ཏང་འཛུགས་སྐྲུན་གྱིས་སྣེ་ཁྲིད་དེ་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་བྱས།
2021.10.15 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 15

“མགོ་ཁྲིད་ཀྱིས་ཏང་ཡོན་གྱི་སྣེ་ཁྲིད་པ་དང་ཏང་ཡོན་གྱིས་མང་ཚོགས་ཀྱི་སྣེ་ཁྲིད་པ། མང་ཚོགས་ཕན་ཚུན་བར་འགྲན་བསྡུར་གྱིས་སྒྲུབ་པ”བཅས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་དུ། མང་ཚོགས་དང་ཏང་ཡོན་ལས་བྱེད་པ་མཉམ་དུ་ཐོན་ལས་འཕེལ་རྒྱས་དང་ཁོར་ཡུག་བཅོས་སྐྱོང་། འགལ་བ་འདུམ་སྒྲིག་སོགས་ཀྱི་ལས་དོན་ནང་ཧུར་ཐག་གིས་ཞུགས་ཏེ། སྔོན་ཆད་ལས་དོན་མང་པོ“ཏང་ཡོན་ལས་བྱེད་པའི་བྱ་བ་ཡིན་པ”དེ་ད་ལྟ“མང་ཚོགས་རང་ཉིད་ཀྱི་བྱ་བར”གྱུར་ཡོད།

ཉེ་ལམ་རྨ་ཆེན་རྩྭ་ཐང་ནི་སྔར་བཞིན་སྐྱེ་སྟོབས་ཀྱིས་ཁེངས་ལ། ནོར་གནག་དང་གཡང་དཀར་ལུག་ཁྱུའི་ཚོགས་བག་ཡངས་ངང་རྒྱུ་བཞིན་འདུག མཚོ་འཕང་ལ་སྨི4100ཡན་ཡོད་པའི་ཁ་བའི་ལྗོངས་སུ་རྒྱུ་བའི་རླངས་འཁོར་ལས། སྒང་གཤོང་མི་སྙོམས་པའི་རི་ཚོགས་རྒྱུན་མི་ཆད་པར་སྟར་ཕྲེང་བསྒྲིགས་པ་དང་། ལམ་རྒྱུད་ཀྱི་མི་ཕྱུགས་ཀྱི་བཏུང་ཆུའི་བཟོ་སྐྲུན་དང་གློག་དྲ་ལེགས་བསྒྱུར། རིག་གནས་ལུས་རྩལ་སྒྲིག་བཀོད་སོགས་རྨང་གཞི་སྒྲིག་བཀོད་ཆེན་པོ་མཐོང་ཐུབ། “རི་བོ་དང་ཆུ་བོ་མཐོང་ཞིང་། ཕ་ཡུལ་དྲན་པའི་སྐྱོ་ཡུས་ཡིད་ལ་ཟུག་པའི”མཛེས་སྡུག་ཞིང་གྲོང་གི་ཤོག་དྲིལ་རི་མོ་གསར་པ་རེ་རེ་མགོ་ལོག་གི་ས་ཆེན་སྟེང་དུ་རིམ་གྱིས་བཀྲམས་འོངས།

“ཞིང་སྡེ་ཕྱུག་མིན་གྱི་གནད་འགག་ཏང་ཀྲི་པུའུ་ལ་ལྟ་བ་དང་། སྡེ་བ་སྟོབས་ལྡན་ཡིན་མིན་གྱི་གནད་ནི་སྣེ་ཁྲིད་པར་རག་ལས། ཏང་ཀྲི་པུའུ་ཧྲུའུ་ཅི་ཡིས་མགོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། རྒྱ་ཆེའི་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཕྱུག་བསྒྱུར་འབྱོར་འབྲིང་གི་ཕྱོགས་སུ་བསྐྱོད་དགོས”ཞེས་པའི་སྐད་ཆ་དེ་དཀོན་མཆོག་ལ་སྦྱར་ན་འོས་ཤིང་འཚམ་པ་ཞིག་རེད།

