



ཉེ་ལམ། ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུས་ཀྱི་རི་མའི་ཞིང་ནང་དུ། འབྲེག་སྡུད་འཕྲུལ་ཆས་ཀྱིས་འུར་སྒྲ་སྒྲོག་བཞིན་ཞོག་ཁོག་སློག་བཞིན་འདུག སྡེ་མི་རྣམས་དེའི་རྗེས་དེད་ནས་ཞོག་ཁོག་ཁུག་མའི་ནང་དུ་འཇུག་པ་དང་སྐྱེལ་འདྲེན་བྱེད་པ་སོགས་བྲེལ་འཚུབ་ཀྱི་རྣམ་པས་ཁེངས་ལ། ལོ་ལེགས་བྱུང་བའི་དགའ་སྤྲོ་མི་རེ་རེའི་གདོང་དུ་ཤར་འདུག
ད་ལྟ་ཧོང་ཀྲུང་ཆུས་ཀྱི་ས་ཞིང་སྤྱི་ཆིང8666.67སྟེང་གི་ཞོག་ཁོག་ཕྱོགས་ཡོངས་ནས་སྡུད་པའི་དུས་ཚིགས་སུ་སླེབས་ཡོད། རི་མའི་ཞིང་ས་ནས་ཆུ་མའི་ཞིང་སའི་བར་གྱི་ག་ས་གང་དུ་བྲེལ་བྲེལ་འཚུབ་འཚུབ་ཀྱིས་ཞོག་ཁོག་སྡུད་པའི་རྣམ་པས་ཁེངས།
ཧའེ་ཙི་ཀོའུ་ཡུལ་ཚོ་ཅིན་ཅ་ཀྲུང་སྡེ་བའི་ཧོང་ཀྲུང་ཆུས་ཧྥ་ཀུའེ་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་གི་ས་ཞིང་སྤྱི་ཆིང26.67སྟེང་གི་ཞོག་ཁོག་སྡུད་བཞིན་ཡོད། མཉམ་ལས་ཁང་གི་འགན་འཁུར་པ་ཧྲན་ཧྥ་ཀུའེ་ཡིས་ཞོག་ཁོག་གི་རྒྱུ་སྤུས་ལ་ལྟ་ཞོར། ད་ལོར་མཉམ་ལས་ཁང་གིས་ཅིན་ཅ་ཀྲུང་སྡེ་བ་དང་ཀན་ཀོའུ་སྡེ་བ། ཧའེ་ནན་སྡེ་བ་བཅས་སུ་ཞོག་ཁོག་བཏབ་པ་དང་།དེའི་ནང་དུ80%ལ“མཚོ་སྔོན་ཞོག་ཁོག9པ”བཏབ་པ་དང་། འཕྲོ་མའི་ས་ཞིང་སྟེང“མཚོ་སྔོན་ཞོག་ཁོག10པ”དང“མཚོ་སྔོན་ཞོག་ཁོག2པ”བསྡེབས་ནས་བཏབ་པས། མུའུ་རེའི་ཐོན་ཚད་སྤྱི་རྒྱ2300ལ་སླེབས་ཤིང་མུའུ་རེའི་ཆ་སྙོམས་ཡོང་སྒོ་སྒོར1030ལ་སླེབས།
“གསར་སློག་ཞོག་ཁོག་ཁག་ཅིག་ཐད་ཀར་བཙོངས་པ་དང་། ཁག་ཅིག་ཧྲང་ཞིན་ཀྲུང་གི་ཞོག་ཁོག་ལས་སྣོན་བཟོ་གྲྭར་བསྐྱལ་བ་ཡིན། ད་ལོར“མཚོ་སྔོན་ཞོག་ཁོག9པའི”བསིང་ཕྱེ་འདུས་ཚད་ཧ་ལམ15.4%ཡིན་ལ་ཏུན་རེར་སྒོར940རུ་བཙོང་ཐུབ་པས། ཡོང་སྒོ་སྤྱིར་བཏང་གི་ཞོག་ཁོག་ལས་བཟང”ཞེས་ཧྲན་ཧྥ་ཀུའེ་ཡིས་དེ་ལྟར་བཤད།
ཞིང་ནང་གི་ཞོག་ཁོག་བསྡུ་བ་དང་མཉམ་དུ། ཧོང་ཀྲུང་ཆུས་ཧྲང་ཞིན་ཀྲུང་གི་ཞོག་ཁོག་ལས་སྣོན་ཞིབ་མོ་བཟོ་གྲྭའི་ནང་དུའང་བྲེལ་འཚུབ་ཀྱི་རྣམ་པས་ཁེངས་འདུག ཞིང་ཁ་ནས་དྲུད་ཡོང་མ་ཐག་གི་ཞོག་ཁོག་དག་གཙང་བཀྲུ་དང་དབྱེ་འབྱེད། ལས་སྣོན་བྱས་པ་བརྒྱུད་སྐད་ཅིག་མར་བསིང་ཕྱེ་དང་རྒྱུས་སྐུད་དུ་གྱུར་ནས། ཐོན་ལས་ཀྱི་ཕྲེང་འབྲེལ་བསྲིངས་ཤིང་ཟུར་སྣོན་གྱི་རིན་གོང་མཐོར་འདེགས་བྱས་ཡོད། དེ་ནི་ཞོག་ཁོག་གི་སྤུས་ལེགས་ས་བོན་གྱི་འདེགས་སྐྱོར་དང་ཁ་འབྲལ་ཐབས་མེད།
ཉེ་བའི་ལོ་ཤས་རིང་ལ། ཧོང་ཀྲུང་ཆུས་ཞིང་ལས་ལག་རྩལ་ཁྱབ་གདལ་ལྟེ་གནས་ཀྱིས་ས་བོན་བཟོ་འགོད་ཀྱི་འཛུགས་སྐྲུན་ལ་བསྟུད་མར་ཤུགས་བསྣན་ནས། ཞོག་ཁོག་གི་དུག་བྲལ་མྱུ་གུ་གསོ་བའི་ནུས་པ་མཐོར་འདེགས་བཏང་བས། ད་ལྟ་ཧོང་ཀྲུང་ཆུས་ཀྱི་ཞོག་ཁོག་གི་ས་བོན་བཟང་པོ་ཁེབས་ཚད96%ལ་སླེབས་ཡོད། “མཚོ་སྔོན་ཞོག་ཁོག2པ”དང“མཚོ་སྔོན་ཞོག་ཁོག9པ།”“མཚོ་སྔོན་ཞོག་ཁོག10པ”སོགས་ཐོན་མཐོའི་སྤུས་ལེགས་ས་བོན་འདི་གསུམ་འདེབས་བྱ་གཙོ་བོར་གྱུར་ཡོད་ལ། དུག་བྲལ་ཞོག་ཁོག་འདེབས་གསོ་རྟེན་གཞི་ཐོན་ལས་གོང་འཕེལ་དང་བརྟན་པོར་གཏོང་བའི“ས་བོན་འབྱུང་ཁུངས་ཀྱི་རྨང་རྡོ”རུ་གྱུར་ཡོད།
“ང་ཚོས་ས་བོན་བཟང་པོ་སྐྱེད་སྲིང་གི་བྱ་བ་དམ་འཛིན་བྱེད་བཞིན་པར་མ་ཟད་སྔོན་ཐོན་གྱི་འདེབས་འཛུགས་ལག་རྩལ་ཁྱབ་གདལ་དང་རྩ་བ་ཚུགས་པར་དེ་བས་ཀྱང་དོ་སྣང་བྱེད་ཀྱིན་ཡོད།”ཧོང་ཀྲུང་ཆུས་ཞིང་ལས་ལག་རྩལ་ཁྱབ་གདལ་ལྟེ་གནས་ཀྱི་ཀྲུའུ་རིན་ཝེ་ཅན་ཕིང་གིས་མཚམས་སྦྱོར་བྱེད་རྒྱུར། ད་ལོར་ཆུས་ཡོངས་སུ་འགྱིག་ཁེབས་སྐྱེད་སྲིང་ལག་རྩལ་སྤྱི་ཆིང5066.67སྟེང་བཀོལ་བ་དང་། ཆུ་ལུད་གཞི་གཅིག་ཅན་གྱི་ཕན་མཐོ་སྐྱེད་སྲིང་ལག་རྩལ་སྤྱི་ཆིང400སྟེང་དུ་བཀོལ། དེའི་ཁར་ཞོག་ཁོག“འགྱིག་ཁེབས་ཉིས་བརྩེགས”ཀྱི་སྐྱེད་སྲིང་ལག་རྩལ་བདེ་བླག་གིས་ནང་འདྲེན་བྱས་པས། “དུག་བྲལ་ཞོག་ཁོག་འདེབས་པ་དང་ལོག་རུལ་དུ་བསྐྱུར་བ། ལུད་རྫས་གསར་པ་བཀོལ་བ། ལག་རྩལ་སྒྲིག་ཆས་གསར་པ་བཀོལ་བ། འབུ་གནོད་ལ་ཕྱོགས་བསྡུས་ཚོད་འཛིན་བྱེད་པ”ཡི་ལག་རྩལ་ཆ་སྒྲིག་གི་རྣམ་པ་གྲུབ་ཡོད།
