ཇི་ལྟར་ཀྲུང་གོ་དང་ཨ་མེ་རི་ཀ་བར་གྱི་ཆེ་ཕྱོགས་ཀྱི་འབྲེལ་བའི་ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་དགོས།
2017.02.20 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 364

ཐང་ན་ཏི་ཐི་ལིང་ཕུའུ་ཡིས་ཙུང་ཐུང་གི་འགན་ཁུར་བ་ནས་བཟུང་སྟེ། ཨ་མེ་རི་ཀ་ཆབ་སྲིད་ཀྱི་འཁོར་ཡུན་གསར་བ་ཞིག་ཏུ་སླེབས།   ཀྲུང་གོ་དང་ཨ་མེ་རི་ཀའི་འབྲེལ་བ་བརྟན་འཇགས་སུ་འགྲོ་བ་མངོན་འགྱུར་བྱེད་པ་དང་། ཀྲུང་གོ་དང་ཨ་མེ་རི་ཀའི་འབྲེལ་བ་སྐྱོན་བྲལ་བའི་ངང་འཕེལ་རྒྱས་སུ་འགྲོ་བར་འགན་སྲུང་བྱེད་པ་ནི་ཀྲུང་གོ་དང་ཨ་མེ་རི་ཀ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་པ་མ་ཟད། འཛམ་གླིང་གི་ཞི་བདེ་དང་བརྟན་འཇགས། འཕེལ་རྒྱས་བཅས་ལ་འང་དོན་སྙིང་གལ་ཆེན་ལྡན།  ལྟ་རྟོག་མི་སྣས་བལྟས་ན། འཐབ་ཇུས་ཀྱི་ངོས་ནས་ཀྲུང་གོ་དང་ཨ་མེ་རི་ཀས་སྔར་ལས་ལྷག་པའི་སྒོ་ནས་ཆབ་སྲིད་ཀྱི་ཡིད་ཆེས་ཇེ་དྲག་ཏུ་གཏོང་བ་དང་མཉམ་ལས་ཀྱི་རྨང་གཞི་ཇེ་བརྟན་དུ་བཏིངས་ནས་ཕྱོགས་གཉིས་ལ་ཕན་པའི་སྤྱི་ཆིངས་ཤིག་འཚོལ་དགོས། འཐབ་རྩལ་གྱི་ངོས་ནས་ཕྱོགས་གཉིས་ཀྱིས་འཛུགས་སྐྲུན་རང་བཞིན་གྱིས་གྲོས་མོལ་དང་བསམ་བློ་བརྗེ་རེས་བྱས་ཏེ་ཕན་ཚུན་གྱི་འདོད་བློ་རྒྱུས་ལོན་ཟབ་མོ་བྱས་ནས་ཕན་ཚུན་བར་དུ་གོ་བ་ལོག་ལེན་མི་བྱེད་པ་དང་། དེ་དང་མཉམ་དུ་ཕན་ཚུན་བར་གྱི་འགལ་བ་ཚོད་འཛིན་བྱེད་དགོས་པར་འདོད།

དེང་སྐབས། འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་ནང་། ནུབ་ཕྱོགས་མི་སེར་དཀྱིལ་མའི་རིང་ལུགས་ཀྱི་སྣང་ཚུལ་ཇེ་རྒྱས་སུ་འགྲོ་བ་དང་། འཛམ་གླིང་ཅན་ལ་ངོ་རྒོལ་བྱེད་པའི་བསམ་བློའི་རླབས་རྒྱུན་དང་རྒྱལ་སྤྱིའི་སྟོབས་ཤུགས་ཁ་བྲལ་དུ་འགྲོ་བའི་སྣང་ཚུལ་གསར་བ་མངོན་ཏེ། རྒྱལ་སྤྱིའི་འགྲོ་རིམ་གྱི་མདུན་དུ་ལྷགས་པའི་སྙོམ་སྒྲིག་གསར་བ་ཞིག་རེད། ཨ་མེ་རི་ཁའི་རྒྱལ་ནང་དུ་འཛམ་གླིང་ཅན་དང་ཁེར་རྐྱང་རིང་ལུགས་ལ་ངོ་རྒོལ་བྱེད་པའི་འབོད་སྐུལ་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་འགྲོ་བཞིན་པ་དང་། ཐི་ལིང་ཕུའུ་ཙུང་ཐུང་དུ་བདམས་པའང་གནས་བབ་དེའི་མཚོན་རྟགས་རེད། དེ་བས་ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་བར་གྱི་འབྲེལ་ཡང་ཉམས་སད་གསར་བར་ཐུག་ཡོད།

