གཟན་རྩྭ་བཏབ་པར་བརྟེན་ནས་ཕྱུགས་ལས་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྣན་པ།
2021.10.27 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 37

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་གི་ནུབ་རྒྱུད་དུ་ས་མུའུ་ལྔ་བརྒྱ་ལྷག་ཡོད་པའི་གཟན་རྩྭའི་རྟེན་གཞི་ཞིག་ཡོད་ཅིང་།  དེ་ནི་ཧི་ནན་སོག་རིགས་རང་སྐྱོང་རྫོང་གི་གཟན་རྩྭའི་རྟེན་གཞི་ཡིན་པ་དང་།  རྟེན་གཞི་དེ་ལས་ཐོན་སྐྱེད་བྱས་པའི་སྐྱེ་ལྡན་ཡུག་རྩྭ་དེས་ཧི་ནན་རྫོང་གི་ཕྱུགས་རིགས་སྣ་ཚོགས་ཀྱི་དགུན་ཆས་འགན་སྲུང་བྱེད་ཐུབ་ཀྱི་ཡོད་པས་ཡུལ་དེའི་མི་རྣམས་ཀྱི་སེམས་པའང་ཅུང་བདེ་ལ་བབས་ནས་བསྡད་འདུག

ཧི་ནན་རྫོང་གི་གཟན་རྩྭ་དེ་ཉེ་འགྲམ་གྱི་རྩེ་ཁོག་རྫོང་དུ་འདེབས་དོན་ཅི་ཡིན་པའི་སྐོར་འདྲི་དུས། ཧི་ནན་རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་བདེ་མཆོག་གིས་གསར་འགོད་པར་བཤད་རྒྱུར།ཧི་ནན་རྫོང་གིས་གཟན་རྩྭའི་རྟེན་གཞི་དེ་ཕྱི་ན་ཡོད་པའི་རྒྱུ་མཚན་ནི།   ཧི་ནན་རྫོང་ནི་མཚོ་སྔོན་ལྷོ་རྒྱུད་ཀྱི་འབྲོག་ཁུལ་དུ་ཡོད་ཅིང་ལོ་རེར་བཞིན་རང་བྱུང་གནོད་འཚེ་མང་བ་དང་།   གཟན་རྩྭའི་ས་བོན་སོགས་ནང་འདྲེན་བྱེད་པའི་ལམ་ཐག་རིང་བར་མ་ཟད་མ་རྩ་མཐོ་ལ་འཕྲོ་བརླག་གཏོང་ཚབས་ཆེ་ལ་གནོད་འགོག་གནོད་སེལ་གྱི་གཟན་རྩྭ་གསོག་འཇོག་བྱ་བར་དཀའ་ཚེགས་ཆེ་བ་བཅས་ཀྱིས་གཟན་རྩྭའི་མ་རྩ་ཇེ་དམའ་རུ་གཏོང་ཆེད།  ང་ཚོས་འདུ་ཤེས་རྙིང་པ་བསྒྱུར་ནས་བསམ་ཕྱོགས་གསར་པའི་བློ་སྒོ་ཕྱེས་ཏེ།ཕྱི་ནས་གཟན་རྩྭ་འདེབས་པའི་བྱེད་སྟངས་ལ་བརྟེན་ནས་གཟན་རྩྭར་ཁ་གསབ་བྱས་པས་ཧི་ནན་རྫོང་དུ་གཟན་རྩྭའི་རྟེན་གཞི་མེད་པའི་སྟོང་ཆ་ཡོངས་སུ་བསྐངས་པ་དང་།  རྩྭ་ཐང་གི་སྐྱེ་ཁམས་དོ་མཉམ་ཡོང་བར་སྲུང་སྐྱོབ་ནུས་ལྡན་བྱས་པར་མ་ཟད་རྩྭ་ཕྱུགས་དོ་མཉམ་ཐད་ལའང་ནུས་པ་ཆེན་པོ་ཐོན་ཡོད། དེ་ལ་གསར་སྐྲུན་རང་བཞིན་ལྡན་པར་མ་ཟད་ཧི་ནན་རྫོང་གི་དེང་རབས་སྐྱེ་ལྡན་ཕྱུགས་ལས་ལ་མཆོང་སྐྱོད་གསར་པ་བྱུང་བའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཀྱང་ཡིན་ཟེར།  དེས་ས་གནས་གཉིས་ཀྱི་སྐྱེ་ཁམས་དང་དཔལ་འབྱོར་ཐད་ཕན་ཚུན་རོགས་འདེགས་ཀྱི་ནུས་པ་ཐོན་པར་མ་ཟད།  གཟན་རྩྭ་རྟེན་གཞི་དེའི་ལས་གཞིའི་ནང་ཞུགས་ཡོད་པའི་ཧི་ནན་རྫོང་གི་གདོད་མའི་སྐྱེ་ལྡན་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་མ་རྐང་འཇོག་མཁན་རྣམས་ལ་མཚོན་ནའང་དེའི་མདུན་ལྗོངས་མཐོང་ཡོད་པ་ལས་གཞན་དེའི་ཁྲོད་དུ་ཁེ་ཕན་ཡང་རེག་ཐུབ་ཀྱི་ཡོད།

