ཤིང་ཏོག་ཅུ་ལིས་སྡེ་བར་ཡོང་སྒོ་བསྐྲུན།
2025.10.31 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

ཉེ་ཆར། གསར་འགོད་པ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་སྣང་ར་ཡུལ་ཚོའི་ལ་མོ་སྡེ་བར་ཐོན་པ་ན། མིག་མདུན་དུ་ཤིང་ཏོག་ཅུ་ལི་མདུད་པ་ལྟར་ཐོགས་པའི་ནགས་ཚལ་དུ་སྡེ་མི་རྣམས་ཅུ་ལི་འཐོག་པའི་ལས་ལ་བྲེལ་བཞིན་པ་མཐོང་།

ཁོ་ཚོ་མི་གསུམ་བཞི་རེ་གྲལ་གཅིག་ཏུ་ཙོག་ནས་བཏོག་མ་ཐག་གི་ཅུ་ལི་དག“གཅན་ཚའི་ཅུ་ལི”ཞེས་པའི་ཡིག་འབྲུ་དཔར་ཡོད་པའི་ཤོག་སྒམ་ནང་དུ་བསྒྲིགས་ནས་ཞིང་ཆེན་ཕྱི་ནང་ལ་སྐྱེལ་བར་གྲ་སྒྲིག་བྱེད་བཞིན་ཡོད།

ལ་མོ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་གྲགས་པ་ཤིང་ཏོག་ཅུ་ལི་སྤུངས་ཡོད་པའི་འགྲམ་དུ་ཙོག་ཅིང་། མིག་གིས་རླངས་འཁོར་ནང་དུ་བཀང་བརྩིགས་ཡོད་པའི་ཅུ་ལིར་ལྟ་བཞིན་དགའ་སྤྲོའི་ངང་བཤད་རྒྱུར། “ད་ལོའི་ཅུ་ལི་བཏོག་ནས་ཚར་ལ་ཉེ་བས་སེམས་ལྷོད་ལ་བབས་ཡོད། ད་ལོ་ཆར་ཆུ་ལྷག་ཏུ་མོད་པོ་རེད། སྔོན་ཏག་ཏག་ཏུ་ང་རང་ཉིན་རྒྱུན་དུ་སིལ་ར་ནང་དུ་བརྒྱུགས་ནས་སེམས་སུ་འཚུབ་ཆ་ལངས། ཆར་འབབ་པ་མང་ཞིང་བཏོག་དལ་ན་ཅུ་ལི་ཐང་དུ་ལྷུང་ནས་རུལ་བར་སྐྲག་པ་ཡིན། ད་ལྟ་ཚང་མ་ཤོག་སྒམ་ནང་དུ་བདེ་བླག་གིས་འཇུག་ཐུབ་སོང་བས་སེམས་བདེ་ལ་བབས་ཡོད”ཟེར།

ཁོས་སྨིན་ཐག་ཆོད་པའི་ཅུ་ལི་ཞིག་ལག་ཏུ་བླངས་ནས་དེའི་སྟེང་གི་ས་རྡུལ་གཙང་མར་ཕྱིས་རྗེས་དགའ་སྤྲོའི་ངང་བཤད་རྒྱུར། “ཁྱེད་ཀྱིས་འདིའི་མདངས་ལ་ལྟོས་དང་། སྨུག་པོའི་ནང་དུ་དམར་མདོག་ཅིག་ཡོད་ལ་ཇི་འདྲའི་མདངས་འཚེར་བ་ཞིག་རེད་ཨང་། འདི་ནི་ང་ཚོའི་ཅུ་ལི་ཆེས་ལེགས་པོ་ཡིན། མངར་མོ་ཡིན་པར་མ་ཟད་ཁུ་བའང་མང་པོ་ཡོད་པས་ཟོས་ན་ཤིན་ཏུ་ཞིམ་པོ་རེད”ཟེར།

ཚང་མ་དགའ་རུ་བཅུག་པའི་སིལ་ཏོག་འདིའི་རྒྱབ་ལོགས་སུ་ལ་མོ་སྡེ་བའི“སྔོ་ལྗང་བསྲུངས་པ་ལས་ཕན་ཁེ་མེད་པ”ནས“རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི”འགྱུར་ལྡོག་དེ་ཡོད།

