྡན་ཐོན་ལས་དང་། དེང་རབས་ཞིང་ལས་ཐོན་ལས་ར་བ། ཞིང་ཕྱུག་ལས་ཐོན་ལས་གྲོང་རྡལ་སོགས་ཀྱི་ལས་གཞི་འཛུགས་སྐྲུན་ལ་རམ་འདེགས་བྱས་ཏེ། དེང་རབས་ཞིང་ལས་ཐོན་ལས་ར་བ་དང་དབུལ་སྐྱོར་ཐོན་ལས་ར་བར་བརྟེན། ཐོན་སྐྱེད་དང་ཕྱིར་འཚོང་གཞི་གཅིག་ཅན་དང་། ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་ཟུང་དུ་འབྲེལ་བའི་ཞིང་ཕྱུགས་ཐོན་རྫས་ལས་སྣོན་ར་བ་འཛུགས་སྐྲུན་བྱས་ནས་མཉམ་འབྲེལ་དམ་པོ་དང་ལས་བགོས་གསལ་བོ། ཕན་ཚུན་རམ་འདེགས་ཅན་གྱི་ཁེ་ཕན་གཅིག་མཐུན་འདུས་གྲུབ་ཀྱི་མ་ལག་བསྐྲུན་ཏེ་མཉམ་དར་མཉམ་འཕེལ་དང་། ཐོན་ཁུངས་མཉམ་སྤྱོད། འབྲེལ་ཐག་མཉམ་སྐྲུན། ཚོང་རྟགས་མཉམ་གཏོད་བྱས།
སྐྱེ་ཁམས་ཕྱུགས་ལས་ཀྱི་མ་རྐང་ལམ་ལུགས་དམ་འཛིན་བྱས་ནས། རྩ་འཛུགས་ཅན་དང་གཞི་ཁྱོན་ཅན། ཐོན་ལས་ཅན་གཙོ་བྱས་ཏེ། རྩྭ་སའི་ཕྱུགས་ལས་ཐོན་སྐྱེད་ཆུ་ཚད་དང་ཐོན་སྐྱེད་ནུས་པ་ཇེ་མཐོར་བཏང་ལ། གཟན་རྩྭའི་ཐོན་ལས་འཕེལ་རྒྱས་སུ་བཏང་སྟེ་ཞིང་ཕྱུགས་མཉམ་འབྲེལ་ས་ཁུལ་ནས་འབྲུ་རིགས་དང་གཟན་རྩྭ་གཉིས་ཀར་དོ་སྣང་བྱེད་པ་དང་འདེབས་གསོ་ཟུང་འབྲེལ་བྱས་ཏེ། ཞིང་ཕྱུགས་འཁོར་རྒྱུག་བྱེད་པའི་ཞིང་ལས་ཀྱི་རྣམ་པ་གསར་པ་འཛུགས་སྐྲུན་བྱས།
“སྐྱེ་ལྡན་ལུད་དང་ཞིང་ལུད”ཀྱི་རྣམ་པ་ལག་ལེན་དོན་འཁྱོལ་དང་རྫས་ལུད་ཞིང་སྨན་གྱི་ཚད་ཇེ་ཉུང་དང་ཕན་འབྲས་ཇེ་ལེགས་སུ་གཏང་བར་སྐུལ་འདེད་བཏང་སྟེ། འདེབས་འཛུགས་ལ་མཁས་པའི་ཁྱིམ་ཚང་དང་ཁྱིམ་ཚང་གི་ཞིང་ར། མཉམ་ལས་ཁང་སོགས་སུ་རྫས་ལུད་དང་ཞིང་སྨན་གྱི་ཚད་ཇེ་ཉུང་དང་ཕན་འབྲས་ཇེ་ལེགས་སུ་གཏང་བའི་དཔེ་སྟོན་ས་ཚུགས་བཙུགས་ནས་ཚད་ལྡན་གྱིས་ལུད་འཇོག་པ་དང་། སྐྱེ་དངོས་འགོག་བཅོས་ལག་རྩལ་ཁྱབ་གདལ་དར་སྤེལ་དུ་བཏང་།
ཞིང་ནང་ཆུ་བེད་གཞི་རྩའི་འཛུགས་སྐྲུན་སྤེལ་ནས། རྨོ་ཞིང་འདེབས་མཚམས་འཇོག་རེས་ཀྱི་ལམ་ལུགས་ལ་སྐུལ་འདེད་དང་། ཕྱུགས་རིགས་དང་ཁྱིམ་བྱའི་ལུད་བཙོག་ཐོན་ཁུངས་ཅན་དུ་བསྒྱུར་བ་དང་ཞིང་སྤྱོད་འགྱིག་ཤོག་ཕྱིར་བསྡུ་བྱ་བ། སོག་མ་ཐག་གཅོད་བྱ་བ་སོགས་ལག་བསྟར་ནན་མོ་བྱས་ནས་འཁོར་རྒྱུག་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། སྐྱེ་ཁམས་འཁོར་རྒྱུག་ཞིང་ལས་གྱི་རྣམ་པ་འཛུགས་སྐྲུན་བྱས།
