
ད་ལོའི་ཚུན་ལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས“བརྩེ་སེམས་སྒོ་བཅར”ཞེས་པའི་བྱ་སྤྱོད་སྤེལ་ནས། རང་འགུལ་ངང་ལས་ཞུགས་ཞབས་ཞུ་གཞི་རིམ་ཡུལ་དངོས་དང་པོར་སྐྱེལ། མིག་སྔའི་བར་དུ་རོང་འབྲོག་ས་ཁུལ་དུ་ངལ་རྩོལ་ནུས་ཤུགས་ཀྱི་ལས་ཞུགས་མི་ཐེངས་བཞི་ཁྲི་བདུན་སྟོང་བཞི་བརྒྱ་ཉི་ཤུར་སླེབས་པ་དང་། མཁར་གྲོང་དུ་ལས་ཞུགས་བྱས་པའི་མི་གྲངས2369ལ་འཕར། མཁར་གྲོང་དུ་ལས་ཤོར་ཚད་ཐོ་འགོད་བྱས་པ་བརྒྱ་ཆའི་གཅིག་གྲངས་ཆུང་བདུན་བརྒྱད་ཀྱི་དམའ་གནས་ཚད་ནས་ཚོད་འཛིན་བྱས་ཏེ། ལས་ཞུགས་ཁྱོན་ཆེན་པོ་གཏན་འཇགས་ཡིན་པ་སྲུང་འཛིན་བྱས་ཡོད།
མཚོ་བྱང་ཁུལ་གྱིས“སྒོ་བཅར་ཞིབ་བརྟག་དང་གཞི་གྲངས་ཞིབ་བསྡུར” གྱི་བྱེད་ཐབས་སྤྱད་དེ་ལས་ཞུགས་ཀྱི་མ་གྲངས་ཤེས་རྟོགས་དང་། གཞི་གྲངས་ཆིག་འབུམ་བརྒྱད་ཅུ་འཚོལ་བསྡུ་དབྱེ་ཞིབ་བྱས་ནས། མི་སྣའི་མ་གྲངས་གསལ་བ་དང་། ལས་ཞུགས་ཀྱི་གནས་ཚུལ་གསལ་བ། ཞབས་ཞུའི་དགོས་མཁོ་གསལ་བ་བཅས་མངོན་འགྱུར་བྱུང་། “གཞི་གྲངས་ལྟེ་གནས་དང་རྐང་བགྲོད་པའི”ཞབས་ཞུའི་མ་ལག་ལྟར་ལས་ཤོར་མི་སྣ་སོགས་ལས་ཞུགས་ཀྱི་དཀའ་ངལ་ཡོད་པའི་ཁྱུ་ཚོགས་གནད་ལ་འཁེལ་བའི་སྒོ་ནས་དབྱེ་འབྱེད་བྱས་ཏེ། “བརྩེ་སེམས་སྒོ་བཅར་དང་། སྒོ་རྡུང་འདྲི་བརྟག་གི”ཞབས་ཞུ་རྗེས་སྙེག་འདོན་སྤྲོད་བྱས་ནས། “རོགས་རམ་བྱེད་དགོས་པར་རོགས་རམ་གང་ཐུབ་བྱེད་པ”མངོན་འགྱུར་བྱས། “ལས་ཞུགས་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་དང་དམངས་ཕན་ཁ་གསབ་ཀྱི་དངུལ་སྤྲོད་གྲངས་འབོར་འདང་ངེས”ཀྱི་དམིགས་འབེན་ལ་གཞིགས་ནས། ཕྱོགས་ཡོངས་ནས་ཁེ་ལས་ལ་རོགས་རམ་དང་ལས་རྐང་གཏན་འཇགས། ལས་ཞུགས་ཡར་སྐུལ་སོགས་ཀྱི་ལས་ཞུགས་སྲིད་ཇུས་དྲིལ་སྒྲོག་བྱས་ཏེ། “མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་སྲིད་ཇུས་ཁུག་དེབ”ཉིས་ཁྲི་བཟོས་ནས་འགྲེམ་སྤེལ་བྱས་པ་དང་། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་སོགས་ཀྱི་ལས་ཞུགས་སྲིད་ཇུས50ལྷག་བསྟུད་མར་སྒྲོག་སྤེལ་བྱས་ཏེ། ལས་རིགས་གསོ་སྦྱོང་སོགས་ལས་ཞུགས་ཀྱི་དམངས་ཕན་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གཉིས་བརྩོན་ལེན་བྱས་ནས། ངལ་རྩོལ་པ་མི་ཐེངས་བརྒྱད་ཁྲི་དྲུག་སྟོང་ལྷག་ལ་ཕན་ཐོགས་ཡོད།
“ཡུལ་ཚོ་དང་གྲོང་རྡལ། སྡེ་བ་དང་སྡེ་ཁུལ། ཁེ་ལས་སུ་བསྐྱོད་པ”སོགས“གསུམ་སྐྱོད”ཀྱི་ལས་ཞུགས་ཞབས་ཞུའི་རྣམ་པ་གསར་དུ་བཏོད་པ་དང་། ལས་ཞུགས་ལས་རྐང་གི“སྒོ་བཅར་ཁྱིམ་སྐྱོད”ལ་ཡར་སྐུལ་བཏང་བ་དང་། ཡུལ་བབ་དང་བསྟུན་ནས་དཔྱིད་རླུང་འགུལ་སྐྱོད་དང་། ཐད་གཏོང་ལས་སྩོལ་སོགས་གདན་ཞུའི་བྱེད་སྒོ་སྤེལ་བ་དང་། ཁེ་ལས2000ལྷག་རྩ་འཛུགས་བྱས་ནས་ལས་ཞུགས་ལས་གནས་སུམ་ཁྲི་ལྷག་འདོན་སྤྲོད་བྱས་ཏེ། རོང་འབྲོག་ས་ཁུལ་དུ་ཉེ་འགྲམ་ནས་ལས་ཞུགས་མི་ཐེངས་སུམ་ཁྲི་སུམ་སྟོང་ཉིས་བརྒྱ་བརྒྱད་ཅུ་མངོན་འགྱུར་བྱེད་པར་ཡར་སྐུལ་བཏང་། “རྫོང་འབྲེལ་འགན་ལེན་དང་། ཁེ་ལས་འགན་ལེན་མཉམ་འབྲེལ་ས་ཚིགས”ཀྱི་ལམ་སྲོལ་བཙུགས་ཏེ་ལག་ཏུ་བསྟར་བ་དང་། མཚོ་བྱང་ཁུལ་ཡོངས་སུ་ལས་ཞུགས་ལས་བྱེད་མི་སྣའི“གཅིག་གཏད་གཅིག”གི་མཉམ་འབྲེལ་འགན་ལེན་གཙོ་གནད་ལས་བཀོལ་ཁེ་ལས46ཡོད། ཁེ་ལས་ཐོན་སྐྱེད་ཀྱི་རྩལ་ནུས་ཤེས་ལྡན་མི་སྣ་འབད་པས་གསོག་འཇོག་བྱས་ཏེ། ལས་རིགས་རྩལ་ནུས་མཐོར་འདེགས་གསོ་སྦྱོང་དང་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེན་པོ་སོགས་སྤེལ། ཁེ་ལས་སུ་སོང་ནས“གཅིག་གཏད་གཅིག”གིས་ཁེ་ལས་ལ་ཕན་ཐོགས་པའི་སྲིད་ཇུས་འགྲེལ་ཀློག་བྱས་ཏེ། རིམ་རྩིས་བྱས་ན་ལས་རྐང་གཏན་འཇགས་ཡོང་བའི་ཕྱིར་སྤྲོད་ཀྱི་ཁ་གསབ་སྒོར་ས་ཡ་གཉིས་སུམ་འབུམ་བརྒྱད་ཁྲི་བརྒྱད་སྟོང་དྲུག་བརྒྱ་དོན་འཁྱོལ་བྱས།
མཚོ་མོ་སྐྱིད་ཀྱིས་བསྒྱུར།