དམངས་དམག་གིས་གྲོང་ཁྱེར་འདིར་དྲོད་སྐྱིད་སྦྱིན།
2021.11.09 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 52

ནམ་གུང་ལ་སླེབས་པ་དང་ནམ་ཟླ་སྔར་ལས་འཁྱག

ཟླ10པའི་ཚེས28ཉིན་གྱི་དགོང་མོའི་ཆུ་ཚོད་ཉེར་གསུམ་སྟེང་།ཞིན་ཧེ་ལམ་དོན་གཅོད་ཁང་གི་མཛོད་ཁང་ནང་གློག་སྒྲོན་སྔར་བཞིན་གསལ་ལེར་གནས་ཡོད་པ་དང་། ཟི་ལིང་གི་འཕྲལ་སྒྲུབ་བརྒྱ་ཤོག་གཉིས་པའི་དམངས་དམག་ལྔ་ཡིས་འགོག་སྲུང་གྱོན་ཆས་གོན་ནས་སྔར་བཞིན་དངོས་ཟོག་རྩིས་བཤེར་བྱེད་བཞིན་ཡོད།  ཁོ་ཚོས་མཛུབ་སྟོན་པ་ཝང་ཁའེ་པོ་ཡི་སྣེ་ཁྲིད་འོག བསྟུད་མར་ཆུ་ཚོད་ཉི་ཤུ་ལྷག་ལ་བྱ་བ་བསྒྲུབས་ཤིང་། རིམས་འགོག་དངོས་རྫས་ཀྱི་མཛོད་ཁང་ལས་པ་དང་དངོས་ཟོག་རྩིས་ལེན། རླངས་འཁོར་ལས་དངོས་པོ་ལེན་པ། མང་ཚོགས་ལ་སྟེར་བ་བཅས་ཀྱི་བྱ་བ་བསྒྲུབས།

རེས་སྐོར་གསར་པའི་རིམས་ནད་བྱུང་པ་ནས་བཟུང་། ཝང་ཁའེ་པའོ་ཡིས་ཐོག་མའི་དུས་ཚོད་ནང་དམངས་དམག་འཕྲལ་སྒྲུབ་རུ་ཁག་རྩ་འཛུགས་བྱས་ཏེ། དཀའ་ཁག་དང་ཉེན་ཁ་ཆེ་ལ། དཔའ་ངར་ཆེན་པོས་ལས་འགན་ལྕི་མོ་ཕྲག་ཏུ་བླངས་ནས། ཟི་ལིང་གྲོང་ཁྱེར་རིམས་འགོག་བཀོད་འདོམས་པུའུ་ལ་གཞོགས་འདེགས་བྱས་ཏེ་བྱ་བ་སྒྲུབ། ཁོ་ཚོས་བསྟུད་མར་དམག་འཐབ་བྱེད་པའི་སྙིང་སྟོབས་འདོན་སྤེལ་བྱས་པ་དང་། ལྟོགས་ན་སྟབས་ཐུག་ཁམ་འགའ་འཐུང་ཞིང་། ཐང་ཆད་ན་སར་བསྡད་ནས་ངལ་གསོ་ཅུང་ཙམ་བྱས་ཏེ། བློ་སྤོབས་ཞིག་ལ་བརྟེན་ནས་གྲོང་ཁྱེར་འདིར་དྲོད་འཁོལ་སྦྱིན་པའི་འགན་འཁྲི་བརྟན་སྲུང་བྱས་ཡོད།

