ད་ལྟ་གཟིགས་བཞིན་པ། > མདུན་ངོས། > རྩོམ་རིག > དཔྱད་རྩོམ།

རྒྱུད་བཞི་དང་དེའི་ཐུན་མིན་གྱི་ཁྱད་ཆོས་གླེང་བ།

སྤེལ་དུས། 2015-07-14 10:37:11   ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། དབང་རྒྱལ་ཚེ་རིང་།

གཡང་དྲུང་ཚེ་རིང་།

གཅིག མཁས་པ་རྣམས་ཀྱིས་བཞེད་ཚུལ་གཅིག་མཐུན་མིན་པ།

དེ་ཡང་མཁས་དབང་ལ་ལས་རྒྱུད་བཞི་ནི་རྒྱལ་བའི་བཀའ་ཡིན་ཟེར་བ་དང་ཡང་མཁས་པ་ལ་ལས་རྒྱུད་བཞི་ནི་བོད་མཁས་པའི་མཛད་པའི་བསྟན་བཅོས་ཡིན་ཟེར་བ་དང་ཡང་མཁས་པ་ལ་ལས་རྒྱུད་བཞི་ནི་གཏེར་མ་ཡིན་ཟེར་བ་ལ་སོགས་པའི་ལྟ་བ་མི་མཐུན་པ་གསུམ་བྱུང་།གོང་གི་བཞེད་ཚུལ་གང་ཡིན་ཡང་རང་རང་ལ་ལུང་དང་རྒྱུ་མཚན་ཡོད་པའི་ལེགས་བཤད་རྐྱང་རྐྱང་ཡིན་རེད་བསམ།རྒྱུ་མཚན་ནི་རྒྱུད་བཞིའི་རྩོམ་སྟངས་དང་དེ་བརྩམ་པའི་དམིགས་ཡུལ་དང་དགོས་མཚན།དོན་སྙིང་སོགས་སྐབས་དེའི་སྤྱི་ཚོགས་ཀྱི་བགྲོད་སྟངས་དང་བསྟུན་ནས་བརྩམས་པ་ཞིག་པས་དེ་ལ་དུས་རབས་རང་བཞིན་དང་ཆོས་ལུགས་རང་བཞིན་སོགས་ལ་བྲལ་ཐབས་མེད་པ་ཞིག་རེད།

