ཟླ10ཚེས16ཉིན་པར་སྐྲུན་བྱས་པའི་འདོན་ཐེངས20པའི《བདེན་འཚོལ》དུས་དེབ་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྟེ། ཁ་ཡིག་ལ《 མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད་ཏན་ཏིག་གཏོང་དགོས》ཞེས་པ་སྤེལ།
རྩོམ་ཡིག་ནང་ནན་གྱིས་བསྟན་དོན། མཉམ་དུ་ཕྱུག་པོར་འགྱུར་བར་བྱ་རྒྱུ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་དང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ཁྱད་ཆོས་གལ་ཆེན་ཞིག་རེད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། ཏང་ཀྲུང་དབྱང་གིས་འཕེལ་རྒྱས་དུས་རིམ་གྱི་འགྱུར་ལྡོག་གསར་པ་ཁོང་དུ་ཆུད་པར་བྱས་ཏེ། མི་དམངས་ཡོངས་མཉམ་དུ་ཕྱུག་པོར་འགྱུར་བ་རིམ་བཞིན་མངོན་འགྱུར་བྱ་རྒྱུ་གོ་གནས་སྔར་ལས་གལ་ཆེན་དུ་བཞག་ནས་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། བྱེད་ཐབས་ནུས་ལྡན་སྤྱད་དེ་དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱེད་པ། དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པ་བཅས་བྱས་ཏེ། མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད་གཏོང་བར་ཆ་རྐྱེན་བཟང་པོ་བསྐྲུན་པ་རེད། ད་ལྟ་མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད་ཏན་ཏིག་གཏོང་བའི་ལོ་རྒྱུས་ཀྱི་དུས་རིམ་དུ་སླེབས་ཡོད། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོའི་འགྱུར་ལྡོག་དང་འཚམ་པ་དང་། ཉིན་བཞིན་འཕེལ་རྒྱས་འགྲོ་བའི་མི་དམངས་ཀྱི་མཛེས་སྡུག་འཚོ་བའི་དགོས་མཁོ་སྔར་ལས་ལེགས་པར་སྐོང་བ་དང་། ངེས་པར་དུ་མི་དམངས་ཡོངས་མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད་གཏོང་རྒྱུ་དེ་མི་དམངས་ལ་བདེ་སྐྱིད་སྐྲུན་པའི་ཤུགས་འདོན་སར་བརྩིས་ནས་ཏང་གི་ཡུན་རིང་སྲིད་སྐྱོང་གི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་དགོས།
རྩོམ་ཡིག་ནང་བསྟན་དོན། མཉམ་དུ་ཕྱུག་པོར་འགྱུར་བ་ནི་མི་དམངས་ཡོངས་མཉམ་དུ་ཕྱུག་པོར་འགྱུར་བ་བྱ་རྒྱུ་དེ་ཡིན་པ་དང་། མི་དམངས་མང་ཚོགས་ཀྱི་དངོས་པོའི་འཚོ་བ་དང་བསམ་པའི་འཚོ་བ་གཉིས་ཕྱུག་པོར་འགྱུར་བ་ཞིག་ཡིན་པ་ལས་མི་ཉུང་ཤས་ཤིག་ཕྱུག་པོར་འགྱུར་བ་ཞིག་མིན་ལ། གྲལ་འགྲིག་གཅིག་གྱུར་གྱི་ཆ་སྙོམས་རིང་ལུགས་ཤིག་ཀྱང་མིན་པས་དུས་རིམ་མི་འདྲ་བའི་དམིགས་འབེན་ལ་ཞིབ་འཇུག་གཏིང་ཟབ་བྱས་ཏེ། དུས་རིམ་བགོས་ནས་མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད་གཏོང་དགོས། མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད་གཏོང་བར་གཤམ་གྱི་རྩ་དོན་འགའ་ཁོང་དུ་ཆུད་པར་བྱ་དགོས་སྟེ། ལས་བརྩོན་གསར་གཏོད་ལ་བརྟེན་ནས་ཕྱུག་པོར་འགྱུར་བར་སྐུལ་མ་བྱེད་པ་དང་། གཞི་རྩའི་དཔལ་འབྱོར་ལམ་ལུགས་རྒྱུན་འཁྱོངས་བྱེད་པ། ནུས་ཤུགས་གང་ཡོད་འདོན་པ། རིམ་བགྲོད་གོང་འཕེལ་ཡོང་བ་བཅས་རྒྱུན་འཁྱོངས་བྱ་དགོས།
