མཚོ་སྔོན་གྱིས་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་།
2024.01.16 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

 2021ལོའི་ཟླ6པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་གནང་སྐབས“རྒྱལ་ཁབ་ཀྱི་སྐྱེ་ཁམས་འཐབ་ཇུས་དོན་འཁྱོལ་ཡག་པོ་བྱེད་པ་དང་།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་སོགས་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ཉམས་མྱོང་ཕྱོགས་སྡོམ་བྱེད་པ། རྒྱལ་ཁབ་སྤྱི་གླིང་གྲུབ་ཆ་གཙོ་བོ་བྱེད་པ་དང་རང་བྱུང་སྲུང་སྐྱོབ་ཁུལ་རྨང་གཞི་བྱེད་པ། རང་བྱུང་སྤྱི་གླིང་སྣ་ཚོགས་ཁ་གསབ་བྱེད་པ་བཅས་ཀྱི་རང་བྱུང་སྲུང་སྐྱོབ་ཁུལ་མ་ལག་མགྱོགས་མྱུར་ངང་བསྐྲུན་ནས། རང་བྱུང་སྐྱེ་ཁམས་སྲུང་སྐྱོབ་ཡག་པོ་བྱེད་པ་དང་། རང་བྱུང་ཐོན་ཁུངས་སྲུང་སྐྱོབ་ཡག་པོ་བྱེད་པ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ཡག་པོ་བྱེད་དགོས”ཞེས་ནན་བཤད་གནང་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་མཚོ་སྔོན་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱེད་པའི་རང་བྱུང་སྲུང་སྐྱོབ་ཁུལ་མ་ལག་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ།  སྐྱེ་ཁམས་མ་ལག་གི་སྣ་མང་རང་བཞིན་དང་། བརྟན་བརླིང་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་ཆེ་རུ་བཏང་ཡོད།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་དུ་སྔོན་ཆད་རང་བྱུང་སྲུང་སྐྱོབ་ཁུལ་5བཙུགས་ཡོད་པར་ཁྱབ་ཁོངས་ཕན་ཚུལ་སྣོལ་སྡེབ་ཀྱི་སྣང་ཚུལ་མངོན་ཡོད་ཅིང་། ད་ལྟ་སྲུང་སྐྱོབ་ཁུལ་གཉིས་ལ་བསྡུ་སྒྲིལ་ལེགས་བཅོས་བྱས་པས། ཐོན་ཁུངས་ཀྱི་གཞི་གྲངས་སྔར་ལས་ཁ་གསལ་ཞིང་དོ་དམ་སྲུང་སྐྱོབ་ཀྱི་འགན་འཁྲི་སྔར་ལས་གསལ་བོར་གྱུར་ཡོད། དེ་ནི་མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱེད་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་མགྱོགས་མྱུར་ངང་བསྐྲུན་པའི་བསྡུས་རིས་ཤིག་རེད།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྤུས་ཚད་མཐོན་པོས་འཛུགས་སྐྲུན་བྱས་ཏེ།   མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གསར་འཛུགས་ལས་དོན་དང་ཁུ་ནུ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཡུག་ཁུལ་གྱི་དུས་འགོའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་ཞིང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་སོགས་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ཉམས་མྱོང་ཕྱོགས་སྡོམ་དང་ཁྱབ་གདལ་བཏང་ནས། མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་ལས་དོན་ལ་སྔར་ལས་སྐུལ་འདེད་བཏང་ཡོད།

བར་སྟོང་བཀོད་སྒྲིག་སྔར་ལས་ལུགས་མཐུན་ཡིན་ཞིང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་དང་ཐོག་གི་གཞི་ཁྱོན་དེ་སྤྱི་ལེ་གྲུ་བཞི་མ་འབུམ་གཅིག་དང་ཁྲི་གཉིས་ལྷག་ནས2022ལོའི་སྤྱི་ལེ་གྲུ་བཞི་མ་འབུམ་གཅིག་དང་ཁྲི་དགུ་ལྷག་བར་ཇེ་ཆེར་སོང་ཡོད།  མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་སྤྱི་གླིང་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་ཡན་ཐིན་ཆང་གིས་བཤད་རྒྱུར།  ང་ཚོས་གླིང་ཁུལ་གྱི་སྔར་ཡོད་སྲུང་སྐྱོབ་ཁུལ15བསྡུ་སྒྲིལ་དང་ལེགས་བཅོས་བྱས་ཏེ།  མཚོ་དང་མཚེའུ།  བརླན་ས་དང་འཁྱགས་རོམ་གངས་རི་སོགས་སྐྱེ་ཁམས་མ་ལག་སྲུང་སྐྱོབ་སྔར་ལས་འཐུས་ཚང་དུ་བཏང་ཡོད་ཟེར།

