སྡོད་གནས་གསར་པར་སྤར་བས་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་།
2024.05.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 12

གནས་སྤོར་རྗེས་ཀྱི་ཡངས་ཤིང་གྲལ་དག་པའི་སྡོད་གནས་གསར་པ།

ཉེ་ལམ། མཚོ་ཤར་གྲོང་ཁྱེར་དཔའ་ལུང་ཧོས་རིགས་རང་སྐྱོང་རྫོང་ཐ་རྒྱ་བོད་རིགས་ཡུལ་ཚོ་རུ་ཉི་འོད་དྲོ་ཞིང་འཇམ་ལ་རྩྭ་རྩི་ཤིང་ལ་གསོན་ཤུགས་རྒྱས་འདུག གསར་འགོད་པ་གོང་སྐྱ་སྡེ་བར་ཐོན་པ་དང་། ཞིང་སྡེའི་ཁང་བ་རྣམས་རི་འདབས་སུ་གྲལ་འགྲིག་པའི་ངང་འཇམ་ཅག་གེར་གནས་ཡོད་ལ། ན་གཞོན་རྣམས་ཕྱི་རུ་ཞོར་ལས་སུ་སོང་ཡོད་པ་དང་མི་སྐོར་ཞིག་ས་ཡོམ་རྗེས་སུ་སྤྱི་ལེ95ལྷག་ཡོད་པའི་ཀ་མདོ་གྲོང་རྡལ་དུ་གནས་སྤར་ཡོད།

གློ་བུར་དུ་གློག་འཕྲུལ་གྱི་སྒྲ་གྲགས་ཤིང་།   སྡེ་མི་ཚེ་རིང་དོན་འགྲུབ་ཀྱི་ཁྱིམ་དུ་ཐོན་པ་ན་ཁོས་ཤིང་བཟོས་འཕྲུལ་འཁོར་སྤྱད་ནས་ཤིང་ལས་ལས་བཞིན་པ་མཐོང་།    དེའི་འགྲམ་དུ་སོ་ཕག་བརྩིགས་ནས་ལས་པའི་ཁང་བ་ཞིག་ཡོད་ལ་གྱང་དང་གདུང་མ་ཚང་མ་ལེགས་འགྲུབ་བྱུང་ཡོད་པད།    ཉེ་ལམ་ཁོ་རང་ཁང་ཀླད་བསྐྲུན་པར་བྲེལ་བཞིན་ཡོད།

ཚེ་རིང་དོན་འགྲུབ་ཀྱིས་བཤད་རྒྱུར། བུ་དང་མནའ་མ་གཉིས་ཕྱི་རུ་ཞོར་ལས་སུ་སོང་ཡོད་པ་དང་། ཉིན་བཞི་བཅུ་འགོར་རྗེས་ད་གཟོད་ཕྱིར་ཁྱིམ་དུ་ལོག་ཐུབ། ང་རང་གིས་ཤིང་ལས་ཅུང་ཙམ་ལས་ཤེས་པས་དལ་མོར་ཁང་བ་ལས་ཆོག་པ་དང་། ཆུང་མ་ཞིང་ཁར་ཡུར་མ་ཡུར་དུ་བུད་སོང་ཟེར།

ཐ་རྒྱང་ཡུལ་ཚོའི་ཡུལ་གཙོ་རྣམ་རྒྱལ་གྱིས་གསར་འགོད་པར་བཤད་རྒྱུར། ས་ཡོམ་བྱུང་རྗེས་དཔའ་ལུང་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་ཐོག་མའི་དུས་ཚོད་ནང་ཐ་རྒྱ་ཡུལ་ཚོ་རུ་གནོད་ཤུལ་རྗེས་ཀྱི་གནོད་ཐེབས་གནས་ཚུལ་ཁྱོན་ཡོངས་ནས་བརྟག་དཔྱད་བྱས།   མཐར་མཇུག་ལ་ཁ་སྡེ་བ་དང་ཡ་རྩ་སྡེ་། གོང་སྐྱ་སྡེ་བ་སོགས་ཀྱི་ཁྱིམ་ཁང་ཉིས་བརྒྱ་རེ་བརྒྱད་ས་གཤིས་གནོད་འཚེ་ཁུལ་དུ་གནས་ཡོད་པས་ས་གནས་གཞན་དུ་གནས་སྤོར་བྱེད་དུ་འཇུག་དགོས། དེ་མིན་གནོད་འཚེ་ཁུལ་དུ་གནས་མེད་པའི་ཁྱིམ་ཚང51གིས་དེ་སྔའི་གནས་ཡུལ་དུ་ཁང་བ་སྲ་བརྟན་ཞིག་གསོ་བྱས། ས་ཡོམ་བྱུང་རྗེས་ཀྱི་ཁ་གསབ་མ་དངུལ་ཐེངས་དང་པོ་དེ་སོ་སོར་བྱིན་ཟིན་པ་དང་། སྡེ་མི་མང་ཆེ་བས་ཞིག་གསོ་དང་བརྟན་གཏོང་བྱས་ཟིན་ནས་ཕྱི་རུ་ཞོར་ལས་སུ་སོང་ཟིན་པས་ཚང་མ་གོ་རིམ་ལྡན་པ་ཞིག་རེད།