གྲགས་པས་ཕྱིར་དྲན་བྱས་ཏེ་བཤད་རྒྱུར། “ང་ཚོ་སྡེ་བ་ནི་ཤ་བོ་འགག་ཆུ་མཛོད་ལས་སྐབས་ཀྱི་གནས་སྤོར་བཀོད་སྒྲིག་གནས་ཤིག་ཡིན། 2005ལོར་གཞིས་རྙིང་དག་ཆུར་ནུབ་པས་སྡེ་བ་གང་པོ་ད་ལྟའི་གནས་འདིར་སྤར་བ་ཡིན། གནས་སྤར་མ་ཐག་གི་སྐབས་སུ་སྡེ་བས་ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་ལེགས་སྒྱུར་བྱས་ཏེ་རི་ལྡེབས་སུ་བཙུགས་ཡོད་པའི་སྦྱར་སྡོང་དང་ལྕང་སྡོང་རིགས་ལ་བརྟེན་ནས་ཁོར་ཡུག་ཇེ་ལེགས་སུ་གྱུར་ཀྱང་ཁེ་ཕན་ངོ་མ་ཞིག་མ་ཐོབ”ཟེར།

རྗེས་སུ། སྣང་ར་ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་གིས་གནད་དོན་དེར་དམིགས་ནས། རང་འགུལ་གྱིས་གནས་སྤོར་བཀོད་སྒྲིག་ཅུའུ་ནས་ལས་གཞིའི་རམ་འདེགས་བརྩོན་ལེན་བྱས། 2020ལོར། བསྡོམས་པས་མ་དངུལ་སྒོར་ས་ཡ་ལྔ་དང་འབུམ་ལྔ་ལྷག་བཏང་བའི་ལ་མོ་སྡེ་བའི་དཔལ་འབྱོར་ནགས་ཚལ་ལས་གཞི་དངོས་སུ་ལག་བསྟར་བྱས། སྡོང་ཕྲུག་ཉོ་བ་དང་མིས་བཟོས་བཅོས་སྒྱུར་བྱས་ཏེ་དཔལ་འབྱོར་ནགས་ཚལ་སྤྱི་ཆིང12.22ཅན་ཞིག་བསྐྲུན།

ད་ལྟ་དཔལ་འབྱོར་ནགས་ཚལ་དེར“གཉོམ་ལག་རྒྱས”ཡོད་ལ་སྤྱི་ཆིང14.67དུ་ཇེ་ཆེར་གྱུར་ཡོད། དེ་རུ་ཤིང་ཏོག་ཅུ་ལི་དང་སྔོ་ཁམ། ཁམ་བུ། གྲོ་སིལ། ཀུ་ཤུ་བཅས་ཀྱི་སྡོང་པོ་ཡོད་ལ། དཔྱིད་ཀར་མེ་ཏོག་བཞད་ཅིང་དབྱར་ཁར་བསིལ་འགུགས། སྟོན་ཁར་སིལ་ཏོག་སྨིན་པས། ལ་མོ་སྡེ་བའི“ལྗང་མདོག་གི་སྲུང་ཡོལ”དུ་གྱུར་ཡོད་པར་མ་ཟད་མིང་དོན་གཉིས་ལྡན་གྱི་སིལ་ཏོག་སྣ་མང་གི་བང་མཛོད་དུའང་གྱུར་ཡོད། གྲགས་པས་བཤད་རྒྱུར། “ནགས་ཚལ་འདིར་བརྟེན་ནས་སྡེ་བའི་ཐུན་མོང་དཔལ་འབྱོར་ལོ་རེ་ནས་ལོ་རེར་ཇེ་རྒྱས་ཡིན་པ་དང་། སྡེ་མི་རྣམས་ཀྱིས་སིལ་རའི་ནང་དུ་ཞོར་ལས་གཉེར་ནས་གླ་ཕོགས་ལེན་པ་དང་ལོ་མཇུག་ཏུ་ཁེ་སྤོགས་ཀྱང་ཐོབ་རྒྱུ་ཡོད་པས་ཕྱུག་འགྱུར་གྱི་རྨང་རྡོ་བརྟན་པོར་གྱུར་ཡོད་ཟེར་ཆོག”ཅེས་ཟེར།