དཀོན་མཆོག་ནི་རྨ་ཆེན་རྫོང་རྭ་རྒྱ་གྲོང་རྡལ་ཅ་གུ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡིན་ལ། ཡུལ་དེར་མཚན་སྙན་ཅུང་རྒྱས་པའི་ཕྱུག་བསྒྱུར་མཁན་ཞིག་ཀྱང་ཡིན། ཁོས་ཆུང་ངུའི་དུས་ནས་ཕྱུགས་ལ་བརྟེན་ནས་འཚོ་བ་རོལ་བར་མ་ཟད། དབྱར་རྩྭ་བརྐོས་མྱོང་ལ། བལ་ཚོང་ཡང་བརྒྱབ་མྱོང་། ཡིན་ཡང་། སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡི་འགན་འཁུར་བ་ནས་བཟུང་། ཁོས་སྡེ་བ་ཡོངས་ཀྱི་སྣེ་ཁྲིད་དེ་ལག་བཟོའི་འཁེལ་འཐག་ཐོན་ལས་དང་གླ་རྩི་གསོ་སྤེལ་ལས་རིགས་འཕེལ་རྒྱས་བཏང་ནས་དབུལ་ཐར་ཕྱུག་བསྒྱུར་བྱུང་ཞིང་། མང་ཚོགས་ཀྱི་གཟེངས་བསྟོད་མི་དམན་པ་ཐོབ། 2019ལོར། དཀོན་མཆོག་ལ“མཚོ་སྔོན་ཞིང་ཆེན་གྱི་ངལ་རྩོལ་དཔེ་ལེགས་ཅན་གྱི”གཟི་བརྗིད་མཚན་སྙན་ཐོབ་པ་དང་། གྲུབ་འབྲས་གླེང་ཚེ། ཁོས་ལག་པ་གཡུག་གཡུག་བྱས་ཏེ—“ང་ལ་དེ་འདྲའི་ནུས་པ་ཞིག་ག་ལ་ཡོད། ཡོད་ཚད་སྲིད་ཇུས་བཟང་པོའི་རྗེས་བསྙེགས་པ་ཡིན”ཟེར།

རྭ་རྒྱ་གྲོང་རྡལ་ཅ་གུ་སྡེ་བ་ནི་མཐོ་སྒང་དུ་གནས་པ་དང་། ཐོན་ལས་གྲུབ་ཚུལ་གཅིག་རྐྱང་ཡིན་ལ། དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ཤུགས་ཆུང་། ད་ལོར་ཅ་གུ་སྡེ་བས་རྫོང་ཨུའི“ཅན་བཅུ”ཏང་འཛུགས་སྐྲུན་འཛིན་ལུང་དང་སྡེ་བ་རིམ་པའི་ཐོན་སྐྱེད་འཕེལ་རྒྱས་ཚན་ཆུང་ཐེག་བྱད་བྱེད་པ་རྒྱུན་འཁྱོངས་དང་། ཁྱད་ལྡན་གསོ་སྤེལ་ལས་རིགས་ཀྱིས་ཐོན་ལས་རིམ་སྤར་ཧུར་ཐག་གིས་འཚོལ་ཞིབ་བྱེད་པའི་བྱེད་ཐབས་ལ་བརྟེན་ནས། ཡར་སྔོན་གྱི་སྲོལ་རྒྱུན་ཕྱུགས་ལས་དེ་གླ་རྩི་གསོ་སྤེལ་ལས་རིགས་སུ་རིམ་པ་སྤར་བ་དང་། བསྡོམས་པས་མ་དངུལ་སྒོར་མོ་ས་ཡ་གསུམ་འབུམ་གཉིས་ཁྲི་ལྔ་བཏང་སྟེ། ཅ་གུ་སྡེ་བའི་གླ་རྩི་གསོ་སྤེལ་རྟེན་གཞི་བཙུགས།