ཚེ་རིང་དོན་འགྲུབ་ཀྱི་ཁྱིམ་དང་ཁ་བྲལ་རྗེས། གསར་འགོད་པ་རི་བོ་ཨ་ཡེ་དང་ཐག་ཧ་ཅང་ཉེ་བའི་གོང་སྐྱ་སྡེ་བའི་རུ་ཁག་གཉིས་པར་ཐོན་པ་དང་། གནས་དེའི་ཁང་བ་ཕལ་ཆེར་བཤིག་ཚར་ཡོད་པ་དང་། སྡེ་མི་མང་ཆེ་ཤོས་ཀ་མདོ་གྲོང་རྡལ་དུ་གནས་སྤར་ཡོད།

ན་ནིང་ཟླ་བཅུ་གཉིས་པའི་ཚེས་བཅོ་བརྒྱད་ཉིན་ཅུས་ཧྲི་ཧྲན་དུ་ས་ཡོམ་བྱུང་རྗེས། ཉིན་བརྒྱ་དང་བཞི་བཅུ་འགོར་ཡོད་པ་དང་། དཔའ་ལུང་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་ གནོད་ཤུལ་ཉེན་གཡོལ་གནས་སྤོ་བྱེད་ཚད་ལ་མགྱོགས་མྱུར་སྒོས་སྐུལ་འདེད་བཏང་བ་མ་ཟད་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཀྱང་ཐོབ་ཡོད།

ས་ཡོམ་བྱུང་རྗེས་ཀྱི་གནས་སྤོའི་བཀོད་སྒྲིག་ཁུལ་སྟེ་ཀ་མདོ་གྲོང་རྡལ་ལུང་ཁང་སྡེ་བ་གསུམ་པར་ཐོན་པ་ན། ཁྱིམ་ཚང་རེ་རེའི་སྒོ་འགྲམ་དུ་ཨར་ལས་རྒྱུ་ཆ་སྤུངས་ཡོད་པ་དང་།    ར་སྐོར་ནང་འཕྲུལ་འཁོར་གྱི་སྒྲ་དང་ཨར་འདམ་དཀྲུག་པའི་སྒྲ།    དགོད་སྒྲ་བཅས་ཀྱིས་ཁེངས་ཡོད་པ་དང་། ལ་ཁ་སྡེ་བ་དང་ཡ་རྩ་སྡེ་བ།   གོང་སྐྱ་སྡེ་བ་བཅས་ཀྱི་སྡེ་མི་ཚོས་བློ་བདེ་པོའི་ངང་ཐོན་སྐྱེད་བྱས་ནས་འཚོ་བ་ལོངས་སུ་སྤྱོད་ཀྱིན་ཡོད།

ཡ་རྩ་སྡེ་བའི་སྡེ་མི་རིན་ཆེན་རྡོ་རྗེ་ཡི་ཁྱིམ་དུ་ཐོན་པ་ན། ཁོ་དང་ཆུང་མ་ཀླུ་མོ་གཉིས་ར་སྐོར་དུ་བསྡད་ནས་ཁ་བརྡ་བྱེད་ཀྱིན་ཡོད་པ་དང་། བྱང་ཕྱོགས་སུ་གནས་པའི་ཤིང་ཁང་གསར་པ་གྱན་བརྒྱད་ཡོད་པ་བལྟས་ན་བརྗིད་ཆེ་ཞིང་།   ཁང་བ་གོང་འོག་གཉིས་སུ་དབྱེ་ཡོད་པ་དང་།    འོག་ཏུ་སྡོད་ཁང་དང་སྟེང་དུ་ཉི་གཡབ་ཁང་བ་ལས་ཡོད།    ཁང་བའི་ནང་གི་ཁྱིམ་ཆས་དར་སྲོལ་གསར་པ་དང་བསྟུན་ཡོད་ལ་གྲལ་དག་པ་ཞིག་ཡིན་ཞིང་། ཁྱིམ་དུ་ད་དུང་གསང་སྤྱོད་དང་ཐབ་ཚང་ཁེར་རྐྱང་ཇུས་འགོད་བྱས་ཡོད་པ་མ་ཟད།    སྐས་རིམ་ཐོག་གི་མེ་ཏོག་རྣམས་ཀྱང་རབ་ཏུ་བཞད་ཡོད།