སྲུང་སྐྱོབ་གཞི་ཁྱོན་ཇེ་ཆུང་དུ་མི་འགྲོ་བ་དང་། སྲུང་སྐྱོབ་བྱེད་ཤུགས་ཇེ་ཆུང་དུ་མི་འགྲོ་བ། སྲུང་སྐྱོབ་ཀྱི་ངོ་བོ་མི་འགྱུར་བ་བཅས་ཀྱི་སྤྱིའི་བླང་བྱར་བརྩི་སྲུང་བྱས་ནས། མཚོ་སྔོན་གྱིས་རང་བྱུང་སྲུང་སྐྱོབ་ཁུལ་སྣ་ཚོགས་བསྡུ་སྒྲིལ་དང་ལེགས་བཅོས་བྱས་ཡོད། ཞིང་ཆེན་ཡོངས་སུ་རང་བྱུང་སྲུང་སྐྱོབ་ཁུལ109ཡོད་པ་དེ་རིགས་གསུམ་གྱི་སྲུང་སྐྱོབ་ཁུལ་གྱ་གསུམ་ལ་བསྡུ་སྒྲིལ་དང་ལེགས་བཅོས་བྱས་ཤིང་།  སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་འབུམ་གཉིས་དང་ཁྲི་བདུན་ལྷག་ཡོད།  དེའི་ནང་རྒྱལ་ཁབ་སྤྱི་གླིང་གི་གཞི་ཁྱོན་གྱིས་ཞིང་ཆེན་ཡོངས་ཀྱི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་སྤྱིའི་གཞི་ཁྱོན་གྱི75.85%ཟིན་ཡོད།  རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱེད་པ་དང་།  རང་བྱུང་སྲུང་སྐྱོབ་ཁུལ་རྨང་གཞིར་བྱེད་པ། རང་བྱུང་སྤྱི་གླིང་སྣ་ཚོགས་ཁ་གསབ་བྱེད་པ་བཅས་ཀྱི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་རགས་ཙམ་ཆགས་ཡོད།

ལམ་ལུགས་ཀྱི་ཚད་གཞིའི་མ་ལག་སྔར་ལས་འཐུས་ཚང་དུ་བཏང་ཞིང་། མཚོ་སྔོན་གྱིས་ད་ལྟ་སྤྱོད་བཞིན་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་འབྲེལ་ཡོད་ཚད་གཞི་ཕྱོགས་ཡོངས་ནས་ལེགས་སྒྲིག་བྱས་པ་དང་།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ཚད་གཞིའི་མ་ལག་འཛུགས་སྐྲུན་གྱི་གྲུབ་འབྲས་བསྡུ་ལེན་གང་ལེགས་བྱས་པ།《མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱེད་པའི་རང་བྱུང་སྲུང་སྐྱོབ་ཁུལ་མ་ལག་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་སྤྱིའི་འཆར་འགོད》བཟོ་སྒྲིག་ཡོངས་འགྲུབ་བྱས་པ།  རང་བྱུང་སྲུང་སྐྱོབ་ཁུལ་གྱི་དོ་དམ་སྒྲིག་སྲོལ་འཛུགས་པ་སོགས་ཀྱི་ལམ་ལུགས་བྱེད་ཐབས18གཏན་འཁེལ་འགྲེམ་སྤེལ་བྱས་པ།  རང་བྱུང་སྲུང་སྐྱོབ་ཁུལ་འཛུགས་སྐྲུན་གྱི་ཚད་གཞི་སོགས་ལག་རྩལ་ཚད་གཞི་ཁག་བཞི་ཁྱབ་བསྒྲགས་བྱས་ནས།  ཚད་ལྡན་གཅིག་གྱུར་གྱི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ལམ་ལུགས་མ་ལག་ཅིག་ཆགས་ཡོད།