རྩོམ་ཡིག་ནང་བསྟན་དོན། མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད་གཏོང་བའི་སྤྱིའི་བསམ་ཕྱོགས་ནི་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད་གཏོང་བ། ལས་ཆོད་དང་དྲང་གཞག་བར་གྱི་འབྲེལ་བ་ཐག་གཅོད་ལེགས་པོ་བྱས་ཏེ། ཐོག་མའི་བགོ་འགྲེམས་དང་། བསྐྱར་དུ་བགོ་འགྲེམས། མཐའ་མའི་བགོ་འགྲེམས་བཅས་ཀྱི་མཐུན་སྦྱོར་ཆ་ཚང་གི་རྨང་གཞིའི་རང་བཞིན་གྱི་ལམ་ལུགས་བཀོད་སྒྲིག་བྱེད་པ་དང་། ཁྲལ་བསྡུ་དང་། སྤྱི་ཚོགས་ཉེན་ཚབ། སྤོ་སྒྱུར་གཏོང་སྤྲོད་སོགས་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཆབས་ཅིག གནད་སྨིན་རང་བཞིན་ཆེ་རུ་གཏོང་བ་དང་། ཡོང་འབབ་འབྲིང་གྲས་མི་ཚོགས་ཀྱི་བསྡུར་ཚད་ཇེ་ཆེར་གཏོང་བ། ཡོང་འབབ་དམའ་བའི་མི་ཚོགས་ཀྱི་ཡོང་འབབ་ཇེ་མང་དུ་གཏོང་བ། ཡོང་འབབ་མཐོ་གྲས་ལུགས་མཐུན་སྒོས་སྙོམས་སྒྲིག་བྱེད་པ། ཁྲིམས་འགལ་གྱི་ཡོང་འབབ་མེད་པར་བཟོ་བ་བཅས་བྱས་ཏེ། ཡོང་འབབ་འབྲིང་གྲས་མང་བ་དང་ཡོང་འབབ་ཉུང་བ་དང་མང་བའི་གྲས་ཉུང་བའི་བགོ་འགྲེམས་རྣམ་པ་ཆགས་པར་བྱས་ནས། སྤྱི་ཚོགས་དྲང་སྙོམས་དྲང་བདེན་ཡོང་བར་སྐུལ་འདེད་དང་མི་ཕྱོགས་ཡོངས་ནས་ཡར་རྒྱས་ཡོང་བར་སྐུལ་འདེད་བཏང་སྟེ། མི་དམངས་ཡོངས་མཉམ་དུ་ཕྱུག་པོར་འགྱུར་བའི་དམིགས་འབེན་ཕྱོགས་སུ་ཏན་ཏིག་ངང་སྐྱོད་ཐུབ་པ་བྱེད་དགོས། གཅིག་ནི་འཕེལ་རྒྱས་ཀྱི་དོ་སྙོམས་རང་བཞིན་དང་མཐུན་སྦྱོར་རང་བཞིན། ཁོང་ཡངས་རང་བཞིན་བཅས་ཇེ་མཐོར་གཏོང་དགོས། གཉིས་ནི་ཡོང་འབབ་འབྲིང་གྲས་མི་ཚོགས་ཀྱི་གཞི་ཁྱོན་ཤུགས་ཆེན་པོས་རྒྱ་བསྐྱེད་དགོས། གསུམ་ནི་གཞི་རྩའི་སྤྱི་པའི་ཞབས་ཞུ་སྙོམས་མཚུངས་ཅན་དུ་སྐུལ་འདེད་གཏོང་དགོས། བཞི་ནི་ཡོང་འབབ་མཐོ་གྲས་ཚད་ལྡན་དུ་གཏོང་བ་དང་སྙོམས་སྒྲིག་བྱེད་པར་ཤུགས་སྣོན་བྱེད་དགོས། ལྔ་ནི་མི་དམངས་ཀྱི་བསམ་པའི་འཚོ་བ་མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད་གཏོང་དགོས། དྲུག་ནི་ཞིང་བ་དང་ཞིང་སྡེ་མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད་གཏོང་དགོས།
རྩོམ་ཡིག་ནང་བསྟན་དོན། མི་དམངས་ཡོངས་མཉམ་དུ་ཕྱུག་པོར་འགྱུར་བ་ནི་སྤྱིའི་ཐ་སྙད་ཅིག་ཡིན་པ་དང་སྤྱི་ཚོགས་ཡོངས་ལ་མཚོན་ན་སྤྱི་ཡོངས་ནས་བལྟ་དགོས་པ་ཞིག་རེད། ང་ཚོས་མི་གྲངས་དུང་ཕྱུར14མཉམ་དུ་ཕྱུག་པོར་འགྱུར་བ་མངོན་འགྱུར་བྱེད་པར་ངེས་པར་དུ་ཏན་ཏན་ཏིག་ཏིག་དང་སྙིང་རུས་གཏན་འཁྱོངས་བྱེད་དགོས། དེ་ནི་མི་ཚང་མ་དུས་གཅིག་ཏུ་ཕྱུག་པོར་འགྱུར་བ་ཞིག་མིན་ལ། ས་ཁུལ་ཡོད་ཚད་དུས་གཅིག་ཏུ་ཕྱུག་པོར་འགྱུར་བ་བྱ་རྒྱུ་དེའང་མིན། མི་ཚོགས་མི་འདྲ་བ་ཕྱུག་པོར་འགྱུར་བའི་ཚད་གཞིར་མཐོ་དམན་ཡོད་ལ། དུས་ཡུན་ཐད་ལའང་སྔ་ཕྱི་ཡོད་པ་དང་། ས་ཁུལ་མི་འདྲ་བའི་བར་ཕྱུག་པོར་འགྱུར་ཚད་ཐད་ད་དུང་ཁྱད་པར་ངེས་ཅན་ཡོད་པས། མཉམ་གཅིག་ཏུ་ཕྱུག་པོར་འགྱུར་བ་ཡོང་མི་སྲིད། དེ་ནི་བབ་བསྟུན་ཁྲོད་མདུན་ཕྱོགས་སུ་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ཞིག་ཡིན་པས་རྒྱུན་མཐུད་ངང་སྐུལ་འདེད་བཏང་ནས་རྒྱུན་ཆད་མེད་པར་གྲུབ་འབྲས་ཐོབ་པར་བྱེད་དགོས།
ཡིག་སྒྱུར་བ། སྒྲོལ་མ་སྐྱིད།