གྲོང་གསེབ་དར་སྤེལ་གྱི་ལམ་དུ་ནམ་ཡང་རང་གཅིག་པུའི་ནུས་པར་བརྟེན་ན། དེར་བསྟུན་གྱི་གྲུབ་འབྲས་ཐོབ་མི་སྲིད་པས། ཕྱོགས་གཉིས་མཉམ་ལས་དང་གཞན་གྱི་རོགས་རམ་ནི་ལམ་བུའི་འདིའི་སྟེང་དུ་རྒྱལ་ཁ་དང་གྲུབ་འབྲས་ལེན་པའི་ཐབས་ལམ་གལ་ཆེན་ཞིག་ཡིན་ངེས། ཀྲུང་གོ་ཧྭ་ནུན་ཚོགས་པ་ནི་ཀྲུང་དབྱང་ཁེ་ལས་ཀྱིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་སྟོབས་ཤུགས་ཆེན་པོ་ཞིག་ཡིན་པའི་ཆ་ནས། ལ་མོ་སྡེ་བའི་སིལ་ར་དང་ཚོང་ར་ཆེན་པོའི་བར་དུ་ཚོང་འབྲེལ་གྱི་ཟམ་པ་འཕངས་ཡོད་པ་དང་། སིལ་ཏོག་གི“འཚོང་ལམ་རྒྱ་བསྐྱེད”དང“རིན་ཐང་མཐོར་འདེགས”ཀྱི་འགག་སྒྲོལ་གཉིས་ཀར་དམིགས་ཏེ། འཚོང་ལམ་ཐད་ནས“ཕྱི་ནང་མཉམ་སྒུལ”གྱི་འཛད་སྤྱོད་རོགས་རམ་དྲ་རྒྱ་གནད་འཁེལ་སྒོས་བཙུགས་ཡོད། ཕྱི་རུ832ཀྱི་སྟེགས་བུ་དང་འཚོ་བ་ངོ་མ་སོགས་ཀྱི་ཆེད་ལས་དྲ་འཚོང་སྟེགས་བུར་སྦྲེལ་བ་དང་། ནང་དུ་མཉམ་སྒུལ་ཚོགས་པའི་ནང་ཁུལ་གྱི་ཧྭ་ནུན་ཚོང་ར་དང་ཧྭ་ནུན་སླ་ཉོ་སོགས་རང་དབང་ཉོ་སྡུད་ཀྱི་འཚོང་ལམ་བརྒྱུད་དེ། ལ་མོ་སྡེ་བའི་ཅུ་ལི་པེ་ཅིན་དང་ཐེན་ཅིན་སོགས་གྲོང་ཁྱེར་ཆེན་པོའི་ཁྱིམ་ཚང་ཁྲི་སྟོང་མང་པོར་ཐོན་དུ་བཅུག་ཡོད། ཚོང་རྫས་ཀྱི་ཐད་ནས་ཀྲུང་གོ་ཧྭ་ནུན་ཚོགས་པས་སེམས་ཞིབ་མོས་ཐོན་རྫས་ཀྱི་ཁྱད་ཆོས་ལ་དམིགས་ཡོད་པ་དང་། ཇུས་འགོད་སྟེང་ནས་རྨ་ཆུའི་འགྲམ་ངོགས་ཀྱི་དཔལ་འབྱོར་ནགས་ཚལ་གྱི་ལྗོངས་ཡོངས་དང་ཅུ་ལི། བོད་རིགས་མང་ཚོགས་ཀྱིས་ཅུ་ལི་བཏོག་པའི་རྣམ་པ་མཚོན་པའི་ཁཱ་ཐོང་རབ་བཏགས་རི་མོའི་ལམ་ནས་མཛེས་སྣང་དང་གོ་ཆོད་པའི་ཐུམ་ཤུན་ལེགས་པོ་བཟོས་ཡོད། བྱ་བ་འདི་བསྒྲུབས་པ་ལས“གཅན་ཚའི་ཅུ་ལི” ཡི་ཐུན་མོང་མ་ཡིན་པའི་མཚོན་རྟགས་མིའི་སེམས་སུ་བཅུག་ཡོད་ལ། སྔོན་ཆད་ཀྱི“ཡུལ་མི་རྣམས་ཀྱི་ཞོར་ཟས་ཞིམ་པོ”དེ་གྲོང་ཁྱེར་པས་དགའ་བསུ་ཐོབ་པའི“ཚོང་རྫས་བཟང་པོ”རུའང་འགྱུར་དུ་བཅུག་ཡོད།