“ད་ལྟ་ང་ཚོའི་སྡེ་བ་སྔ་མོ་ནས་དབུལ་ཐར་བྱུང་ཡོད་མོད། འོན་ཀྱང་དབུལ་ཐར་གྱི་ཞྭ་མོ་ཕུད་རུང་ལྷོད་གཡེང་བྱས་པ་མིན། ང་ཚོས་ད་དུང‘ཡོད་ཚད་མི་དམངས་ཀྱི་ཆེད་དང་ཡོད་ཚད་མི་དམངས་ལ་བརྟེན་དགོས་པའི’འདུ་ཤེས་དེ་གཞིར་བཟུང་ནས། དངོས་གནས་མི་དམངས་ལ་དོན་དངོས་བསྒྲུབས་ཏེ་གྲོང་གསེབ་དར་སྤེལ་ཐད་ཤུགས་འདོན་ངེས་ཡིན”ཞེས་དཀོན་མཆོག་གིས་བཤད་བྱུང་།

ད་ལོ་ནས་བཟུང་། རྨ་ཆེན་རྫོང་གིས“ཅན་བཅུ”ཏང་འཛུགས་སྐྲུན་དེ“ཐོན་སྐྱེད་ཅན”གྱི་བྱེད་སྟངས་དང་ཟུང་འབྲེལ་བྱས་ཏེ། ཐོན་ལས་དར་སྤེལ་དངོས་འབེབས་བྱེད་པ་དང་། འབྲོག་པའི་ཡོང་སྒོ་བརྟན་བརླིང་ངང་འཕར་བར་འགན་སྲུང་བྱེད་པ་དང་ལྷན་དུ། “ཅན་བཅུ”ཏང་འཛུགས་སྐྲུན་དེ་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་ཕན་ནུས་ལྡན་པའི་སྒོ་ནས་གྲོང་གསེབ་དར་སྤེལ་དང་མཐུད་སྦྲེལ་བྱེད་པ་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་བའི་ནུས་ལྡན་ལྡེ་མིག་ཏུ་འགྱུར་བར་བྱས་ནས། གྲོང་གསེབ་དར་སྤེལ་གྱི་མདུན་སྐྱོད་དབྱངས་སྙན་དཀྲོལ།

“ཏང་གི་སྲིད་ཇུས་བཟང་པོ་ཡོད་ཚེ། ང་ཚོའི་འཚོ་བ་ཇེ་བཟང་ནས་ཇེ་བཟང་དུ་འགྲོ་བ་ཁོ་ཐག་རེད།”སྡེ་བའི་ཉེ་བའི་ལོ་འདི་འགའི་རིང་གི་འགྱུར་ལྡོག་གླེང་དུས། དཀོན་མཆོག་གི་གདོང་ལ་སྐྱིད་པའི་འཛུམ་གྱིས་ཁེངས་སོང་། “ན་ནིང་། རྫོང་དང་སྡེ་བས་ང་ཚོའི་གླ་གསོ་ཐོན་ལས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱས་པ་དང་། ཚོད་དཔག་བྱས་ན་ད་ལོར་དཔལ་འབྱོར་ཁེ་ཕན་ཐོན་ཐུབ།”དཀོན་མཆོག་གིས་མཚམས་སྦྱོར་བྱས་ནས་བཤད་རྒྱུར། ཞིབ་འཇུག་གང་ལེགས་བྱས་རྗེས། སྡེ་བའི་ཏང་ཀྲི་པུའུ་ཡིས་སྡེ་བ་ཡོངས་ཀྱི་སྣེ་ཁྲིད་དེ་གླ་གསོའི་ཐོན་ལས་ནང་ཞུགས་པར་མ་ཟད། འབྲོག་པ་བཀོད་སྒྲིག་བྱས་ཏེ་གླ་གསོ་སྤེལ་བྱེད་པའི་རྩལ་ནུས་སྦྱོང་དུ་བཅུག“ང་ཚོར་བསླབ་འདོད་དང་སྒྲུབ་འདོད་ཡོད་ན། ཚོང་ལམ་ནི་ཡངས་པོ་ཡོད།”