ཅང་མ་འགོར་བར་ཀླུ་མོ་ཡིས་སིལ་ཏོག་སྣ་ཚོགས་འཁྱེར་ཡོང་ནས་གསར་འགོད་པ་དང་ལྷན་དུ་ཁ་བརྡ་བྱས།

རིན་ཆེན་རྡོ་རྗེ་ཡིས་སེམས་འགུལ་ཐེབས་པའི་སྒོ་ནས་བཤད་རྒྱུར། ང་ཚོ་ཀ་མདོ་གྲོང་རྡལ་དུ་གནས་སྤོར་ཐུབ་པ་སེམས་སུ་ཡང་དྲན་མ་མྱོང་། དེ་སྔོན་ཐ་རྒྱ་ནས་རྫོང་མཁར་དུ་ཡོང་བར་རླངས་འཁོར་མེད་པ་དང་དུས་ཚོད་ལྔ་དྲུག་ཙམ་ལ་རྐང་ཐང་དུ་བསྐྱོད་དགོས། ད་ལྟ་སྐར་མ་བཞི་བཅུའི་ནང་བ་ཡན་ཡུལ་ཚོ་རུ་ཐོན་ཐུབ་པས། ཚ་བོ་གཉིས་སློབ་གྲྭར་འགྲོ་བར་སྟབས་བདེ་བཟོས་ཡོད་པ་དང་ངེད་རྒན་རྒོན་གཉིས་ཀྱིས་ནད་ལ་སྟོན་པ་ཡང་སྟབས་བདེ་བཟོས་ཡོད། གནས་འདིའི་མཁའ་དབུགས་ཀྱང་ཧ་ཅང་བཟང་བས་ཏང་དང་སྲིད་གཞུང་ལ་བཀའ་དྲིན་ཞུ་བའི་སྐད་ཆ་བརྗོད་མི་ཚར་བ་ཞིག་ཡོད་ཟེར།

ཡ་རྩ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་འཇམ་དབྱངས་ཀྱིས་བཤད་རྒྱུར། དེ་སྔོན་བྱིས་པ་རྣམས་རྫོང་མཁར་དུ་སློབ་གྲྭ་སོང་ནས་གནང་བ་བྱིན་ཚེ་ཕྱིར་ཐ་རྒྱ་རུ་ལོག་འདོད་ཀྱིན་མེད། ད་ལྟ་སློབ་གྲྭ་འགྲོ་བ་སྟབས་བདེ་བཟོས་ཡོད་པ་དང་སྡེ་བའི་ལས་ཞུགས་ཀྱི་གོ་སྐབས་ཀྱང་ཇེ་མང་དུ་སོང་ཡོད་པས། ཚང་མ་རང་དགར་མི་འདུག་པར་ཕྱི་རུ་ཞོར་ལས་སུ་འགྲོ་བཞིན་ཡོད་ཟེར།

དཔའ་ལུང་རྫོང་ས་གཤིས་གནོད་འཚེའི་ཉེན་གཡོལ་གནས་སྤོའི་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གི་འགན་འཁུར་བ་ཀྲིག་ཚུན་དཔའ་ཡིས་གསར་འགོད་པར་བཤད་རྒྱུར། 2019ལོ་ནས་བཟུང་། དཔའ་ལུང་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་སྡེ་བ་གསུམ་གྱི་སྡོད་དམངས་ས་གནས་གཞན་དུ་གནས་སྤོ་བྱས་ནས་ཉེན་གཡོལ་བྱེད་ཤུགས་སྔར་ལས་ཆེ་རུ་བཏང་བ་དང་། གནས་སྤོ་བཀོད་སྒྲིག་ལས་གཞིའི་མ་དངུལ་བསྡོམས་པས་སྒོར་བྱེ་བ་བཞི་དང་ས་ཡ་བཞི་འབུམ་གཉིས་ཁྲི་གཉིས་བཏང་ལ། ཁྱིམ་ཚང་རེར་ཁ་གསབ་མ་དངུལ་སྒོར་འབུམ་གཅིག་དང་ཁྲི་ལྔ་བྱིན་ཡོད། ཟླ5པའི་ཚེས8ཉིན་བར། ཁྱིམ་ཚང242ལ་གཅིག་གྱུར་གྱི་རང་བསྐྲུན་རྣམ་པའི་ཐོག་ནས་བཀོད་སྒྲིག་བྱས་པའི་མང་ཚོགས་ཚང་མས་འཛུགས་སྐྲུན་བྱེད་མགོ་བརྩམས་ནས་ཁྱིམ་ཚང179ཁང་བའི་ནང་བསྡད་པ་དང་། ཉེན་གཡོལ་བཀོད་སྒྲིག་གི་ཁ་གསབ་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་དྲུག་བྱིན་ཡོད་ཟེར།