2019ལོའི་ལོ་མཇུག་ཏུ་བཙུགས་པའི་གདོད་མའི་ཕྱུགས་ལས་སྐྱེ་ཁམས་སྐྱེ་ལྡན་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་ནི་སྐྱེ་ལྡན་གཟན་རྩྭ་འདེབས་འཛུགས་དང་གཟན་རྩྭ་ལས་སྣོན་བྱེད་པ།འཛད་སྤྱོད་སོགས་གཞི་གཅིག་ཅན་གྱི་ཕྱོགས་བསྡུས་རང་བཞིན་གྱི་འབྲོག་པའི་ཆེད་ལས་མཉམ་ལས་ཁང་ཞིག་རེད། མཉམ་ལས་ཁང་གིས་ཧི་ནན་རྫོང་ན་གཞོན་ལས་གཏོད་མཉམ་འབྲེལ་ལྷན་ཚོགས་རྨང་གཞིར་བྱས་ཏེ་རང་མོས་ངང་མ་རྐང་ནང་ཞུགས་པའི་རྣམ་པའི་ཐོག་ནས་མཐུན་ཚོགས་ཀྱི་ཚོགས་མི115ཡི་ཁྲོད་ནས་མ་རྐང་འཇོག་མཁན50གཏན་འཁེལ་བྱས་རྗེས་མ་དངུལ་སྒོར་མོ་ས་ཡ་གསུམ་དང་འབུམ་ལྔ་གྲབས་གསོག་བྱས་ནས་ལས་གཉེར་བྱས་པ་རེད།

དབུལ་ཐར་མཁྲེགས་གཏོར་གྱི་གཟི་བརྗིད་ཁྱིམ་ཚང་བསོད་ནམས་རྡོ་རྗེ་ཡིས་ཧི་ནན་རྫོང་ཐོག་ཏུ་ཇ་ཁང་ཞིག་གཉེར་བཞིན་ཡོད་ཅིང་།  2020ལོའི་ཟླ10བར་གདོད་མའི་ཕྱུགས་ལས་སྐྱེ་ཁམས་སྐྱེ་ལྡན་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་མ་རྐང་ནང་ཞུགས་ནས་མ་རྐང་འཇོག་མཁན་གྱི་གྲས་སུ་གྱུར། གསར་འགོད་པ་ཁོ་དང་འཕྲད་སྐབས། ཏག་ཏག་མཉམ་ལས་ཁང་དེའི་མ་རྐང་འཇོག་མཁན་རྣམས་ཀྱི་ཚོགས་འདུ་གྲོལ་མ་ཐག་ཡིན་པ་དང་། ཁོའི་གདོང་ལ་དགའ་བའི་འཛུམ་ཞིག་ལངས་ནས་བཤད་རྒྱུར། ད་སོ་མར་གྲོལ་བའི་ཚོགས་འདུའི་སྟེང་མཉམ་ལས་ཁང་གི་ལས་འཛིན་མགོ་གཙོས་ཐོག་མར་ང་ཚོར་གྲོང་གསེབ་དར་སྤེལ་སྐོར་གྱི་སྲིད་ཇུས་ཤེས་བྱ་ཉུང་ཙམ་བཤད་རྗེས།  མཉམ་ལས་ཁང་གི་ད་ལོའི་ལོ་མཇུག་གི་ཡོང་སྒོ་སྐོར་རྩིས་ཤིག་བརྒྱབ་པར། ད་ལོའི་ལོ་མཇུག་ཏུ་སྒོར་མོ་ས་ཡ་གཅིག་གི་ཡོང་སྒོ་བགོ་བཤའ་རྒྱག་རྒྱུ་ཡོད་པ་དང་། མ་རྐང་བཞག་ཡོད་པའི་ང་རང་ལ་མཚོན་ནའང་སྒོར་མོ་ཁྲི་གཉིས་ལྷག་གི་ཡོང་སྒོ་ཡོད་པས་ང་རང་སེམས་པ་ཧ་ཅང་དགའ། དེ་མིན་ད་ལོ་ངའི་ཇ་ཁང་གི་ཡོང་སྒོ་ཡང་བཟང་བས་ལུག་བརྒྱ་ལྷག་ཉོས་ཡོད་པས་རྗེས་ཕྱོགས་ཀྱི་འཚོ་བ་བདེ་སྐྱིད་ལྡན་པར་ཡིད་ཆེས་ཡོད་ཟེར།