ཅ་གུ་སྡེ་བས“ཏང་ཀྲི་པུའུ་དང་གསོ་སྤེལ་རྟེན་གཞི།འབྲོག་ཁྱིམ”གྱི་དཔེ་དབྱིབས་སྤྱད་པ་དང་། སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱིས་སྣེ་ཁྲིད་དེ་དོ་དམ་བྱེད་པའི་ནང་དུ་ཞུགས་པ། གསོ་སྤེལ་རྟེན་གཞིས་འཁོར་སྐྱོད་ལས་གཉེར་བྱེད་པར་ཞིབ་ཕྲའི་འགན་འཁུར་ཞིང་། ཅ་གུ་སྡེ་བ་ཁྱད་ལྡན་གྱི་གསོ་སྤེལ་ལམ་བུ་ཞིག་ཏུ་བསྐྱོད་པར་འཆར་གཞི་བཟོས།

“མིག་སྔར་གསོ་སྤེལ་རྟེན་གཞི་ནི་ལས་གཞི་ལག་བསྟར་གྱི་གོ་རིམ་དུ་སླེབས་ཡོད། གླ14གསོས་ཡོད་པ་དང་། ཆ་སྙོམས་ཀྱིས་ལོ་རེར་གསོ་གླ་གཅིག་གིས་གླ་རྩི་ཁེ25ཟགས་ཐོན་བྱེད་ཐུབ། ཁེ་གཅིག་ལ་རིན་གོང་སྒོར700ལྟར་བརྩིས་ན། ཐོན་སྐྱེད་རིན་ཐང་སྒོར17500ལ་སླེབས་ཐུབ། ཅ་གུ་སྡེ་བས་ཐོན་ལས་རིམ་སྤར་བྱས་རྗེས་ཚོད་དཔག་བྱས་ན་ལོ་རེར་ཡོང་སྒོ་སྒོར་མོ་འབུམ་གསུམ་དང་ཁྲི་ལྔ་མངོན་འགྱུར་བྱེད་ཐུབ་པས། ཁེ་ཕན་ཧ་ཅང་ལེགས”ཞེས་དཀོན་མཆོག་དགའ་ལྷང་ལྷང་གིས་བཤད་བྱུང་།

ཅ་གུ་སྡེ་བས་སྣེ་གཅིག་གིས་ཁྱོན་ཡོངས་ཁྲིད་པའི་ཐབས་ཀྱིས་ཏང་ཡོན་དཔེ་སྟོན་ཁྱིམ་ཚང་དང་ཕྱུག་བསྒྱུར་སྣེ་ཁྲིད་མཁན་ལ་སྣེ་ཁྲིད་དེ་འབྲོག་པ་མང་ཚོགས་ཀྱི་ཐོན་སྐྱེད་འཕེལ་རྒྱས་ལ་ཐབས་ལམ་འཚོལ་བ་དང་ཡོང་སྒོ་སྤར་བར་འཆར་གཞི་བཟོས།

ད་ལོར་ལོ50ཡིན་པའི་དབང་འགྲུབ་ནི་གསོ་སྤེལ་ར་བས་གདན་ཞུ་བྱས་པའི་གསོ་སྐྱོང་པ་ཞིག་ཡིན་ཞིང་། གླ་ཕྲུག་གི་ཉིན་རྒྱུན་འཚོ་བར་འགན་འཁུར་ཡོད། ན་ནིང་གི་ཟླ11པར། དབང་འགྲུབ་ཀྱིས་སྡེ་བའི་ནང་དུ་གླ་གསོ་ར་བ་ཞིག་བསྐྲུན་པ་ཐོས་རྗེས། གདན་ཞུ་ལྟར་ལས་རྐང་སྟེང་ཞུགས། ད་ལྟ། གླ་གསོ་རྟེན་གཞིའི་རྩྭ་རྩི་ཤིང་དང་མེ་ཏོག་གསོ་སྐྱོང་བྱེད་པ་ནི་ཁོ་ཆེས་དགའ་བའི་ལས་ཀ་ཞིག་ཏུ་གྱུར་ཡོད།

“སྡེ་བས་ང་རང་ཟླ་བ3རིང་གི་ཆེད་ལས་གསོ་སྤེལ་གསོ་སྦྱོང་ནང་ཞུགས་སུ་བཅུག་པ་དང་། ད་ལྟ་ང་ལ་ཟླ་རེར་གླ་ཕོགས་སྒོར3000ཡོད་ལ། དེའི་ཁར་སྤྱི་ཕན་རང་བཞིན་གྱི་ལས་གནས་ཁ་གསབ་དང་སྐྱེ་ཁམས་ནགས་ཀྱི་ཁ་གསབ། གཞན་ད་དུང་ཆུང་མར་ཡང་ཟླ་རེར་བརྟན་འཇགས་ཀྱི་གླ་ཕོགས་ཡོད་པས། ལོ་གཅིག་གི་ཡོང་སྒོ་བསྡོམས་པས་སྒོར་ཁྲི7ལྷག་ཡོད། ང་རང་ད་ལྟའི་འཚོ་བ་འདིར་ཧ་ཅང་ཡིད་ཚིམ་ཡོད”ཅེས་དབང་འགྲུབ་ཀྱིས་དགའ་སྤྲོའི་ངང་བཤད་བྱུང་།

དབང་འགྲུབ་ཀྱིས་གསར་འགོད་པར་བཤད་རྒྱུར། ཉིན་རེའི་ཕྱི་དྲོར་གླ་བར་གཟན་ཆས་གྲ་སྒྲིག་བྱེད་དགོས་ཏེ། གཟན་ཆས་བཀྲུ་བ་དང་གཙབ་པ། རྒྱ་མར་འཇལ་བ། དེ་མིན་ཁེ་ལྟར་འཚོ་བཅུད་སྡེབ་དགོས། གླ་གསོ་ར་བའི་ནང་དུ་བསྡོམས་པས་ཆེད་ལས་གསོ་སྐྱོང་པ2ཡོད་པ་དང་། མི་རེས་ཆ་སྙོམས་ཀྱིས་གླ7རེར་བདག་སྐྱོང་བྱེད་དགོས།

“གླ་རྩི་ནི་ཡུན་ནན་རྩྭ་སྨན་དང་སྙིང་སྲུང་རིལ་བུ་སོགས་ཀྲུང་སྨན་རྩ་ཆེན་ལ་ངེས་པར་མཁོ་བའི་རྒྱུ་ཆ་ཡིན་ལ། རྒྱལ་ཁབ་ཀྱི་ཀྲུང་སྨན་རྩ་ཆེན་བཅུའི་གྲས་ཀྱང་ཡིན་པས། ‘གསེར་རྙི་མོ’ཞེས་པའི་མཚན་སྙན་ཐོབ་ཡོད།”དཀོན་མཆོག་གིས་བཤད་རྒྱུར།སྨན་རྫས་རྩ་ཆེན་ཡིན་པའི་རིན་ཐང་རྟོགས་ནས། ཁོས་གླ་བ་ནང་འདྲེན་བྱེད་རྒྱུ་ཐག་གཅོད་བྱས་ཤིང་། ཚོད་ལྟ་དང་ཁྱབ་སྤེལ་བྱས། མིག་སྔར། ཁོས་གཞི་ཁྱོན་རྒྱ་སྐྱེད་པར་གྲ་སྒྲིག་བྱས་པ་དང་ཧྲན་ཞི་ནས་གླ་བ100ནང་འདྲེན་བྱས་ཡོད་ཟེར།