ཐི་ལིང་ཕུའུ་ཙུང་ཐུང་གི་གོ་གནས་སུ་མ་བསྡད་གོང་ཐེངས་མང་པོར་ཨ་མེ་རི་ཁ་ཨང་དང་པོ་ཡིན་པའི་འདོད་བློ་བཏོན་པ་དང་། དམག་དཔུང་སྟོབས་ལྡན་དུ་གཏོང་བ་དང་ཉོ་ཚོང་སྲུང་སྐྱོབ་ལ་ཤུགས་སྣོན་བྱེད་དགོས་པ་མ་ཟད། ཨ་མེ་རི་ཁས་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་མནའ་མཐུན་གྲོགས་པོ་འཇར་པན་དང་ཧན་གོ་ལ་དམག་དོན་གྲོན་དངུལ་སྔར་ལས་མང་བོའི་འགན་ཁུར་དུ་འཇུག་དགོས་པ་དང་། དེ་ལྟ་མིན་ཚེ་དམག་དཔུང་ཕྱིར་འཐེན་བྱེད་རྒྱུ་ཡིན་ཟེར། ལས་འགན་ཁུར་བའི་མཛད་སྒོའི་སྟེང་ཐི་ལིང་ཕུའུ་ཡིས“ཨ་མེ་རི་ཁ་གཅིག་པུའུ་ཨང་དང་པོ་ཡིན་པ”་སོགས་ཀྱི་ལྟ་ཚུལ་གྱི་གཏམ་བཤད་སྤེལ་། ཁོའི་ལངས་ཕྱོགས་འདི་དག་གིས་འཛམ་གླིང་གི་སྣང་ཚུལ་ལ་གཏན་འཁེལ་མིན་པའི་རང་བཞིན་ཞིག་བྱིན།

ཀྲུང་གོ་མི་དམངས་སློབ་ཆེན་རྒྱལ་ཁབ་འཕེལ་རྒྱས་དང་འཐབ་ཇུས་ཞིབ་འཇུག་གླིང་གི་ཞིབ་འཇུག་པ་ཙོ་ཞིས་ཡུན་གྱིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཐི་ལིང་ཕུའུ་སྲིད་གཞུང་གིས་ཨ་མེ་རི་ཁ་ཨང་དང་པོ་ཡིན་པའི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་། དེའི་གཞི་རྩའི་ནང་དོན་ནི་ཨ་མེ་རི་ཁའི་ཁེ་ཕན་ཨང་དང་པོར་འཇོག་པ་དང་། ཨ་མེ་རི་ཁ་རིང་ལུགས་ཀྱིས་འཛམ་གླིང་རིང་ལུགས་ཀྱི་ཚབ་བྱེད་དགོས་ཞེས་པ་དེ་རེད་ཟེར།   ཙོ་ཞིས་ཡུན་གྱིས་ཐི་ལིང་ཕུའུ་སྲིད་གཞུང་གིས་དབང་བཟུང་པའི་རྗེས།   དམངས་གཙོ་ཏང་གི་སྔོན་ཆད་ཀྱི་ཙུང་ཐུང་ཨོ་པ་མ་ཡི་ཕྱི་ཕྱོགས་ཀྱི་འབྲེལ་བ་མེད་པར་བཏང་སྟེ། ཕྱི་འབྲེལ་སྲིད་ཇུས་ཀྱི་རྣམ་པ་ཕྱོགས་ཡོངས་ནས་སྒྱུར་བར་ཡར་སྐུལ་བྱེད་པ་དང་། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་བདེ་འཇགས་འཐབ་ཇུས་སྙོམ་སྒྲིག་བྱེད་པ་དང་མཉམ་དུ་ཕྱི་སྡོད་རང་མིའི་བདེ་འཇགས་འཐབ་ཇུས་ལའང་སྙོམ་སྒྲིག་ཆེན་པོ་བྱེད་ངེས། འདི་དག་ཚང་མས་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བར་འགྲན་རྩོད་གསར་བ་ཞིག་ཁྱེར་ཡོང་ངེས་ཡིན་པར་འདོད།

