
“བཅའ་ཁྲིམས་ནི་ཚང་མའི་དཀའ་གནད་ཐག་གཅོད་དང་འཚོ་བར་སྲུང་སྐྱོབ་བྱེད་པའི‘བློ་བདེ་རིལ་བུ”ལྟ་བུ་ཞིག་ཡིན།”རྨ་ལྷོ་ཁུལ་ཐུན་རིན་གྲོང་ཁྱེར་རོང་བོ་གྲོང་རྡལ་རེབ་གོང་ལམ་གྱི་མཁར་སྡེ་རུ“བཅའ་ཁྲིམས་ཤེས་རྟོགས་པ”ཚེ་མོ་མཁར་གླེང་དུས། སྡོད་དམངས་རྣམས་ཀྱིས་ཁོ་མོས་འཛུམ་མདངས་སྟོན་ཞོར་འགྲེལ་བཤད་བྱེད་པ་དང་ངང་རྒྱུད་རིང་པོས་ཞིབ་ཏུ་ཉན་པའི་སྣང་བརྙན་རྟག་ཏུ་ཡིད་ལ་འཁོར་བཞིན་ཡོད། མཁར་སྡེ་ཡི“བཅའ་ཁྲིམས་ཤེས་རྟོགས་པ”ཡི་འགན་ཁུར་བའི་ཚུན་ལ། ཚེ་མོ་མཁར་གྱིས་ཐོག་མཐའ་བར་གསུམ་དུ་གཞི་རིམ་མང་ཚོགས་ཀྱི་དགོས་མཁོར་རྐང་ཚུགས་ནས་ཁྲིམས་སྐྱོང་དྲིལ་སྒྲོག་དང་འགལ་བ་དང་རྩོད་གཞི་ཐག་གཅོད་བྱེད་པའི་ཡུལ་དངོས་དང་པོར་སོང་ནས། ཆེད་ལས་དང་སྤྲོ་སེམས་ལ་བརྟེན་ནས་བཅའ་ཁྲིམས་དང་མང་ཚོགས་བར་གྱི“སྦྲེལ་ཟམ”བཙུགས་ཏེ། ཁྲིམས་སྐྱོང་གི་ཉི་འོད་མཁར་སྡེ་ཡི་གྲུ་ཁ་སོ་སོར་འཕྲོ་རུ་བཅུག
ཁྲིམས་སྐྱོང་དྲིལ་སྒྲོག་ས་གནས་དང་འཚམ་པར་བྱས་ཏེ། མང་ཚོགས་ཀྱི“འགོག་སྲུང་གྱང་ར”ཇེ་བརྟན་དུ་བཏང་།
“ཚང་མས་གློག་འཕྲིན་གྱི་མགོ་སྐོར་གཡོ་ལེན་ལ་ཐུག་ན་ཇི་ལྟར་རྫུན་རྐུབ་བརྟོལ་དགོས་པ་ཨེ་ཤེས། རྒན་གསོའི་དངུལ་གཏན་ནས་མི་རྒྱུས་མེད་ཀྱི་ལག་ཏུ་སྤྲོད་མི་རུང་།”རེབ་གོང་ལམ་གྱི་མཁར་སྡེའི་ཐང་ཆེན་དུ། རྒན་གསོའི་དངུལ་གཡོ་ལེན་ལ་འགོག་ཟོན་བྱེད་པ་བརྗོད་བྱ་གཙོ་བོར་བྱས་པའི་སྒྲོག་བཤད་བྱེད་སྒོ་ཞིག་ཚ་ཚ་འུར་འུར་གྱིས་སྤེལ་བཞིན་ཡོད་ལ། ཚེ་མོ་མཁར་མི་ཚོགས་ཀྱི་ཁྲོད་དུ་ལངས་ནས་ཉེ་ལམ་བྱུང་བའི་གྱོད་དཔེ་ངོ་མ་དང་ཟུང་འབྲེལ་སྒོས། གོ་བདེ་བའི་སྐད་ཆའི་ཐོག་ནས་མགོ་གཡོག་མགོ་སྐོར་གྱི་གཡོ་ཐབས་སྣ་ཚོགས་གསལ་བཤད་བྱེད་ཀྱིན་ཡོད། ཁོ་མོས“མི་གཅིག་གི་སྟོབས་ཤུགས་ཞན་པ”ཤེས་ཏེ། ཚེ་མོ་མཁར་གྱིས་རང་འགུལ་ངང་མཁར་སྡེ་དང་མཉམ་འགུལ། ཀྲི་པུའུ་དང་མནའ་འབྲེལ་བྱས་ཏེ། ཁྲིམས་ཁང་དང་ཞིབ་དཔྱོད་ཁང་། མངག་གཏོང་ཁང་སོགས་ཆེད་ལས་སྡེ་ཁག་དང་འབྲེལ་མཐུད་ཧུར་ཐག་བྱས་ཏེ། སྡོད་དམངས་དང་འཚམ་པའི་ཁྲིམས་སྐྱོང་དྲིལ་སྒྲོག་བྱས་པ་རེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》ནང་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་གཉེན་སྒྲིག་ཁྱིམ་ཚང་དང་ཁྱིམ་མཚེས་ཀྱི་འབྲེལ་བའི་དོན་ཚན་ལ་འགྲེལ་ཀློག་བྱེད་པ་ནས། དྲ་རྒྱའི་བདེ་འཇགས་འགོག་སྲུང་གི་གོ་ཆོད་ཐབས་རྩལ་བར། “ཁྱིམ་སྲོལ་བཟང་བའི་ཁྱིམ་ཚང”འཛུགས་སྐྱོང་གི་ཁྲིམས་སྐྱོང་འགན་སྲུང་ནས། རྒན་རྒོན་ལ་དམིགས་པའི་རྒན་གསོའི་དངུལ་མགོ་སྐོར་གཡོ་ལེན་བྱེད་པ་འགོག་ཟོན་བར་དུ། སྒྲོག་བཤད་རེ་རེ་ཚང་མ་མང་ཚོགས་ཀྱི་དགོས་མཁོར་དམ་པོར་འབྲེལ་ནས། “གོ་ཐུབ་པ་དང་གོ་ཆོད་པའི”བྱེད་ཐབས་སྤྱད་དེ་བཅའ་ཁྲིམས་ཤེས་བྱ་དེ“རྒྱུན་ལྡན་གྱི་ཁ་བརྡ”རུ་བསྒྱུར་ནས། སྡོད་དམངས་དག་ལ་ལྷོད་གཡེང་གི་ཁོར་ཡུག་ཁྲོད་དུ་ཁྲིམས་སྐྱོང་གི་བྱང་ཚད་དང་ཉེན་ཁའི་འགོག་ཟོན་ནུས་པ་ཆེ་རུ་གཏོང་ཐུབ་པར་བྱས་ཡོད། སྔོན་ལ་འགལ་བ་སེལ་བར་བྱས་ཏེ་མཁར་སྡེ་ཡི་འཆམ་མཐུན་མཛེས་སྡུག་སྲུང་སྐྱོང་བྱས།
“ཚེ་མོ་མཁར་ལ་བརྟེན་ནས་ཆུ་འཛར་བའི་གནད་དོན་ཐག་བཅད་ལ། ཁྱིམ་མཚེས་བར་གྱི་འབྲེལ་བའང་ཇེ་སྡུག་ཏུ་མ་སོང་།”སྔོན་ཏག་ཏག་གི་རྩོད་གཞི་དེ་གླེང་དུས། མཁར་སྡེའི་སྡོད་དམངས་སྐྱེས་མ་ཝང་གིས་སྔར་བཞིན་བཀའ་དྲིན་ཆེ་ཞུ་བཞིན་ཡོད། མ་གཞི་སྐྱེས་མ་ཝང་གི་ཁྱིམ་གྱི་གསང་སྤྱོད་ཁང་ནས་ཆུ་འཛར་ནས་ཁང་ཞབས་ཀྱི་ཁྱིམ་མཚེས་ལ་གནོད་པ་ཐེབས་ཏེ། ཕྱོགས་གཉིས་བར་ཞིག་གསོའི་འགན་འཁྲི་དང་འགྲོ་གྲོན་ཐད་རྩོད་པ་བྱུང་སྟེ། འགལ་བ་ཆེ་རུ་འགྲོ་གྲབས་ཡོད་དུས། ཚེ་མོ་མཁར་གཟའ་འཁོར་རེར་འཚམས་འདྲིར་འགྲོ་དུས་དང་འཁེལ་ནས་གནད་དོན་འདི་དུས