ཐོན་སྐྱེད་དང་ལྟ་སྐུལ་གཉིས་ལ་ཤུགས་བསྣན་ཏེ། ནོར་དང་ལུག ནས། ཀེ་ཚེ་སོགས་ཕུལ་བྱུང་ཐོན་ལས་ལ་དམིགས་ནས་ཐོན་སྐྱེད་བྱ་བའི་མགོ་མཇུག་བར་གསུམ་ཚད་ལྡན་ཅན་དང་། ཐོན་རྫས་གྲགས་ཅན་དང་། ལས་རིགས་གཙོ་བོ། མ་ལག་གཙོ་བོ་ཁྱོན་ཡོངས་ནས་མངོན་འགྱུར་བྱས།
“ཚལ་སླེ”བཟོ་བཀོད་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་སྟེ་ཚད་ལྡན་ཅན་གྱི་ཐོན་སྐྱེད་ལ་སྐུལ་འདེད་གཏང་བ་དང་། ནོར་ལུག་གི་ཁུངས་འདེད་མ་ལག་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས་སྲིད་གཞུང་གི་སྣེ་ཁྲིད་དང་ཚོང་རའི་གཙོ་ཁྲིད། ཁེ་ལས་མཉམ་ཞུགས་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ས་གནས་ཁྱད་ཆོས་ལྡན་པའི “མངར་ལྡན་མཐོ་སྒང”ཞིང་ཕྱུགས་ཐོན་རྫས་ཚོང་རྟགས་གཏོད་པ་དང་། ཞིང་ཕྱུགས་ཐོན་རྫས་ཀྱི་བཟང་ཆ་ཚོང་རྟགས་ཀྱི་བཟང་ཆར་བསྒྱུར་ཏེ་ལྗང་མདོག་དང་སྐྱེ་ལྡན་གཉིས་ཞིན་ཧེ་རྫོང་གི་ཁྱད་ཆོས་གཙོ་བོར་གྱུར་དུ་བཅུག
“ཞིན་ཧེ་སྐམས་ཤ”ལ་སོགས་པའི་ལྗང་མདོག་ཅན་དང་སྐྱེ་ལྡན། ས་ཁམས་མཚོན་རྟགས་ཀྱི་ཞིང་ཕྱུགས་ཐོན་རྫས་ཤུགས་ཆེན་པོས་སྤེལ་པ་དང་། ཞིང་ཕྱུགས་ཐོན་རྫས་ཚད་ལོན་ལག་ཁྱེར་གྱི་ལམ་ལུགས་ལག་བསྟར་བྱས་ནས། སོན་བཟང་གསོ་སྤེལ་དང་སྤུས་ཚད་མཐོར་འདེགས། སྤུས་རྟགས་གསར་གཏོད་དང་ཚད་ལྡན་ཅན་གྱི་ཐོན་སྐྱེད་ལ་སྐུལ་འདེད་བཏང་།
མཐོ་སྒང་གི་ཁྱད་ལྡན་སོན་རྒྱུའི་ཐོན་ཁུངས་སྲུང་སྐྱོང་དང་བེད་སྤྱོད་ལ་ཤུགས་བསྣན་ཏེ་མཐོ་སྒང་གི་གནམ་གཤིས་དང་འཚམས་པའི་ཞིང་ལས་ལོ་ཏོག་གི་ས་བོན་གསོ་སྐྱོང་དང་། ནས་ལ་སོགས་སྣ་ཁ་གསར་པའི་ས་བོན་གསོ་སྐྱོང་བྱས་ནས་སོན་བཟང་གསོ་སྤེལ་རྟེན་གཞི་གསར་འཛུགས་བྱས་ཤིང་། ཞིན་ཧེ་རྫོང་གི་ཁྱད་ཆོས་ལྡན་པའི་ནོར་ལུག་གི་རྒྱུད་བཟང་དར་སྤེལ་དང་། ཕྱུགས་རྒྱུད་འདེམས་གསོ་དང་དཔྱད་བསྡུར་སོགས་ཀྱི་ཐབས་ལ་བརྟེན་ནས་ནོར་ལུག་གི་རྒྱུད་བཟང་བདམས།
ཞབས་ཞུའི་མ་ལག་བསྐྲུན་ཏེ་ཞིང་ཕྱུགས་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་མ་ལག་གི་ཆེད་ལས་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་དང་། སྤྱི་ཕན་རང་བཞིན་གྱི་ཞིང་ཕྱུགས་ལས་ཞབས་ཞུའི་སྒྲིག་གཞི་ཤུགས་ཆེར་སྤེལ་ཏེ། ཐོན་སྐྱེད་གཉེར་སྐྱོང་གསར་པ་དང་ཞབས་ཞུའི་མ་ལག་བར་གྱི་མཉམ་འབྲེལ་ལ་ཤུགས་ཆེན་པོ་བསྣན།
ཡིག་སྒྱུར་བ། གཡང་འབུམ་རྒྱལ།