པདྨ་རྫོང་གིས་སློབ་སྦྱོང་གི་ཁུལ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་ཐད་ཕན་འབྲས་མངོན་གསལ་བླངས།
2024.01.08 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 9

 ཏང་གི་འཛུགས་སྐྲུན་དམ་འཛིན་དང་དོན་འཁྱོལ་ལ་སྐུལ་འདེད་བྱེད་པའི“འབྲེལ་གཏུགས་བཞི་དང་རྒྱུགས་ཤོག་གསུམ”གྱི་བྱ་བ་སྤེལ་བའི་ཚུན་ལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་གིས་སློབ་སྦྱོང་གི་ཁུལ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་གཙོ་གནད་བྱ་བ་སོ་སོའི་འགན་འཁྲི་གནད་ཁེལ་སྒོས་ཁོང་དུ་ཆུད་པར་བྱས་ཤིང་། “ཚང་མས་སློབ་སྦྱོང་བྱེད་པ་དང་ལས་སྒོ་འགྲན་བསྡུར་བྱེད་པ།  སྤྱོད་ཚུལ་ལ་འགྱུར་ལྡོག་ཆེན་པོ་གཏོང་བ། ནུས་པ་མཐོར་འདེགས་ཆེན་པོ་གཏོང་བ”བཅས་ཆེད་དོན་འགུལ་སྐྱོད་ཀྱི་བྱེད་ཐབས་སུ་བརྩིས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དང་རྒྱ་བསྐྱེད་བྱས་པ་དང་། རྨང་གཞི་ཇེ་བརྟན་དང་ཞན་ཆ་ཁ་གསབ་བྱེད་པར་དམིགས་ནས་སྟོབས་ཤུགས་གཅིག་སྡུད་དང་། ཆབ་སྲིད་སློབ་སྦྱོང་ཇེ་དྲག་ཏུ་གཏོང་བར་ཤུགས་སྣོན། རྫོང་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་དང་རོང་འབྲོག་མང་ཚོགས་ཀྱི་རིག་གནས་བྱང་ཚད་མཐོར་འདེགས་སུ་བཏང་།

རྒྱུས་ལོན་པ་ལྟར་ན། པདྨ་རྫོང་གི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སོགས་ཀྱི་ནང་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དེ་མིག་སྔར་དང་མ་འོངས་པའི་དུས་སྐབས་ཤིག་གི་ཆབ་སྲིད་ཀྱི་འགན་འཁྲི་གཙོ་བོར་འཇོག་པ་དང་། དུས་ཐོག་ཏུ་བརྒྱུད་སྒྲོག་སློབ་སྦྱོང་དང་དགོངས་དོན་གྱི་ནང་དོན་ལ་གོ་བ་གཏིང་ཟབ་བླངས།  དུས་མཚུངས་སུ། དམངས་ཡོངས་ཀྱིས་དུས་ཡུན་རིང་བོར་སློབ་སྦྱོང་བྱེད་པའི་བྱ་འགུལ་ཁྱབ་སྤེལ་བྱེད་པ་གོ་སྐབས་སུ་བརྩི་བ་དང་།  ཡུལ་དངོས་དང་དྲ་ལམ་གཞི་གཅིག་ལ་སྦྲེལ་བའི་བྱེད་ཐབས་སྤྱད་དེ། ཕྱོགས་ཡོངས་ནས་ཏང་ཡོན་གྱིས་སློབ་སྦྱོང་བྱེད་པའི་ལམ་བུ་རྒྱ་བསྐྱེད་པ་དང་། ཡུལ་དངོས་ནས“འགུལ་སྐྱོད་ཏང་གི་སློབ་གྲྭ”དང“དང་བླངས་ཞབས་ཞུ་རུ་ཁག”། “འཕྲུལ་རྟ་སྒྲོག་འགྲེལ་རུ་ཁག” སོགས་ཀྱི་ལེགས་ཆའི་སྟོབས་ཤུགས་འདོན་སྤེལ་བྱས་པར་མ་ཟད།  ཁ་གསལ་ཞིང་གོ་བདེའི་སྐད་ཆའི་ལམ་ནས་འབྲོག་པའི་ཁྱིམ་ཚང་ལ་སོང་ནས་སྒྲོག་འགྲེལ་བྱ་འགུལ་སྤེལ་ཏེ།    ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཁྱིམ་ཚང་ཁྲི་སྟོང་ལ་ཁྱབ་པར་བྱས་པ་དང་།   ཕྱོགས་ཡོངས་ནས་དམངས་ཡོངས་ཀྱིས་སློབ་སྦྱོང་བྱེད་པའི་ཁོར་ཡུག་ལེགས་པོ་བསྐྲུན།