གྲགས་པས་དགོད་ཞོར་དུ་བཤད་རྒྱུར། “ཀྲུང་གོ་ཧྭ་ནུན་གྱིས་རོགས་སྐྱོར་ཆེན་པོ་བྱས་པས་ཅུ་ལིའི་འཚོང་ལམ་བཏོད་ཡག་བྱས་ཤིང་། ང་ཚོའི་ཡོང་སྒོའང་ལོ་རེ་ནས་ལོ་རེར་ཇེ་མང་རེད”ཅེས་ཟེར།

ཅུ་ལི་ཤོག་སྒམ་དུ་སྒྲིག་བཞིན་པའི་སྡེ་མི་ཤ་གོ་ཡང་གསར་འགོད་པའི་འགྲམ་དུ་ཡོང་ནས་མོའི་མྱོང་ཚོར་གླེང་བ་སྟེ། “ངས་ཡར་སྔོན་ཕྱི་རུ་ཞོར་ལས་ལས་པ་ཡིན། ནངས་སྔ་ལངས་དང་དགོང་འཕྱི་ཉལ་བྱས་ནའང་བརྟན་འཇགས་ཀྱི་ཡོང་སྒོ་ཞིག་ལེན་མི་ཐུབ། ད་ལྟ་སྡེ་བའི་ནང་གི་ཅུ་ལི་ཐོན་ལས་དར་ཡོད་པས་ཁྱིམ་ལ་བདག་སྐྱོང་བྱེད་ཞོར་དུ་ལས་ཀ་ལས་ན་ཆོག སིལ་རར་ལྟ་སྐྱོང་དང་སིལ་ཏོག་འཐོག་པ། དུས་རྒྱུན་དུ་ཆུ་གཏོང་བ་དང་ལུད་འཇོག་པ། རྩྭ་ལྡུམ་འབལ་བ་བཅས་བྱས་ན་ཟླ་རེར་སྒོར་སྟོང་གསུམ་རེ་བཙལ་ཐུབ། ཁྱིམ་གྱི་ལོ་ལོན་གྱི་ལུས་ཕུང་མི་བདེ་བ་བྱུང་ནའང་དེ་མ་ཐག་ཏུ་ཐོན་ཐུབ་པས། ལས་ཀ་འདི་ལས་ན་སྒོར་མོ་བཙལ་ཐུབ་པར་མ་ཟད་ཁྱིམ་ཚང་ལའང་བདག་སྐྱོང་བྱེད་ཐུབ། འདི་ནི་ཉོ་དགོས་ཚེ་མི་ཁུག ཁྱེད་ཀྱིས་ལྟོས་དང་། ཅུ་ལི་བཏོག་ཚར་རྗེས། ཟླ་བཅུ་པར་ཀུ་ཤུ་བཏོག་དགོས། འདི་ལྟར་ལོ་ཧྲིལ་པོར་ཁོམ་པ་ཞིག་མེད། ལག་ན་སྒོར་མོ་ཡོད་པས་སེམས་སྐྱིད་པོ་རེད”ཟེར།