མཚམས་སྦྱོར་བྱས་པ་ལྟར་ན།    དཔའ་ལུང་རྫོང་རང་བྱུང་ཐོན་ཁུངས་ཅུའུ་ཡིས་ཐ་རྒྱ་ཡུལ་ཚོའི་ཐ་རྒྱ་སྡེ་བ་གཉིས་པ་དང་མཚོ་འདན་མ་སྡེ་བ་གཉིས་སུ་བྲག་རི་ཉུལ་བའི་འགོག་བཅོས་བཟོ་སྐྲུན་ལག་བསྟར་བྱེད་མགོ་བརྩམས་པ་དང་། སྔར་ལས་ལྷག་པའི་སྒོ་ནས་མང་ཚོགས་ཀྱི་བདེ་སྣང་དང་ཐོབ་སྣང་། སྐྱིད་སྣང་བཅས་ཇེ་མཐོར་བཏང་ཡོད།

ཉེ་བའི་ལོ་འགའི་རིང་ལ། དཔའ་ལུང་རྫོང་གིས་ས་གཤིས་གནོད་འཚེའི་ཉེན་གཡོལ་གནས་སྤོའི་བྱ་བ་དེ་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས།  ཞིང་སྡེའི་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་གཏོང་བ།    མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་ཇེ་ལེགས་སུ་གཏོང་བ།    གྲོང་གསེབ་དར་སྤེལ་གཏོང་བ་བཅས་ཀྱི་ཐབས་ལམ་ནུས་ལྡན་ཞིག་ཏུ་བརྩིས་ནས། རྫོང་ཡོངས་ཀྱི་ཁྱིམ་ཚང1260ལ་ས་གཤིས་གནོད་འཚེའི་ཉེན་གཡོལ་གནས་སྤོ་བྱས་པ་དེའི་ནང་རང་ཉིད་ཀྱིས་བསྐྲུན་པའི་ཁྱིམ་ཚང་དྲུག་བརྒྱ་སོ་དྲུག་དང་འཛུགས་སྐྲུན་བྱེད་མགོ་བརྩམས་པའི་ཁྱིམ་ཚང་སུམ་བརྒྱ་དང་བཅུ་བདུན་ཡོད་ལ།    ཁང་བ་ཉོ་བའི་ཁྱིམ་ཚང་དྲུག་བརྒྱ་ཉེར་བཞི་དང་ཁང་པ་ཉོ་བའི་གན་རྒྱ་བཞག་པའི་ཁྱིམ་ཚང་སུམ་བརྒྱ་བཅུ་གཅིག་ཡོད། ཁྱིམ་ཚང311སྡོད་ཁང་གསར་པར་བསྡད་པ་དང་ཁྱིམ་ཚང་སུམ་བརྒྱ་སུམ་ཅུ་སྡོད་གནས་གསར་པར་གནས་སྤར་ཡོད་ལ། མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་དགུ་འབུམ་བཞི་བཏང་། དེ་དང་ཆབས་ཅིག ཐབས་བརྒྱ་ཇུས་སྟོང་གིས་སྒྲིག་ཆས་ཐོན་ལས་འཕེལ་རྒྱས་སུ་བཏང་བ་དང་ལས་ཞུགས་ལས་གནས་འདོན་སྤྲོད་བྱས་པས། མང་ཚོགས་གནས་སྤོ་ཐུབ་པ་དང་བརྟན་པོ་ཡོང་བ།    ཡོང་འབབ་ཡོད་པ།    ཕྱུག་པོར་འགྱུར་ཐུབ་པ་བཅས་ཁག་ཐེག་བྱས།

ཤ་བོ་རིན་མཚོས་བསྒྱུར།