དཀོན་མཆོག་གིས་གསར་འགོད་པར་བཤད་རྒྱུར། “སྡེ་བའི་གླ་གསོ་ར་བ་བཙུགས་ཏེ་ཅུང་མ་འགོར་རུང་། ཕྱིར་ཚོང་ལ་སེམས་ཁྲལ་བྱེད་མི་དགོས་པར་མ་ཟད། འཕེལ་རྒྱས་ཀྱི་མདུན་ལྗོངས་ཧ་ཅང་ལེགས།”

ད་ལྟ་ཅ་གུ་སྡེ་བར“དཀའ་ཁག་ཡོད་ཚེ་བྱ་བའི་ཚན་ཆུང་འཚོལ་རོགས”ཞེས་པའི་སྐད་ཆ་དེ་ལྟ་བུ་ཞིག་དར་བཞིན་འདུག

རྨ་ཆེན་རྫོང་གི་སྲིད་འཛིན་སྡེ་བ34ཡང་དེ་འདྲ་རེད། ཉེ་བའི་ལོ་འགའི་རིང་ལ། རྨ་ཆེན་རྫོང་གིས་ཏང་འཛུགས་བྱ་བས་ཞིབ་ཕྲ་ཅན་དང་ལམ་ལུགས་ཅན། ཚད་གཞི་ཅན། ས་ཁོངས་ཅན། ཐོན་སྐྱེད་ཅན། དངོས་འབྲས་ཅན་སོགས“ཅན་བཅུ”མངོན་འགྱུར་འབྱུང་བ་དམིགས་འབེན་དུ་བཟུང་སྟེ། ཏང་གིས་རོང་འབྲོག་ཁུལ་དུ་སྲིད་འཛིན་གཞི་རྩ་རྒྱུན་ཆད་མེད་པར་བརྟན་པོར་བཏང་བ་དང་། མང་ཚོགས་ཀྱང་ཏང་ཡོན་ལས་བྱེད་པ་དང་རྡོག་རྩ་གཅིག་སྒྲིལ་བྱས་ཏེ། ཏང་འཛུགས་སྐྲུན་གྱིས་གྲོང་གསེབ་ཐོན་ལས་དར་སྤེལ་ལ་སྣེ་ཁྲིད་དེ་ཐབས་ལམ་གསར་པར་བསྐྱོད་པ་རེད།

རྨ་ཆེན་རྫོང་གིས་ད་དུང་རིག་རྩལ་རུ་ཁག་དང“རྟ་ཐོག་དྲིལ་སྒྲོག་རུ་ཁག” “དར་དམར་རྒྱང་སྒྲོག་ས་ཚིགས”སོགས་གཞི་རིམ་གྱི་དྲིལ་སྒྲོག་གཡུལ་ས་བཙུགས་ཤིང་། ཏང་གི་སྣ་སོ་སོའི་བྱེད་ཕྱོགས་སྲིད་ཇུས“མང་ཚོགས་ཀྱི་ཁྱིམ་དུ་སྤེལ།”དེ་མིན་དུས་ལྟར་མང་ཚོགས་ཀྱི་ཟས་རིགས་གཡོས་སྦྱོར་དང་རྒྱན་གོས་འཁྲབ་སྟོན། འཚེམ་བཟོ་འགྲན་བསྡུར། འབྲོག་པའི་ལུས་རྩལ་འགྲན་ཚོགས། ཁོར་ཡུག་འཕྲོད་བསྟེན་དཔྱད་བསྡུར་སོགས་རྩེད་མོའི་ཞོར་དུ་སློབ་སྦྱོང་བྱེད་པའི་གཞི་རིམ་གྱི་རིག་རྩལ་བྱ་འགུལ་སྤེལ་ནས། ལས་བྱེད་མང་ཚོགས་ཀྱི་གསོན་ཤུགས་སྐུལ་སྤེལ་དང་མང་ཚོགས་ཀྱི་གོང་བུར་སྒྲིལ་ཤུགས་ཡང་ཇེ་དྲག་ཏུ་བཏང་།

                                                                          རྩོམ་སྒྲིག་པ། གཡང་འབུམ་རྒྱལ།