གྲགས་པས་མཛུབ་མོ་རེ་རེ་བཞིན་ནང་དུ་བཀུགས་ནས་དབྱེ་ཞིབ་བྱས་པ་སྟེ། “ད་ལྟ་བྲེལ་བྲེལ་འཚུབ་འཚུབ་ཀྱིས་ཅུ་ལི་སིལ་ཏོག་སྐྱེ་ལྡན་ཡིན་པར་ར་སྤྲོད་བྱེད་བཞིན་ཡོད། ར་སྤྲོད་ཡི་གེ་བླངས་རྗེས་བཟང་ཆ་མང་པོ་མཆིས།”“གཅིག་ནས་སྔར་བས་རིན་གོང་མཐོན་པོར་འཚོང་ཐུབ། སྤྱིར་བཏང་གི་ཅུ་ལི་དང་བསྡུར་ན་རྒྱ་མ་རེར་ཉུང་མཐའ་ཡང་སྒོར་བཞི་ལྔ་ལས་མང་དུ་བཙོང་ཐུབ། གཉིས་ནས་སྔར་ལས་ཆེ་བའི་ཚོང་རར་བཙོང་ཐུབ། གྲོང་ཁྱེར་གྱི་སྐྱེ་ལྡན་སྒོ་རྩིས་ཁང་དང་རིམ་པ་མཐོན་པོའི་སིལ་ཏོག་ཚོང་ཁང་སོགས་ནས་འཕྲོག་རེས་བརྒྱབ་ནས་ཉོ་བའི་ཚོང་རྫས་སུ་འགྱུར་སྲིད། གསུམ་ནས‘གཅན་ཚ་ཅུ་ལི’ཡི་ཟོང་རྟགས་གྲགས་སུ་འཇུག་ཐུབ། ཕྱིན་ཆད་ཚང་མས་ཅུ་ལི་ལེགས་པོ་གླེང་ན་སེམས་སུ་ཐོག་མར་ལ་མོ་སྡེ་བ་འཆར་ཐུབ”ཅེས་ཟེར།

མ་འོངས་པའི་སྐོར་གླེང་དུས། གྲགས་པའི་མིག་ནང་དུ་རྣམ་རིག་ཅིག་རྒྱས་ཏེ། “གསར་དུ་འཐོག་པའི་ཅུ་ལི་འཚོང་བ་ཁོ་ནས་མི་ཆོག  སྐྱེ་ལྡན་ར་སྤྲོད་ཡི་གེ་ལག་ཏུ་འབྱོར་རྗེས། ང་ཚོས་ལས་སྣོན་ཞིབ་མོའི་ཐོན་སྐྱེད་བྱ་ཡུལ་ནང་འདྲེན་བྱས་ཏེ་གསར་དུ་འཐོག་པའི་ཅུ་ལི་སྐོར་ཞིག་བཙོངས་རྗེས། ཤུལ་གྱི་ཅུ་ལི་རྣམས་ཅུ་ལི་སྐམ་པོ་དང་ཅུ་ལི་སིལ་ཁུ་བཟོ་རྒྱུ་དང་། དེར་རིམ་པ་མཐོན་པོའི་ལེགས་སྐྱེས་ཕྱི་ཐུམ་བརྒྱབ་ནས། ‘གཅན་ཚའི་ཅུ་ལི’དེ‘སིལ་ཏོག་དཀྱུས་མ’ནས‘ཟུར་སྣོན་རིན་ཐང་མཐོ་བའི་སྐྱེ་ལྡན་ཐོན་རྫས’སུ་བསྒྱུར་རྒྱུ་ཡིན། སྐབས་དེར་སླེབས་དུས་ཡུལ་མི་སྔར་བས་མང་པོ་ཞིག་གིས་སྒོ་ཁ་རུ་ལས་ཀར་ཞུགས་སུ་བཅུག་ནས་ཚང་མར་ཡོང་སྒོ་མང་པོ་བསྐྲུན་ཐུབ། ཤིང་ཏོག་ཅུ་ལི་མངར་མོ་འདིས་ལ་མོ་སྡེ་བའི་འཚོ་བའི་འབྱོར་ཕྱུག་ཡང་བསྐྱར་སྐས་རིམ་གསར་པ་ཞིག་ལ་བསླེབ་ཏུ་འཇུག་ཐུབ”ཅེས་ཟེར།

ལྷ་མོ་འཚོས་རྩོམ་སྒྲིག་བྱས།

ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།