དུས་མཚུངས་སུ། ཆུས་ཡོངས་སུ་མུའུ་བརྒྱ་ཅན་གྱི་ཞིང་ས40དང་མུའུ་སྟོང་ཅན་གྱི་ཞིང་ས་བཅུ། ཡུག་འབྲེལ་ཞིང་ས་མུའུ་ཁྲི1བཅས་བསྐྲུན་ནས། ཡན་ལག་གིས་ཁྱོན་ཡོངས་ལ་སྣེ་ཁྲིད་པའི་སྒོ་ནས་འདེབས་འཛུགས་ལག་རྩལ་ཁྱབ་གདལ་དུ་བཏང་། ན་ནིང“མཚོ་སྔོན་ཞོག་ཁོག10པ”ཞིང་ས་མུའུ་རེའི་སྟེང་ཞོག་ཁོག་སྤྱི་རྒྱ5946.9ཐོན་པས་ལོ་རྒྱུས་ཀྱི་མཐོ་ཤོས་བསྐྲུན།
ད་ལྟ། ཧོང་ཀྲུང་ཆུས་ཀྱི་ཞོག་ཁོག་ཐོན་ལས་དེ“ཞོག་ཁོག་རྡོག་པོ་དང་ཐོན་ལས་ཆེན་པོ། བྱས་འབྲས་ཆེན་པོ”ཡི་འཕེལ་རྒྱས་ཀྱི་རྣམ་པ་རགས་ཙམ་ཞིག་ཆགས་ཡོད། ཆུས་ཡོངས་ཀྱི་ཞོག་ཁོག་འདེབས་འཛུགས་ཀྱི་རྒྱ་ཁྱོན་སྤྱི་ཆིང8666.67དུ་བརྟན་པོར་གནས་ཡོད་ལ། ཞོག་ཁོག་འདེབས་པའི་རྒྱ་ཁྱོན་ཟི་ལིང་གྲོང་ཁྱེར་གྱི52%དང་ཞིང་ཆེན་ཡོངས་ཀྱི་ཧ་ལམ10%ཟིན་ཡོད། སྤྱིའི་ཐོན་ཚད་ཏུན24དང་ཕྱོགས་བསྡུས་རིན་ཐང་སྒོར་དུང་ཕྱུར3.6ལ་སླེབས་ཡོད། ཞོག་ཁོག་ཚོང་གཉེར་བདག་པོ200ལྷག་གིས“ཁེ་ལས་དང་མཉམ་ལས་ཁང་། ཞིང་བ་ཁྱིམ་ཚང་རྟེན་གཞི”བཅས་ཀྱི་རྣམ་པ་བརྒྱུད་ནས། ཁྱིམ་ཚང་ཁྲི11ལ་ཡོང་སྒོ་སྒོར་བྱེ་བ་ལྔ་དང་འབུམ་ལྔ་འཕར་དུ་བཅུག་ཡོད།
དེ་ལས་ཀྱང་གླེང་རིན་ཡོད་པ་ཞིག་ལ་ད་ལོའི་ཟླ10པའི་ཚེས10ཉིན། ཧོང་ཀྲུང་ཆུས་ཞོག་ཁོག་ཐོན་སྐྱེད་རྟེན་གཞི་བདེ་བླག་ངང་རྒྱལ་ཡོངས་ལྷད་མེད་ཟས་རིགས་རྒྱུ་ཆ་ཚད་ལྡན་ཅན་དུ་ཐོན་སྐྱེད་བྱེད་པའི་རྟེན་གཞི་འཛུགས་སྐྲུན་གྱི་དཔེ་མཚོན་མིང་ཐོའི་གྲས་སུ་ཚུད། “ལྷ་ཡུལ”སོགས་ཡུལ་ཁོངས་སྤྱི་སྤྱོད་ཟོང་རྟགས་དང་ཁེ་ལས་ཟོང་རྟགས་ཞིང་ཆེན་གཞན་དུ་སྙན་གྲགས་ཀྱི་བ་དན་གཡོས་ནས། ད་ལོར་གསར་སློག་ཞོག་ཁོག་ཏུན་འབུམ་གཅིག་དང་ཁྲི་ལྔ་བཙོངས། ཀན་སུའུ་དང་ཉིང་ཞ། ཡུན་ནན་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་སུ་བཙོངས་ནས་ཧོང་ཀྲུང་གི་ཞོག་ཁོག་སྔར་ལས་རྒྱ་ཆེ་བའི་ཚོང་རར་འཚོང་བཞིན་འདུག །
ཤ་བོ་རིན་མཚོས་རྩོམ་སྒྲིག་བྱས།