“དམངས་དམག་བརྒྱ་ཤོག་གི་མཛུབ་སྟོན་པ་ཞིག་ཡིན་པའི་ཆ་ནས། མཚོ་སྔོན་ལན་ཐེན་རོགས་སྐྱོབ་རུ་ཁག་གི་རུ་དཔོན། ཟི་ལིང་གྲོང་ཁྱེར་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མི་བཅས་ལྡོག་བསྐྱོད་བྱས་ཏེ་ནད་ཡམས་ཀྱི་ལས་ཡུལ་དང་པོ་རུ་གདོང་ལེན་པ་བྱེད་ཀྱིན་ཡོད།” རས་གུར་ཕུབ་པ་དང་དངོས་ཟོག་ཡར་རྩིག་མར་འབོགས་བྱེད་པ། དུག་སེལ་རིམས་འགོག་བྱེད་པ་བཅས་གང་དུ་ཉེན་ཁ་ཡོད་ན་དེ་རུ་ཁོ་ཚོའི་གཟུགས་བརྙན་མཐོང་ཐུབ། ཝང་ཁའེ་པོ་ཡི་ཆུང་མས་ཉིང་པོའོ་གྲོང་ཁྱེར་དུ་བྱ་བ་སྒྲུབ་བཞིན་ཡོད་པ་དང་། བྱིས་པ་གཉིས་ལ་ཕ་མས་ལྟ་རྟོག་བྱེད་པའི་དངོས་ཡོད་དཀའ་ངལ་ཁྱད་དུ་བསད་ཅིང་། ཞིན་ཧེ་ལམ་སྡེ་ཁུལ་གྱི་རིམས་འགོག་གཙོ་གནད་ས་ཁོངས་སུ་ཆུ་ཚོད་ལྔ་དྲུག་ཙམ་ལ་བྱ་བ་སྒྲུབ་བཞིན་ཡོད་པས། ངལ་གསོ་བྱེད་ཁོམ་མེད་པར་སླར་ཡང་ལོགས་བཀར་ས་ཁུལ་གྱི་སྡོད་དམངས་ལ་དངོས་ཟོག་སྐྱེལ་རྒྱུའི་ལས་འགན་འབྱོར། ཁོས་རྒྱ་མ་བཅུ་ཕྲག་ཁ་ཤས་ཀྱི་དངོས་པོ་འཁྱེར་ནས་ཐོག་སོ་དང་པོ་དང་གཉིས་པ། གསུམ་པ་བཅས་ལ་ཐེངས་གཅིག་གཉིས་རེ་གསུམ་རེ་བྱས་ཏེ་འཁྱེར་དགོས་པས། འགོག་སྲུང་གྱོན་ཆས་འོག་གི་ལྭ་བ་སྔ་མོ་ནས་རྔུལ་ཆུ་ཡོངས་སུ་སིམ་ཡོད།

ལི་ཧོས་ནི་གཞུང་ཁོངས་ཁེ་ལས་ཀྱི་ལས་མི་དཀྱུས་མ་ཞིག་ཡིན་ལ། དམའ་གསུམ་སློབ་མ་ཞིག་གི་་ཨ་མ་ཞིག་ཀྱང་ཡིན། “ཨ་མ་ལགས། ཐུགས་བློ་བདེ་པོ་གནོང་དང་། ཁྱེད་ཀྱི་ལྟ་སྐུལ་མེད་ན་ཡང་ངས་སློབ་སྦྱོང་ཡག་པོ་བྱེད་ངེས་ཡིན།”ཁྱིམ་མི་ཚོའི་རྒྱབ་སྐྱོར་འོག ལི་ཧོས་ཡིས་རང་འགུལ་སྒོས་རིམས་ནད་འགོག་བཅོས་བྱ་སྤྱོད་ཁྲོད་ཞུགས་རྒྱུའི་རེ་ཞུ་བྱས། ཁོ་མོས་ཉིན་རེར་ལྗིད་ཚད་སྤྱི་རྒྱ་བཅོ་ལྔ་ཡོད་པའི་དུག་སེལ་སྒྲིག་ཆས་འཁུར་དགོས་ལ། དུག་སེལ་གཤེར་གཟུགས་ཀྱི་དྲི་མར་སྣུམ་ཞོར་འཕྲུལ་འཁོར་འཁོར་སྐྱོད་ཀྱི་ལྡིར་སྒྲ་དང་བསྟུན་ནས། ནན་ལེང་ཧུའུ་ཐའེ་གནའ་ཤུལ་སྤྱི་གླིང་གི་ཉིང་སྐྱུར་ལྟ་ཞིབ་ཚད་ལེན་འཚོལ་བསྡུ་བྱ་ཡུལ་དུ་དུག་སེལ་གྱི་བྱ་བ་སྒྲུབ་བཞིན་ཡོད་པ་དང་། སྡེ་ཁུལ་དང་སློབ་གྲྭ། ཚོང་ཁང་སོགས་ས་ཁོངས་མང་པོ་ཞིག་ཏུ་ཁོ་མོ་དུག་སེལ་སྒམ་འཁུར་ནས་དུག་སེལ་བྱེད་པའི་གཟུགས་བརྙན་མཐོང་ཐུབ།

“ཝུའུ་ཧན་དུ་རིམས་ནད་འགོག་བཅོས་ལ་ཞུགས་པའི་ཉམས་མྱོང་ཡོད་པས། ང་ཚོར་སྔ་ཙམ་ནད་ཡམས་ལས་རྣམ་པར་རྒྱལ་ཐུབ་པའི་ཉམས་མྱོང་དང་ནུས་པ་བཅས་ལྡན་པར་ཡིད་ཆེས་ཡོད།” ཀྲོང་ལུའུ་ཧྲན་ཟླ10པའི་ཚེས28ཉིན་བཀག་སྡོམ་ས་ཁུལ་དུ་སླེབས་ནས་ལས་ཕྱོད་ཆེ་བའི་བྱ་བ་སྒྲུབ་མགོ་བརྩམས། འགོག་སྲུང་གྱོན་ཆས་ལ་གྲོན་ཆུང་དང་གསང་སྤྱོད་ཁང་དུ་འགྲོ་བའི་གྲངས་ཀ་ཇེ་ཉུང་དུ་གཏོང་ཆེད། ལས་ཚོགས་མ་བྱས་གོང་གི་ཆུ་ཚོད་གསུམ་ནང་ཟ་མ་དང་ཆུ་འཐུང་ཐུབ་ཀྱིན་མེད་ལ། ངོ་གདོང་དུ་ཁ་ཐུམ་བརྒྱབ་པའི་རྗེས་ཤུལ་ཟབ་མོ་ཐོན་ཡོད། ལག་པ་གཉིས་འགྱིག་ཤུབ་ཀྱི་ལག་ཤུབ་གོན་ནས་མདོག་དཀར་པོ་གྱུར་ཡོད།

མ་ཞིན་ཅོན་ནི་ཡུལ་སྐོར་ཁེ་ལས་གཉིས་ཀྱི་ཁྲིམས་མི་དང་སྤྱི་གཉེར་བ་ཡིན་ལ། དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི་ཞིག་ཡིན་པ་མ་ཟད་ཀྲུང་གུང་ཏང་ཡོན་ཡང་རེད། ཁོས་དེ་སྔོན་ལག་ཏུ་ལྕགས་མདའ་བཟུང་ནས་རྒྱལ་སྲུང་ཆེད་རང་སྲོག་འབེན་ལ་བཞག་མྱོང་བ་དང་། ད་ལྟ་དམག་ཆས་ཕུད་ནས་ཕ་ཡུལ་སྲུང་སྐྱོབ་བྱེད་ཀྱིན་ཡོད། “རྒྱལ་ཁབ་དང་མི་དམངས་ལ་དགོས་མཁོ་ཡོད་ཚེ་ང་ནམ་ཡང་ཡོད་སྲིད།” ཉིན་རེའི་ཞོགས་པའི་ཆུ་ཚོད་བདུན་དང་ཕྱེད་ཀ་ནས་དགོང་མོའི་ཆུ་ཚོད་བཅུ་གཅིག་བར་ཁོས་དམངས་དམག་གི་སྣེ་ཁྲིད་དེ་མེ་འཁོར་འབབ་ཚིགས་སུ་ཡུལ་སྐོར་བར་ཞིབ་བཤེར་བྱེད་པའི་བྱ་བ་སྒྲུབ་པ་དང་། མི་ཚོགས་ཀྱི་འདུ་འཛི་ཆེ་བའི་སྔོན་འགོག་ཚོད་འཛིན་ས་ཚིགས་དེར“སྒོ་སྲུང་བ”བྱས་ནས་ཉིན་མཚན་མེད་པར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལམ་ཐིག་སྲུང་བཞིན་ཡོད་པ་དང་། བྱ་སྤྱོད་ངོ་མའི་ཐོག་ནས“དམག་མི་དམག་ཁོངས་ལས་བུད་ཀྱང་ཁོ་ཚོའི་དམ་བཅའ”དུས་ནམ་ཡང་ལག་བསྟར་བྱེད་བཞིན་མཆིས།

“ཁོ་མོ་ནི་རོགས་སྐྱོབ་བྱ་སྤྱོད་སྣ་ཚོགས་ནང་ཞུགས་རྒྱུར་ཧུར་བརྩོན་ཆེ་བའི་མི་ཞིག་རེད།” ཝང་ཁེ་པའོ་ཡིས་པེ་ཅིང་ལ་དེ་ལྟར་གདེང་འཇོག་བྱེད་ཀྱིན་ཡོད། ཁོ་མོ་ནི་ཞིན་ཡེ་དངུལ་ཁང་གི་ཚོང་ལས་སྤྱི་གཉེར་བ་ཡིན་པ་དང་། ཕ་མ་ཁེར་རྐྱང་ཞིག་ཡིན་པས་བྱ་བ་དང་བྱིས་པ་གཉོར་སྐྱོང་གི་འགན་གཅིག་ལྕོགས་སུ་འཁུར་ཡོད། འོན་ཀྱང་ཐེངས་རེར་ལས་འགན་དང་འཕྲད་དུས་ཁོ་མོའི་གཟུགས་བརྙན་མཐོང་ཐུབ། ན་ནིང་རིམས་ནད་ཛ་དྲག་ཆེ་བའི་སྐབས་སུ་ནད་པ་འགྲུལ་སྐྱེལ་གྱི་བྱ་བ་སྒྲུབ་པ་དང་། ད་ལོ་ཡང་ཁོ་མོ་ཐོག་དང་པོར་དཔུང་སྡེའི་ཁྲོད་ཡོང་ནས་སྣེ་ཁྲིད་ཀྱི་ནུས་པ་ཐོན་ཡོད།  བུ་མོས་ཁོ་མོར“ཁྱོད་ནི་འགུལ་རིས་གློག་བརྙན་ནང་གི་རོགས་སྐྱོབ་རུ་ཁག་གི་གྲོགས་པོ་ཆུང་ཆུང་ཞིག་རེད”ཅེས་བཤད་པ་དང་། ཁྱིམ་མིའི་ཤེས་རྟོགས་དང་རྒྱབ་སྐྱོར་ལས་ཁོ་མོས་རིམས་ནད་ལ་འགོག་རྒོལ་བྱེད་པའི་ལས་གནས་མུ་མཐུད་དུ་བརྟན་སྲུང་བྱེད་ཀྱིན་ཡོད།