གཉིས། རྒྱུད་བཞི་རྒྱལ་བའི་བཀའ་ཡིན་ཚུལ་བཤད་པ།

དུས་རབས་བརྒྱད་པའི་ནང་དུ་བོད་ཡུལ་དུ་ལྷའི་ལུགས་དང་དྲང་སྲོང་གི་ལུགས།ཕྱི་བའི་ལུགས།ནང་བའི་ལུགས་ལ་སོགས་པའི་གྲུབ་མཐའ་མི་གཅིག་ཆོས་ལུགས་མང་པོ་བྱུང་བ་རྒྱུད་བཞིའི་གླེང་གཞི་རུ་ཤེས་ཐུབ་ལ་ཆོས་ལུགས་མི་གཅིག་གྲུབ་མཐའ་དེ་དག་གི་རང་རང་གི་ལྟ་བ་རྒྱུད་སྒྲོག་དང་ལྟ་བ་མི་མཐུན་པའི་གྲུབ་མཐའ་གཞན་པར་སྐྱོན་བརྗོད་དམའ་འབབ་བྱས་ནས་རང་རང་གི་ཆོས་ལུགས་ཀྱི་ཆེ་བ་བརྗོད་ཀྱི་ཡོད་པ་རེད།།ཁྱད་པར་དུ་སྐབས་དེའི་དུས་རབས་ཕྱི་ནང་གཉིས་ཀའི་ཆོས་དར་རྒྱས་ཆེན་པོ་བྱུང་ནས་བོད་ཀྱི་རྒྱལ་བོ་དང་བློན་པོ་དམག་མི་ལ་སོགས་པའི་ཆོས་དད་བྱེད་མཁན་མང་པོ་བྱུང་བས་རྒྱལ་བློན་གྱི་ནང་ཁུལ་ལ་ཆོས་ལུགས་འགལ་བ་བཟོས་པ་ནས་དམག་དཔུང་ནང་ཁུལ་དུ་ཕན་ཚུན་འགལ་ཟླ་བྱུང་།དེར་བརྟེན་རྒྱལ་པོའི་ཐུགས་དགོངས་ལ་གྲུབ་མཐའ་གཅིག་གྱུར་མ་བྱས་ན་རྒྱལ་སྲིད་གནོད་པ་ཐེབས་པར་དོགས་ནས་བན་བོན་འགྲན་སློང་དུ་བཅུགས་ནས་གང་ཞིག་རྒྱལ་ན་དེའི་གྲུབ་མཐའི་ཆོས་ལུགས་ལག་བསྟེར་བྱེད་རྒྱུ་དམ་བཅས།དེ་ལ་ནང་པའི་ལུགས་ཀྱི་སློབ་དཔོན་པད་མ་འབྱུང་དང་མཁན་ཆེན་ཞུ་བ་འཚོ་ལ་སོགས་པའི་སློབ་དཔོན་མང་པོ་གདན་དྲངས་ནས་ཕྱི་རོལ་པ་ལ་ཆོས་རྩོད་བསླངས་ནས་ནང་བར་རྒྱལ་བས་རྒྱལ་པོས་བོད་འབངས་ཡོངས་ཀྱི་ནང་ཆོས་ལ་དད་མོས་བྱེད་དགོས་པ་དང་བོན་ཆོས་སྤེལ་མི་ཆོག་པའི་བཀའ་ཁྱབ་བསྒྲགས་གནང་།དེ་ལྟར་བོད་ཡུལ་དུ་སྟོབས་ཤུགས་ཆེ་པའི་ཕྱི་བའི་ལུགས་ཀྱི་གྲུབ་མཐའ་དེ་ཕམ་པར་བརྒྱབ་ནས་ནང་ཆོས་དེ་ཕྱོགས་ཡོངས་ནས་འཕེལ་རྒྱས་པ་བཏང་བ་དང་སྦྲགས་རྒྱ་གར་གྱི་གཞུང་མང་པོ་ཞིག་བོད་དུ་འགྱུར་བ་དང་སྔོན་གྱི་ལོ་ཙ་བ་དང་རྒྱལ་བ་དང་ལོ་པཎ་རྣམས་ཀྱི་བཀའ་དྲིན་དྲན་པའམ་འགྱུར་ཕྱག་གི་ཆེད་དུ་གཞུང་ལུགས་མང་པོ་མགོར་རྒྱ་གར་སྐད་དུ་ཞེས་བཞག་པ་དང་དེ་མིན་རྒྱལ་པའི་བཀའ་དང་བསྟན་བཅོས་མང་པོ་ཞིག་རྒྱ་གར་གྱི་གཞུང་ལུགས་གཞིར་ཐོག་བོད་འགྱུར་བྱས་པས་རྒྱ་གར་འཕགས་པའི་ཡུལ་གྱི་གཞུང་ལུགས་དང་བོད་ཀྱི་རིག་གཞུང་གི་ངོ་བོ་ཕལ་ཆེར་གཅིག་པ་ལྟ་བུར་ཆགས་པ་དང་རྒྱ་གར་འཕགས་ཡུལ་གྱི་གཞུང་ལུགས་མང་པོ་ཞིག་ལ་རྩོམ་པ་པོའི་མིང་མེད་པར་སངས་རྒྱས་ཀྱི་བཀའ་ལྟར་བཞག་གནང་ཡོད་པ་ནི་མི་རྣམས་ཡིད་ཆེས་པའི་ཕྱིར་དུ་ཡིན་པ་དང་དང་རྒྱ་ནག་པས་རང་ཉིད་ཀྱི་མིང་གྲགས་ཀྱི་ཆེད་དུ་ཐོག་མར་རང་ཉིད་ཀྱི་མིང་འབྲི་བ་དང་བོད་པས་རྩོམ་པ་པོའི་རང་མིང་ཐོག་མར་མི་འབྲི་བར་གཞུང་གི་མཇུག་ཏུ་འབྲི་བ་བཅས་གཞུང་རྩོམ་ཚུལ་མི་འདྲ་བ་རེ་ཡོད་པ་ནི་མི་རིགས་སོ་སོའི་རང་རང་གི་ལུགས་སྲོལ་གོམས་གཤིས་དང་འཚོ་བའི་གནས་སྟངས།སེམས་ཁམས་ལྟ་བ་སོགས་ལ་འབྲེལ་བ་ངེས་ཅན་ཞིག་ཡོད་པ་ཡིན་མོད།འོན་ཀྱང་ང་ཚོ་བོད་ཀྱི་ཡི་གེ་འདི་ཉིད་གར་གྱི་ཡི་གེ་ལ་དཔེ་བླངས་ནས་གསར་དུ་བཟོས་པ་དང་ནང་བསྟན་རིག་པའང་སྟོན་པ་ཤཀྱ་ཐུབ་པའི་སྲོལ་གཏོད་པ་དང་དེ་མིན་རྒྱལ་བའི་བཀའ་དང་བསྟན་བཅོས་མང་པོའང་རྒྱ་གཞུང་བོད་དུ་ཇི་མ་ཇི་བཞིན་འགྱུར་བ་ལ་སོགས་པའི་དབང་གིས་བོད་པའི་རིག་གཞུང་ལའང་རྒྱ་གར་གྱི་ཤན་ཞུགས་པ་དང་དེ་བཞིན་བོད་ལུགས་གསོ་རིག་རྒྱུད་བཞི་འདི་ཉིད་ཡང་སྐབས་དེའི་སྤྱི་ཚོགས་ཀྱི་སྣང་ཚུལ་དང་ཆོས་ལུགས་མི་འདྲ་བ་དུ་མའི་ཡོངས་སུ་ཁས་ལེན་པའི་ཆེད་དུ་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོས་རང་མཚན་མ་བྲིས་བར་སངས་རྒྱས་སྨན་བླ་ཡི་སྤྲུལ་པ་སྟོན་པ་དྲང་སྲོང་རིག་པའི་ཡི་ཤེས་དང་དྲང་སྲོང་ཡིད་ལས་སྐྱེས་གཉིས་ཀྱིས་ཕན་ཚུན་ཞུ་བ་ཞུས་ལན་གྱིས་ཚུལ་དུ་གསུངས་ཡོད་པ་རེད།དེའི་རྒྱུ་མཚན་གྱིས་རྒྱུད་བཞི་ནི་རྒྱལ་བའི་བཀའ་ལ་བཞེད་པ་ཡིན།