དཔལ་འབྱོར་གྱི་ཁྱབ་ཁོངས་ནང་ཐི་ལིང་ཕུའུ་ཡིས་ཉེ་སྔོན་ཀྲུང་གོའི་ཐོན་རྫས་ལ་བརྒྱ་ཆའི་བཞི་བཅུ་ཞེ་ལྔའི་སྒོ་ཁྲལ་བསྡུ་རྒྱུ་དང་ཁོས་ལས་འགན་ཁུར་རྗེས་ཀྲུང་གོ་ལ་གཏན་འཁེལ་བྱེད་རྒྱུའི་དམ་བཅའ་བཞག ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བའི་ཆབ་སྲིད་རྨང་གཞི་ལ་འབྲེལ་བ་ཡོད་པའི་ཐའེ་ཝན་གྱི་གནད་དོན་སྟེང་། ཐི་ལིང་ཕུའུ་ཡིས་ལས་འགན་མ་ཁུར་བའི་སྔོན་ཐེངས་འགའ་ལ་ཀྲུང་གོའི་ཚད་མཐའ་ལས་བརྒལ་མྱོང་།   དེ་ལས་གཞན་ཐི་ལིང་ཕུའུ་ཡིས་མིང་བཏོན་ནས་ཝེ་ཨེར་པོ་ལོ་ཟི་ཡིས་ཚོང་དོན་པུའུ་ཀྲང་གི་འགན་ཁུར་བ་དང་པེས་ཏི་ནཱ་བ་ལུའུ་ཡིས་ཕོ་བྲང་དཀར་པོའི་རྒྱལ་ཁབ་ཉོ་ཚོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྱི་འགན་ཁུར་དུ་བཅུག་པ་ལས་ཨ་མེ་རི་ཁ་དང་རྒྱལ་ཁབ་གཞན་དག་གི་ཉོ་ཚོང་བར་གྱི་འགལ་བ་མངོན་གསལ་སྒོས་ཇེ་ཆེར་འགྲོ་ངེས་ཡིན།  

དེ་འདྲའི་གནས་ཚུལ་མང་པོ་ཞིག་ལས་ཐི་ལིང་ཕུའུ་ཡིས་ལས་འགན་ཁུར་རྗེས་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བར་འགྱུར་ལྡོག་འབྱུང་བ་དང་། ཇི་ལྟར་འགལ་བ་དེ་དག་སྔོན་འགོག་དང་འགལ་བ་དེ་དག་ལས་གཡོལ་བར་བྱེད་པ་ནི་རྒྱལ་ཁབ་གཉིས་ཀྱི་མིག་སྔར་དུ་གཤམས་པའི་དོན་དག་ཞིག་རེད།
ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ངོ་སུམ་ཅུའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཀྱག་ཀྱོག་མང་པོ་བརྒྱུད་རུང་སྤྱིའི་ཆ་ནས་བརྟན་འཇགས་སྲུང་འཛིན་བྱས་ཡོད་པ་མ་ཟད། མུ་མཐུད་དུ་ཡར་རྒྱས་སུ་འགྲོ་བཞིན་པའི་རྣམ་པ་སྲུང་འཛིན་བྱས་ཡོད། ཀྲུང་གོ་དང་ཨ་མེ་རི་ཁའི་བར་གྱི་ཐུན་མོང་གི་ཁེ་ཕན་དེ་རྒྱལ་ཁབ་གཉིས་བར་གྱི་འགལ་བ་ལས་མང་བ་དང་། མཉམ་ལས་ཀྱི་གྲུབ་འབྲས་ཀྱང་བརྒྱུད་མྱོང་བའི་འགྲན་རྩོད་ལས་མང་། དཔལ་འབྱོར་དང་ཉོ་ཚོང་། མཉམ་ལས་བཅས་ནི་ཀྲུང་གོ་དང་ཨ་མེ་རི་ཁ་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་སྒུལ་ཤུགས་སུ་གྱུར་ཡོད།