རིམས་ནད་ཀྱི་གནས་ཚུལ་ཕྱིར་བཤོལ་མ་བྱས་ན་དམངས་དམག་ཕྱིར་བཤོལ་བྱེད་མི་སྲིད། ཟི་ལིང་དམངས་དམག་བརྒྱ་ཤོག་གཉིས་པའི་དམངས་དམག་ཉི་ཤུ་ལྷག་ཙམ་བཀོད་འདོམས་པུའུ་ཡི་གཅིག་གྱུར་བཀོད་སྒྲིག་ལྟར་སྔོན་འགོག་ཚོད་འཛིན་གྱི་ལས་ཡུལ་དང་པོར་བསྐྱོད། ཟླ11པའི་ཚེས7ཉིན་གྱི་དགོང་མོའི་ཆུ་ཚོད་བདུན་བར། རིམ་རྩིས་བྱས་ན་དང་བླངས་པ་མི་ཐེངས་བརྒྱ་དང་ཞེ་བདུན་མངག་པ་དང་། མེ་འཁོར་ས་ཚིགས་ཀྱི་བྱ་བའི་ཚན་ཆུང་གིས་མེ་འཁོར་ཐེངས་གྲངས་སུམ་བརྒྱ་ཉེར་ལྔ་དང་། འགྲུལ་པ་འབུམ་གཅིག་དང་ཁྲི་གཅིག་སྟོང་གསུམ་བཞི་བརྒྱ་ཉེར་གཉིས་ལ་ཞིབ་བཤེར་བྱས་པ་དང་། ཧུའུ་ཐའེ་དང་ཞིན་ཉིན་ཐང་ཆེན་སོགས་ཉིང་སྐྱུར་འཚོལ་བསྡུ་བྱེད་གནས་དྲུག་ཏུ་སྨི་གྲུ་བཞི་མ་འབུམ་བདུན་དང་ཁྲི་གཅིག་སྟོང་ལྔ་ལ་རིམས་འགོག་དུག་སེལ་བྱས་པ་མ་ཟད། ཆ་འཕྲིན་ཁྲི་གཉིས་དང་སྟོང་བདུན་ཙམ་དང་གཙོ་གནད་མི་ཚོགས་སྟོང་དྲུག་ལྷག་ཙམ་ལ་ཞིབ་བཤེར་བྱས། རླངས་འཁོར་ཐེངས་གྲངས་རེ་གསུམ་ལ་དངོས་པོ་ཡར་རྩིག་མར་འབོགས་བྱས་པ་དང་། དངོས་ཟོག་ཁྲི་གཅིག་དང་སྟོང་བཞི་བྱིན་ལ། རས་གུར་ཉེར་གཅིག་ཕུབ།

“རྐང་འཛིན་དམངས་དམག་གིས་དུས་རྒྱུན་རང་ཉིད་ཀྱི་ལས་གནས་ཐོག་སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་བཞིན་ཡོད། ཛ་དྲག་གི་གནས་ཚུལ་དང་འཕྲད་སྐབས། གང་གསུང་དེ་སྒྲུབ་བྱས་ནས་རྒྱུན་ལྡན་གྱི་ཞབས་ཞུ་དང་དུས་བསྟུན་འཕྲལ་སྒྲུབ་བཅས་དངོས་འབྲེལ་བྱ་བ་སྒྲུབ་བཞིན་ཡོད་པས། ཁོ་ཚོ་ནི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་རྐང་འཛིན་སྟོབས་ཤུགས་ཤིག་རེད”ཅེས་ཟི་ལིང་ཉེན་ཟོན་བདེ་སྲུང་དམག་ཁུལ་གྱི་སི་ལིན་ཡོན་གཞོན་པ་ཚོས་དབྱིན་ཅེ་ཡིས་དེ་ལྟར་བཤད།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།