་ཐོག་ཏུ་ཤེས། ཁོ་མོ་ཕྱོགས་གཉིས་ཀྱི་ཁྱིམ་ཚང་ལ་སོང་ནས་རེ་ཞུར་ཉན་པ་དང་། ཕྱོགས་གཅིག་ནས་བཅའ་ཁྲིམས་ཀྱི་ངོས་ནས་ཁྱིམ་མཚེས་དབང་ཆའི་འབྲེལ་ཡོད་གཏན་འབེབས་འགྲེལ་བཤད་བྱས་ཤིང་། ཕྱོགས་གཞན་ཞིག་ནས་ཁྱིམ་མཚེས་ཀྱི་འབྲེལ་བར་གཞིགས་ནས་ངང་རྒྱུད་རིང་པོས་ཁ་ཏ་བྱས་མཐར། ཁྱིམ་ཚང་གཉིས་གྲོས་མཐུན་བྱུང་ནས་དུས་ཐོག་ཏུ་ཞིག་གསོ་བྱས་ནས། ཁྱིམ་མཚེས་བར་གྱི་འགལ་བ་འདི་སེལ་བར་བྱས།
འགལ་བ་དང་རྩོད་གཞི་སེལ་བའི་བྱ་བའི་ཁྲོད། ཚེ་མོ་མཁར་གྱིས་ཐོག་མཐའ་བར་གསུམ་དུ“སྔོན་ལ་རང་འགུལ་ངང་བྱ་སྤྱོད་སྤེལ་རྒྱུ”རྒྱུན་འཁྱོངས་བྱས། གཟའ་འཁོར་རེར་ཁོ་མོ་མཁར་སྡེ་ཡི་ཐོག་ཁང་སོ་སོར་འཚམས་འདྲིར་སོང་ནས་ཁྱིམ་མཚེས་བར་གྱི་འཛེར་སྒྲ་དང་། གཞིས་ལས་རིན་བསྡུ། ཁྱིམ་ཚང་གི་འགལ་བ་སོགས་བག་ལ་ཞ་བའི་རྩོད་གཞི་གཙོར་བཟུང་ནས་ལེབ་བཤེར་བྱེད་ཀྱིན་ཡོད། “མཁར་སྡེ་ནང་གི་འགལ་བ་མང་ཆེ་བ་ནི་དོན་དག་ཆུང་ཆུང་ཡིན་ནའང་། འོན་ཀྱང་དོན་དག་ཆུང་ཆུང་དེ་དུས་ཐོག་ཏུ་ཐག་གཅོད་མ་བྱས་ན། རྙོག་དྲ་ཆེན་པོ་རུ་འགྱུར་སྲིད་པ་རེད” ཞིབ་ཕྲ་དང་འགན་འཁུར་བ་འདིར་བརྟེན་ནས་རེབ་གོང་ལམ་གྱི་མཁར་སྡེ་རུ་ད་ལྟའི་བར་དུ་འགལ་བ་ཆེན་པོ་བྱུང་མྱོང་མེད། ནམ་རྒྱུན་དུ་ལེབ་བཤེར་བྱེད་སྐབས་ཤེས་པའི་ཐོག་ཁང་གོང་འོག་བར་ཆུ་འཛར་བ་དང་། ཐོག་བརྩེགས་བར་དུ་དངོས་པོ་སྤུངས་པ་སོགས་ཀྱི་གནད་དོན་ཆུང་ཆུང་ཚང་མ་ཁོ་མོའི་མཐུན་སྦྱོར་འོག ཕྱོགས་གཉིས་ཀྱིས་གྲོས་མོལ་བྱས་ཏེ་སྔོན་ལ་ཐག་བཅད་པ་དང་། མེ་སྟག་ཆུང་དུས་ནས་བསད་པ་རེད།
སྡོད་དམངས་ཀྱིས་རེ་ཞུ་བཏོན་པ་ལ་ཚེ་མོ་མཁར་གྱིས་བཅའ་ཁྲིམས་གཞི་འཛིན་ས་དང་བརྩེ་བ་སྦྲེལ་ཐག་ཏུ་བྱས་ཏེ། སེམས་ཤུགས་ཆེན་པོས་འདུམ་འགྲིག་ལས་ཀ་ལེགས་པོར་བསྒྲུབས་ཡོད། དེ་སྔ་སྡོད་དམངས་ཤིག་གིས་གཞིས་ལས་ཀྱི་ཞབས་ཞུར་ཡིད་མ་ཚིམ་པའི་དབང་གིས་གཞིས་ལས་ཀྱི་གྲོན་དངུལ་མ་སྤྲད་པ་དང་། གཞིས་ལས་ཀྱིས་ཞབས་ཞུ་མཚམས་བཞག་པའི་ཐོག་ནས་ལན་བསློགས་པས། ཕྱོགས་གཉིས་ཀྱི་འབྲེལ་བ་ཇེ་སྡུག་ཏུ་གྱུར། ཚེ་མོ་མཁར་ཐེངས་མང་པོར་ཁྱིམ་ཚང་ལ་འབྲེལ་འདྲིས་བྱེད་དུ་སོང་བ་དང་། ཕྱོགས་གཅིག་ནས་ཁྱིམ་བདག་ལ་གཞིས་ལས་ཞབས་ཞུའི་གན་རྒྱའི་འབྲེལ་ཡོད་དོན་ཚན་འགྲེལ་ཀློག་བྱས་པ་དང་། ཕྱོགས་གཉིས་ཀྱི་དབང་ཆ་དང་འོས་འགན་ཁ་གསལ་བཟོས། ཕྱོགས་གཞན་ཞིག་ནས་གཞིས་ལས་ཀུང་སི་དང་གྲོས་མོལ་བྱས་ནས་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་རྒྱུའི་སྐུལ་འདེད་བྱས། མཐར་ཁྱིམ་བདག་གིས་རང་འགུལ་ངང་གཞིས་ལས་གྲོན་དངུལ་གསབ་སྤྲོད་བྱས་པ་དང་། གཞིས་ལས་ཀུང་སིས་ཀྱང་ཞབས་ཞུ་ཇེ་ལེགས་སུ་གཏོང་བའི་ཁས་བླངས་པས། ཟླ་འགའ་ལ་རྒྱུན་བསྲིངས་པའི་གཞིས་ལས་ཀྱི་རྩོད་གཞི་འདི་གཞི་ནས་ཐག་གཅོད་བྱས། བསྡོམས་རྩིས་ལྟར་ན། ཚེ་མོ་མཁར་གཞིས་ལས་ཀྱི་རྩོད་གཞི་དང་ཁྱིམ་མཚེས་བར་གང་བྱུང་དུ་འཛུགས་སྐྲུན་བྱེད་པ་སོགས་ཀྱི་རྩོད་གླེང་སྣ་ཚོགས་ཁྲོད་ཞུགས་ནས་འདུམ་འགྲིག་ལེགས་འགྲུབ་བྱུང་ཚད90%ཡན་ལ་སླེབས་ནས། བྱ་སྤྱོད་དངོས་ལ་བརྟེན་ནས་མཁར་སྡེའི་འཆམ་མཐུན་དང་བརྟན་བརླིང་ལ་སྲུང་སྐྱོང་བྱས་པ་རེད།
ཚེ་མོ་མཁར་གྱིས་གསར་འགོད་པར“བཅའ་ཁྲིམས་ཤེས་རྟོགས་པ”ཞིག་ཡིན་པའི་ཆ་ནས་ངའི་འགན་འཁྲི་ནི་མང་ཚོགས་ལ་བཅའ་ཁྲིམས་སྒྲོག་བཤད་དང་། གཞི་རིམ་ནས་འགལ་བ་ཐག་གཅོད་བྱ་རྒྱུ་དེ་ཡིན་ཟེར། ཁོ་མོས་ཆེད་ལས་དང་ལྷག་བསམ་ལ་བརྟེན་ནས་སྡོད་དམངས་ཀྱི་བདེ་སྐྱིད་འཚོ་བར་སྲུང་སྐྱོབ་བྱས་ཏེ། སྤྱིར་བཏང་གི་ལས་གནས་ཐོག ཁྲིམས་སྐྱོང་དང་། བདེ་འཇགས། འཆམ་མཐུན་བཅས་ཀྱི་མཁར་སྡེ་ཁོར་ཡུག་ཅིག་འཛུགས་སྐྲུན་བྱ་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ཕུལ་ཡོད།
མཚོ་མོ་སྐྱིད་ཀྱིས་བསྒྱུར།