མཉམ་ལས་བྱེད་པ་ནི་ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་མཉམ་རྒྱལ་བྱེད་པའི་ཡང་དག་པའི་གདམས་གསེས་ཡིན་ལ། ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱིས་མཉམ་ལས་བྱེད་པ་མངོན་འགྱུར་བྱེད་ན་ངེས་པར་དུ་ཕན་ཚུན་བར་གྱི་ཁེ་ཕན་སོགས་ལ་རོགས་རམ་དང་དོ་སྣང་བྱས་ཏེ་རྒྱལ་ཁབ་གཉིས་བར་གྱི་ཆེས་ཆེ་བའི་ཁེ་ཕན་བཙལ་དགོས། མ་འོངས་པར་ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བ་ཇི་འདྲ་ཡིན་པ་དེ་ཕྱོགས་གཉིས་ཀྱི་འཐབ་ཇུས་དང་འཐབ་རྩལ་གྱི་ངོས་ནས་མཉམ་དུ་འབད་བརྩོན་བྱེད་པ་ལ་རག་ལས་ཡོད།

ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭ་རྒྱལ་སྤྱིའི་ཞིབ་འཇུག་གླིང་གི་དགེ་རྒན་ཆེན་མོ་གཞོན་པ་ལའོ་ཡ་པེན་གྱིས་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། འཐབ་ཇུས་ཀྱི་ངོས་ནས་ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱིས་འཐབ་ཇུས་འདྲ་མཉམ་བྱེད་པ་སྲུང་འཛིན་བྱེད་རྒྱུ་ནི་ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་གདམ་གསེས་ཉག་གཅིག་ཡིན། དེའི་རྒྱུ་མཚན་ནི་མིག་སྔར་རང་ཉིད་གཙོ་བོར་འཛིན་པའི་དུས་རབས་ཤིག་ཏུ་གནས་ཡོད་པ་དང་། ཕྱོགས་གང་རུང་གཅིག་ལ་ཁྱད་སྟོབས་དང་བདེ་འཇགས་ཁོ་ཐག་ཅིག་ཐོབ་ཐབས་མེད་པས་ཡིན། དེ་བས་ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱིས་མཉམ་དུ་འཛམ་གླིང་ཅན་ལ་སྐྱོད་པའི་མཉམ་ལས་ཀྱི་ཐབས་ལམ་ཞིག་བཙལ་ནས་མཉམ་དུ་ཐུན་མོང་གི་ཁེ་ཕན་གསར་སྐྲུན་བྱེད་དགོས་པར་འདོད།

དུས་ཡུན་རིང་པོར་གནས་བ་དང་ཉིན་རེ་བཞིན་ཛ་དྲག་ཏུ་འགྱུར་བཞིན་པའི་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ལ་བལྟས་ན། ཀྲུང་གོ་དང་ཨ་མེ་རི་ཁའི་མཉམ་ལས་ནི་དགོས་ངེས་པ་ཞིག་རེད།  ནམ་ཟླ་ཇེ་དྲོར་འགྲོ་བ་དང་ཐོན་ཁུངས་ཇེ་ཉུང་དུ་འགྲོ་བ། འཇིག་སྐུལ་སྟོབས་ཤུགས་དང་ཐལ་སྐྱོད་སྟོབས་ཤུགས་རྒྱ་ཡན་དུ་འགྲོ་བ། རྒྱལ་ཁོངས་བརྒལ་བའི་ནག་ཉེས་སོགས་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་མང་པོ་ཀྲུང་གོ་དང་ཨ་མེ་རི་ཁ་གཏོགས་པའི་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་མདུན་དུ་གཤམས་ཡོད་ཟེར། ལའོ་ཡ་པེན་གྱིས་བཤད་རྒྱུར། འདི་ལྟར་ལག་གདང་སྦྲེལ་ནས་འགྲན་རྩོད་ལ་ཁ་གཏད་འཇལ་བའི་དགོས་མཁོ་ནི་ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱིས་མུ་མཐུད་དུ་མཉམ་ལས་གཏིང་ཟབ་ཏུ་སྤེལ་དགོས་པ་དེ་ཡིན་ལ། དེ་ནི་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་བརྟན་འཇགས་ངང་འཕེལ་རྒྱས་སུ་གཏོང་བའི་དགོས་ངེས་ཀྱི་ཆ་རྐྱེན་ཡང་ཡིན་ཟེར།