མཚོ་སྔོན་ཞིང་ཆེན་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཧན་ཆང་གིས་བཤད་རྒྱུར།   རང་བྱུང་སྲུང་སྐྱོབ་ཁུལ་གྱི་ལས་གཞི་འཆར་འགོད་ཀྱི་གཞི་འཛིན་ས་ནས་ཁྱབ་ཁོངས་དང་ས་གནས་ཀྱི་དཔྱད་གཞིའི་ཡིག་རིགས་ཀྱི་ཞིབ་ཕྲའི་སྒྲིག་སྲོལ་བར་དང་། དེ་ནས་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ཞིབ་བཤེར་བྱེད་སྐབས་ཀྱི་བྱེད་ཐབས་དང་། སྒྲིག་ཆས། ནང་དོན་བཅས་ཚང་མར་ལག་རྩལ་གྱི་བླང་བྱ་དང་ཚད་ལྡན་གྱི་ཚད་གཞི་གསལ་པོ་བཟོས་ཡོད་ཟེར།

གསར་སྤེལ་དང་བེད་སྤྱོད་སྔར་ལས་གོ་རིམ་ལྡན་ཞིང་། རང་བྱུང་ཐོན་ཁུངས་ཐད་ཀར་བེད་སྤྱོད་བྱེད་ཚད་སྔར་ལས་ཇེ་ཉུང་དུ་གཏོང་བ་དང་དམངས་ཚིས་ལེགས་བཅོས་ལ་སྐུལ་འདེད་གཏོང་བ་སྤྱིའི་དམིགས་འབེན་དུ་བརྩིས་ནས། མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གི་དམིགས་བསལ་ཆོག་འཐུས་གཉེར་སྐྱོང་དང་རང་བྱུང་ཐོན་ཁུངས་གཉེར་སྐྱོང་དོ་དམ་གྱི་ཚོད་ལྟའི་ལས་དོན་མུ་མཐུད་དུ་སྤེལ་བ་དང་།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ཐོན་ལས་འཕེལ་རྒྱས་ཀྱི་དྲང་ཕྱོགས་གསལ་ཐོ་དང་རང་བྱུང་ཐོན་ཁུངས་གཉེར་སྐྱོང་དོ་དམ་ལམ་ལུགས་འཚོལ་ཞིབ་བྱས་ནས་བཙུགས་པར་མ་ཟད།   རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་ཉམས་ལེན་དང་། ཁོར་ཡུག་སློབ་གསོ། ཐོན་ལས་འཕེལ་རྒྱས། དམིགས་བསལ་ཆོག་འཐུས་གཉེར་སྐྱོང་སོགས་ཀྱི་ཆེད་དོན་འཆར་འགོད་ལག་བསྟར་བྱས།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་དབུས་སུ་གནས་པའི་ཆུ་དམར་ལེབ་རྫོང་གིས་ཉེ་བའི་ལོ་ཤས་རིང་གཡུ་འབྲུག་ལྷ་རྩེ་རྒྱལ་སྤྱིའི་རི་འཛེགས་གྲོང་རྡལ་ཆུང་བ་མུ་མཐུད་དུ་འཛུགས་སྐྲུན་བྱས་ནས།   ཁྱིམ་ཚང་མགྲོན་ཁང་དང་རི་འཛེགས་ཉམས་ལེན་སོགས་ཀྱི་ཞབས་ཞུའི་ནུས་པ་འཐུས་ཚང་དུ་བཏང་བས། ལོ་རེར་རི་འཛེགས་ལ་དགའ་བའི་མི་མང་པོ་ཞིག་གི་ཡིད་དབང་བཀུག་ཡོད།

མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་བཤད་རྒྱུར།  ང་ཚོས་སྐྱེ་ཁམས་སྲུང་སྐྱོབ་དང་། དམངས་ཚིས་ལེགས་བཅོས།  ལྗང་མདོག་འཕེལ་རྒྱས་བཅས་ཕན་ཚུན་གཅིག་གྱུར་ཡོང་བར་མུ་མཐུད་དུ་སྐུལ་འདེད་བཏང་ནས། རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱེད་པའི་རང་བྱུང་སྲུང་སྐྱོབ་ཁུལ་མ་ལག་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ཁྲོད་འགན་འཁྲི་གསར་པ་འཁུར་ཕོད་པ་དང་བྱས་རྗེས་གསར་པ་བཞག་ནས། མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་མཚོ་སྔོན་གྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཟེར།

ཡིག་སྒྱུར་བ། སྒྲོལ་མ་སྐྱིད།