ད་ལོར་ཧི་ནན་རྫོང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་བྱ་བ་གཏིང་ཟབ་ཏུ་སྤེལ་བར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ནས། “ངས་མང་ཚོགས་ལ་དོན་དངོས་སྒྲུབ་པའི”ལག་ལེན་བྱ་འགུལ་ཤུགས་ཆེན་པོས་སྤེལ་བ་དང་།  མཉམ་ལས་ཁང་ལ་ཐབས་ཤེས་འདོན་པ་དང་བྱེད་ཐབས་དངོས་འདོན་པ། ཁྱོན་ཡོངས་ནས་གྲོང་གསེབ་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བ།  ཕྱུགས་ལས་ས་ཁུལ་གྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་བཅས་བྱས་ཏེ། གཟན་རྩྭ་འདེབས་པའི་བྱེད་ཐབས་ལ་བརྟེན་ནས་འཕེལ་རྒྱས་ཀྱི་ཁྲོད་དུ་སྐྱེ་ཁམས་ལ་སྲུང་སྐྱོབ་བྱས་པར་མ་ཟད། ས་ཁོངས་ཀྱི་ལེགས་ཆ་གསབ་རེས་བྱས་པས་སྲིད་གཞུང་དང་མཉམ་ལས་ཁང་། འབྲོག་ཁྱིམ་སོགས་ཐུན་མོང་མཉམ་རྒྱལ་མངོན་འགྱུར་བྱུང་།

མཉམ་ལས་ཁང་དེའི་ལས་འཛིན་མགོ་གཙོའམ། ཁུལ་ཡོངས་ཀྱི་རོང་འབྲོག་ཁུལ་གྱི་ན་གཞོན་ཕྱུག་སྒྱུར་སྣེ་ཁྲིད་པ་དཀོན་མཆོག་ཚེ་བརྟན་གྱིས་གསར་འགོད་པར་བཤད་རྒྱུར། ཧི་ནན་རྫོང་གིས་གཟན་རྩྭ་བཏབ་པ་ནས་བཟུང་ལོ་རེ་བཞིན་ལོ་ལེགས་བྱུང་། ང་ཚོས་རྒྱུ་སྤུས་བཟང་བའི་ཡུག་རྩྭའི་ས་བོན་ནང་འདྲེན་བྱས་ནས་བཏབ་པར་མ་ཟད། ཕན་འབྲས་མཐོ་བའི་གསོ་སྤེལ་གྱི་ལག་རྩལ་ཡང་བཀོལ་སྤྱོད་བྱས་པར་བརྟེན་ད་ལོར་ཡུག་རྩྭའི་སྐྱེ་འཕེལ་ཧ་ཅང་བཟང་བས་ཕྱུགས་ཟོག་གི་དགུན་ཆས་ལ་སེམས་ཁུར་བྱེད་མི་དགོས་ཟེར། 

དཀོན་མཆོག་ཚེ་བརྟན་གྱིས་བཤད་རྒྱུར། ད་ལོར་ཡུག་རྩྭ་འབྲེག་སྡུད་བྱེད་པའི་སྐབས་སུ་སྔ་རྗེས་སུ་ཡུག་རྩྭ་ཉོ་སྒྲུབ་བྱེད་པའི་མངགས་ཐོ་མང་པོ་འབྱོར་ཞིང་། འབྲོག་པ་སྐོར་ཞིག་ཐད་ཀར་དུ་གཟན་རྩའི་རྟེན་གཞིར་ཡོང་ནས་གུང་ཆིན་སུམ་བརྒྱ་སོ་གསུམ་ལྷག་གི་ཡུག་རྩྭ་ཉོས་པ་དང་།  དེ་མིན་རྫོང་སྲིད་གཞུང་གི་ཉོ་སྒྲུབ་མངགས་ཐོ་ཕུད་པའི་ཡུག་རྩྭ་ལྷག་མ་རྣམས་ང་ཚོས་ལས་སྣོན་ཞིབ་ཚགས་བྱས་ཏེ་སྐྱེ་ལྡན་གཟན་རྩྭའི་རིལ་བུ་བཟོས་པས་དེར་འཕྲོ་བརླགས་ཉུང་ལ་ཉར་ཚགས་ཀྱི་དུས་ཚོད་རིང་བ་དང་། འཚོ་བཅུད་ཀྱང་དོ་མཉམ་ཡིན་པར་མ་ཟད་ཕྱིར་ཚོང་གི་རིན་གོང་ཡང་མཐོ་བས་དཔལ་འབྱོར་ཕན་འབྲས་ཀྱང་ཤིན་ཏུ་ལེགས་ཟེར།

སྲིད་གཞུང་ནས་མཉམ་ལས་ཁང་གི་བར་དང་དེ་ནས་མ་རྐང་འཇོག་མཁན་གྱི་བར། སྐྱེ་ཁམས་ཕན་འབྲས་ནས་དཔལ་འབྱོར་ཕན་འབྲས་དང་སྤྱི་ཚོགས་ཕན་འབྲས་བར། གལ་སྲིད་ཧི་ནན་རྫོང་དེ་དེང་རབས་ཅན་གྱི་སྐྱེ་ལྡན་འབྲོག་ལས་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་ཡོད་ཅེས་བརྗོད་ཚེ། གཟན་རྩྭ་འདེབས་པའི་བྱེད་སྟངས་དེ་ནི་སྐྱེ་ཁམས་ཕན་འབྲས་མངོན་འགྱུར་དང་དཔལ་འབྱོར་གྱི་ཁེ་ཕན་ཆེས་ལེགས་ཤོས་དེ་ཡིན་ཞེས་བཤད་ཆོག

                                                                         ཡིག་སྒྱུར་བ། གཡང་འབུམ་རྒྱལ།