ལའོ་ཡ་ཕེན་གྱིས་འཐབ་རྩལ་གྱི་ངོས་ནས་ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱིས་རྒྱལ་ཁབ་གཉིས་བར་གྱི་འགལ་བ་དེ་ལམ་ལུགས་ཅན་དུ་བཏང་ནས་མ་འོངས་པའི་འགྲོ་ལམ་ཐག་གཅོད་བྱེད་དགོས་པ་དང་། རྒྱལ་ཁབ་གཉིས་བར་གྱི་ཉམས་ཉེན་ཕན་ནུས་ལྡན་པའི་སྒོ་ནས་སྔོན་འགོག་བྱེད་པ། ལག་རྩལ་རང་བཞིན་གྱི་བྱེད་ཐབས་ཀྱིས་ཕན་ཚུན་བར་གྱི་འབྲེལ་བར་ཤུགས་སྣོན་པ་དང་ཡིད་ཆེས་ཇེ་བརྟན་དུ་གཏོང་དགོས། བྱེད་ཐབས་འདི་དག་གིས་ཀྲུང་གོ་དང་ཨ་མེ་རི་ཁ་བར་གྱི་འབྲེལ་བ་ཇེ་ལེགས་སུ་གཏོང་ཐུབ་པ་དང་། རྒྱལ་ཁབ་གཉིས་བར་དུ་ཕན་ཚུན་ལ་མི་བསྟུན་པར་རང་རང་གི་འདོད་ཚུལ་བརྗོད་པ་དང་འབྲེལ་འདྲིས་བདེ་བླག་མིན་པ་སོགས་ཀྱིས་བཟོས་པའི་འགལ་བ་སྔོན་འགོག་བྱེད་ཐུབ་པར་འདོད།

དེང་སྐབས་ཨ་མེ་རི་ཁ་ནི་འཛམ་གླིང་སྟེང་ཆེས་ཆེ་བའི་དར་རྒྱས་རྒྱལ་ཁབ་ཡིན་པ་དང་ཀྲུང་གོ་ནི་ཆེས་ཆེ་བའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཡིན། ཨ་མེ་རི་ཁ་དང་ཀྲུང་གོ་གཉིས་ནི་འཛམ་གླིང་གི་དངོས་ཕུང་ཆེན་པོ་གཉིས་ཡིན་པ་དང་། ཚང་མ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་རྒྱུན་ཁུར་རྒྱལ་ཁབ་ཡིན་པས། རྒྱལ་ཁབ་དེ་གཉིས་ནི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་འགྲོ་རིམ་ལ་འགྱུར་ལྡོག་འབྱུང་དུ་འཇུག་ཐུབ་པའི་གནད་འགག་གཉིས་ཡིན། ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་འགྱུར་ལྡོག་ཇི་ལྟར་བྱུང་ན། དེ་ཐད་ཀར་དུ་འཛམ་གླིང་གི་གནས་བབ་ལ་འབྲེལ་བ་ཡོད་པ་དང་ལྷག་པར་དུ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་གནས་བབ་ལ་ཐད་ཀར་དུ་འབྲེལ་བ་ཡོད་ཟེར།

ཀྲུང་གོ་རྒྱལ་སྤྱིའི་གནད་དོན་ཞིབ་འཇུག་གླིང་གི་རྒྱུན་ལས་གླིང་གཙོ་གཞོན་པ་ཡོན་ཙུང་ཙི་ཡིས་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་ནི་གནད་དོན་ཆུང་ཆུང་ཞིག་མིན་པར་དེ་ནི་དོན་ཆེན་ཞིག་ཡིན་པས་དེ་ལ་འགྱུར་ལྡོག་འབྱུང་མི་སྲིད། གཅིག་སྟོང་དགུ་བརྒྱ་དོན་དགུའི་ལོར་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་པ་ནས་བཟུང་ཀྲུང་གོ་དང་ཨ་མེ་རི་ཀའི་འབྲེལ་བར་འགྱུར་ལྡོག་བྱུང་ཡང་སྤྱིའི་ཆ་ནས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་བར་གྱི་རྒྱུན་ལྡན་མིན་པའི་འབྲེལ་བ་དེ་ཨ་མེ་རི་ཁ་གཅིག་པར་རག་ལས་མིན་པར་ཀྲུང་གོ་ལའང་རག་ལས་ཡོད། ཀྲུང་གོ་ལ་ཀྲུང་གོ་དང་ཨ་མེ་རི་ཁ་བར་གྱི་འབྲེལ་བ་ལེགས་བཅོས་བྱེད་པའི་ནུས་པ་དང་ཐོན་ཁུངས་ཡོད་པར་འདོད་ཟེར།