པདྨ་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་འབྲོག་ཁྱིམ་དཔེ་ཁང་ནི་དངོས་གནས་སྡེ་བ་རིམ་པའི་རིག་གནས་གཡུལ་ས་གཙོ་བོར་བརྩིས་པ་དང་།  རྫོང་ཡོངས་ཀྱི་ཡུལ་ཚོ་བརྒྱད་དང་གྲོང་རྡལ་གཅིག རྫོང་སྨན་ཁང་། རྫོང་སློབ་གསོ་ཅུས།  སློབ་གྲྭ་སོགས་ཀྱི་ཁྱབ་ཁོངས་སུ་འབྲོག་ཁྱིམ་དཔེ་ཁང11དང་ལས་བཟོ་པའི་དཔེ་ཁང6འཛུགས་སྐྲུན་བྱས་ཤིང་། པདྨ་རྫོང་གི་སྤྱི་ཁྱབ་བཟོ་ཚོགས་ཀྱི་སྐད་འཕྲིན་སྤྱི་སྟེགས་ནས“ལས་བཟོ་པའི་དཔེ་ཁང”དྲ་ལམ་ཀློག་འདོན་ཞབས་ཞུའི་སྒོ་ཕྱེ་བ་དང་། གཞི་གྲངས་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཤིང་།  ཞིང་སྡེ་དཔེ་ཀློག་གི་མི་འདང་ས་ཁ་གསབ་བྱས་ནས། འབྲོག་ཁྱིམ་དཔེ་ཁང་ནི་རོང་འབྲོག་མང་ཚོགས་ཀྱི“རིག་གནས་སློབ་སྦྱོང་གི་སྟེགས་བུ”དང“བསམ་པའི་དགའ་ཚལ”དུ་གྱུར་ཡོད།    སྔོན་ཐོན་དཔེ་མཚོན་འདེམས་པའི་བྱ་འགུལ་སྤེལ་བ་བརྒྱུད་དེ་རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་སྐུལ་སློང་བྱས་ཏེ།   སེམས་ཤུགས་གཅིག་སྒྲིལ་དང་། སྙིང་སྟོབས་འཕེལ་བ། ངར་ཤུགས་བསྐྱེད་པར་ཤུགས་སྣོན་དང་། རྒྱ་ཆེའི་རོང་འབྲོག་མང་ཚོགས་ཧུར་ཐག་གིས་སློབ་སྦྱོང་དང་དྲིལ་སྒྲོག་བྱ་འགུལ་ལ་ཞུགས་པར་སྐུལ་འདེད་བཏང་།

གཞན་ཡང་།  ཉེ་བའི་ལོ་འགའི་རིང་ལ།  པད་མ་རྫོང་གིས་གཟབ་ནན་གྱིས་ཞིང་ཆེན་དང་ཁུལ་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ལྟར། བྱ་བའི་འགན་འཁྲི་གཟབ་ནན་དུ་གཏོང་བ་དང་། བྱ་བའི་ལས་འགན་ཇེ་ཞིབ་ཏུ་བཏང་སྟེ། མ་ལག་ཅན་གྱི་རྩ་འཛུགས་དང་། གནད་ལ་འཁེལ་བའི་སྒོ་ནས་ལག་བསྟར་དང་ཚད་ལྡན་ཅན་གྱི་དོ་དམ་བྱས་ཏེ། ལས་བྱེད་པའི་སློབ་གསོ་དང་གསོ་སྦྱོང་བྱ་བ་གོ་རིམ་ལྡན་པའི་ངང་ལག་བསྟར་བྱ་རྒྱུར་འགན་ལེན་བྱས་ནས། ལས་བྱེད་པའི་སློབ་གསོ་དང་གསོ་སྦྱོང་གི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་།

སློབ་གསོ་དང་གསོ་སྦྱོང་གི་ཕན་འབྲས་རང་བཞིན་ཇེ་མཐོར་གཏོང་བའི་ཐད་ནས་པད་མ་རྫོང་གིས་སློབ་ཁྲིད་ཀྱི་ཐོན་ཁུངས་སྣ་ཚོགས་ཇེ་ལེགས་སུ་བཏང་བ་དང་། རྫོང་ཏང་ཨུའི་ཏང་གི་སློབ་གྲྭའི“གཡུལ་ས་གཙོ་བོ་དང་ཐབས་ལམ་གཙོ་བོའི”ནུས་པ་འདོན་སྤེལ་བྱས་ནས། ལས་གནས་སུ་ཡོད་པའི་མགོ་ཁྲིད་ལས་བྱེད་པ་དང་། ལག་རྩལ་རྐང་འཛིན་པ།  ཡུལ་ཚོའི་ཤེས་ལྡན་མི་སྣ་སོགས་ཀྱིས་གྲུབ་པའི་འཆད་ཁྲིད་དགེ་རྒན་ཚོགས་པ་བཙུགས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་གྱི་གཅིག་སྡུད་རེས་སྐོར་གསོ་སྦྱོང་འཛིན་གྲྭ་དང་། ན་གཞོན་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ།  སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་ནུས་པ་ཆེ་རུ་གཏོང་བའི་གསོ་སྦྱོང་འཛིན་གྲྭ་སོགས་ཏང་ཡོན་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་ཁག16སྒྲུབ་པ་དང་། གསོ་སྦྱོང་ནང་ཞུགས་པའི་རྨང་གཞིའི་ཏང་ཡོན་ལས་བྱེད་པ་མི་ཐེངས1000ལྷག་ཟིན་ཡོད།