ལོ་རྒྱུས་སྟེང་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་རྒྱུན་ལྡན་ཅན་དུ་གྱུར་བ་དེས་རྒྱལ་ཁབ་གཉིས་བར་གྱི་ཉོ་ཚོང་འགྲོ་འོང་གི་བགྲོད་ལམ་བརྟོལ་བ་རེད། ཀྲུང་གོ་རྒྱུན་ཆད་མེད་པར་འཛམ་གླིང་དུ་སྐྱོད་པ་དང་བཅོས་སྒྱུར་སྒོ་འབྱེད་ཀྱི་ལམ་དུ་སྐྱོད་བཞིན་ཡོད་པས་མི་དམངས་དུང་ཕྱུར་འགའ་དབུལ་ཐར་ཕྱུག་སྒྱུར་གྱི་ལམ་ལ་ཁྲིད་དེ་དེང་རབས་ཅན་གྱི་འཕེལ་རིམ་དུ་སྐྱོད། རྒྱུད་རིམ་འདིའི་ཁྲོད་དུ་ཨ་མེ་རི་ཀ་རྒྱལ་ཁབ་དང་དེའི་མང་ཚོགས་ཀྱིས་ཀྱང་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་འཕེལ་རྒྱས་སུ་སོང་ནས་ཐོབ་པའི་གྲུབ་འབྲས་ལོངས་སུ་སྤྱད།  ཆབ་སྲིད་ཀྱི་སྟེང་ནས་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་རྒྱུན་ལྡན་དུ་གྱུར་བ་དེས་འཛམ་གླིང་གི་ཞི་བདེ་དང་བརྟན་འཇགས་ལ་བྱས་རྗེས་ཆེན་པོ་བཞག་པ་དང་། རྨང་གཞི་དེའི་སྟེང་དུ་ཞི་བདེ་དང་འཕེལ་རྒྱས་ཞེས་པའི་དུས་རབས་ཀྱི་བརྫོད་བྱ་དེ་སྔར་ལས་ཇེ་གསལ་དུ་གྱུར་བ་དང་མཉམ་ལས་དང་མཉམ་རྒྱལ་དེ་ལོ་རྒྱུས་འཕེལ་རྒྱས་ཀྱི་ཁ་ཕྱོགས་སུ་གྱུར།

དེང་སྐབས་ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་གནད་འགག་གི་སྐབས་ཤིག་ཏུ་འཁེལ་ཡོད་པ་དང་། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་བདེ་བླག་ཏུ་འགྱུར་བར་འགན་སྲུང་བྱས་ན་དེ་ལ་རྒྱང་ཐག་རིང་བའི་དོན་སྙིང་གལ་ཆེན་ལྡན། ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་ལྡན་དུ་གྱུར་ན་ཕྱོགས་གཉིས་ལ་ཕན་པ་དང་ཕན་ཚུན་དགྲ་ཟླར་བཟུང་ན་ཕྱོགས་གཉིས་ལ་གནོད་པ་དེ་ཐུན་མོང་གི་ལྟ་ཚུལ་དུ་གྱུར་ཡོད། མ་འོངས་བར་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་ཇི་ལྟ་བུ་ཞིག་ཏུ་འགྱུར་བ་དེ་ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱིས་དེང་སྐབས་ཇི་ལྟར་གདམས་གསེས་བྱེད་པ་དེ་ལ་རག་ཡོད། ཀྲུང་གོས་ཀྲུང་གོ་དང་ཨ་མེ་རི་ཀ་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་དེ་འགོ་རྩོམ་ས་གསར་བའི་སྟེང་ཡར་རྒྱས་གོང་འཕེལ་དུ་བཏང་སྟེ་ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་འཛམ་གླིང་མི་དམངས་ལ་བདེ་སྐྱིད་སྐྲུན་པར་རེ་སྒུག་བྱས་ཡོད་ཟེར།

ལོ་ཙཱ།  བསོད་ནམས་ལྷ་མོ།