ལས་བྱེད་པའི་སློབ་གསོ་དང་གསོ་སྦྱོང་བྱ་བ་གནད་ལ་འཁེལ་བ་དང་གོ་རིམ་ལྡན་པའི་ངང་ལག་བསྟར་ཐུབ་པར་འགན་ལེན་བྱེད་ཆེད། པད་མ་རྫོང་གིས་རྫོང་ཡོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་དོན་དངོས་དང་། ཤེས་ལྡན་མི་སྣའི་གྲུབ་ཚུལ་གྱི་གནས་ཚུལ། དེ་བཞིན་ཁྱབ་ཁོངས་སོ་སོ་དང་རིམ་པ་སོ་སོའི་ཤེས་ལྡན་མི་སྣའི་དགོས་མཁོ་སོགས་ཀྱི་གནས་ཚུལ་ལ་གཞིགས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་གཞུང་ལུགས་ཞིབ་གྲོས་འཛིན་གྲྭ། གཞུང་ཞབས་པའི་ལས་ཞུགས་སྔོན་གྱི་གསོ་སྦྱོང་དང་ཁྲིམས་སྲོལ་སོགས་གསོ་སྦྱོང་རབ་དང་རིམ་པ་གནད་ལ་འཁེལ་བའི་སྒོ་ནས་སྤེལ་ཞིང་། ཕྱོགས་ཡོངས་ནས་ལས་བྱེད་པའི་ཆབ་སྲིད་གཞུང་ལུགས་ཀྱི་ཆུ་ཚད་དང་ལས་སྒོའི་ནུས་པ་ཇེ་མཐོར་བཏང་།

ཚད་ལྡན་ཅན་གྱི་དོ་དམ་ལ་བརྟེན་ནས་སློབ་གསོ་དང་གསོ་སྦྱོང་གི་གཟབ་ནན་རང་བཞིན་ཇེ་མཐོར་གཏོང་ཆེད། པད་མ་རྫོང་གིས་ཞིང་ཆེན་དང་ཁུལ་གྱི་སྦྱོང་བརྡར་སོ་སོ་དང་རང་བདག་གིས་འཛིན་གྲྭ་གཉེར་བའི་གསོ་སྦྱོང་ཁྲོད་དུ། བླང་བྱ་དངོས་ལ་གཞིགས་ནས་བྱེ་བྲག་གིས་དྲན་སྐུལ་དང་གཅིག་སྡུད་དྲན་སྐུལ་ཟུང་འབྲེལ་བྱེད་པའི་རྣམ་པ་བརྒྱུད་ནས་གསོ་སྦྱོང་མ་བྱས་སྔོན་གྱི་སྒྲིག་ཁྲིམས་དྲན་སྐུལ་རྒྱུན་འཁྱོངས་བྱས། དུས་མཚུངས་སུ་ལས་བྱེད་པར་སློབ་གསོ་དང་གསོ་སྐྱོང་བྱེད་པའི་དཔྱད་ཞིབ་ལམ་ལུགས་བཙུགས་པ་དང་། མགོ་ཁྲིད་ལས་བྱེད་པའི་ཁྲོད་དུ་སློབ་སྐར་ལམ་ལུགས་ཀྱི་སློབ་གསོ་དང་གསོ་སྐྱོང་བྱེད་རྒྱུ་ཚོད་ལྟ་བྱས་ཏེ། གསོ་སྦྱོང་དོ་དམ་གོམ་གང་མདུན་སྤོས་ཀྱིས་ཚད་ལྡན་དུ་འགྲོ་བར་སྐུལ་འདེད་བྱས། ལས་བྱེད་པའི་སློབ་གསོ་དང་གསོ་སྦྱོང་བྱ་བ་ཚན་རིག་ཅན་དང་ལམ་ལུགས་ཅན། ཚད་ལྡན་ཅན་བཅས་སུ་འགྱུར་བར་སྐུལ་འདེད་དང་། ལས་བྱེད་པའི་སློབ་གསོ་དང་གསོ་སྦྱོང་གི་དོ་དམ་དང་དཔྱད་ཞིབ་བྱེད་པའི་ཡུན་ཕན་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ། ལས་བྱེད་པའི་སློབ་སྦྱོང་དང་གསོ་སྦྱོང་གི་གནས་ཚུལ་དེ་ལས་བྱེད་པའི་གོ་གནས་སྤར་བ་དང་བསྐོ་གཞག་བྱེད་པ། ཕུལ་བྱུང་དཔྱད་བསྡུར་བྱེད་པ་བཅས་ཀྱི་གཞི་འཛིན་ས་གཙོ་བོར་གྱུར་བ་དང་།  ལས་བྱེད་པའི་སློབ་གསོ་དང་གསོ་སྦྱོང་བྱ་བའི་གཟབ་ནན་རང་བཞིན་དང་སྒྲིག་ཁྲིམས་རང་བཞིན་ཆེ་རུ་བཏང་།

ཡིག་སྒྱུར་བ།སྒྲོལ་མ་སྐྱིད།