གསུམ། རྒྱུད་བཞི་བོད་མཁས་པའི་མཛད་པའི་བསྟན་བཅོས་ཡིན་པ།

ལོ་རྒྱུས་དོན་དངོས་ལྟར་ན་རྒྱུད་བཞི་ནི་རྒྱལ་བ་བདེ་གཤེགས་ཀྱི་གསུངས་གནང་བ་ཞིག་མིན་པར་བོད་མཁས་པ་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོའི་ཁྱད་འཕགས་ཀྱི་བློ་དང་སྐབས་དེའི་བོད་རྒྱ་བལ་གསུམ་ལ་སོགས་པའི་གསོ་དཔྱད་ཀྱི་ཡང་སྙིང་སྟེང་དེ་སྔའི་གསོ་དཔྱད་སྙིང་བོ་བསྡུས་པ་ལ་སོགས་པའི་བོད་གསོ་རིག་གི་ཕྱག་ལེན་རྙིང་བ་རྣམས་རྩ་བར་བཟུང་ནས་མཛད་པ་ཞིག་ཡིན་ལ་ད་ལྟའི་བར་དུ་མ་མཐའ་ཡང་ལོ་ངོ་སྟོང་ཕྲག་གཅིག་ཉིས་བརྒྱ་ལྷགས་ཀྱི་ལོ་རྒྱུས་མངའ་བའི་གནའ་བོའི་བོད་ཀྱི་རིག་གནས་གལ་ཆེན་ཞིག་ཡིན་ལ་ད་ལྟ་སྤྱི་ཚོགས་འདི་ཙམ་འཕེལ་རྒྱས་སོང་ཡང་འདིའི་ནང་དུ་ནོག་ནོག་གི་སྐྱོན་ཏིལ་འབྲུ་ཙམ་མ་རྙེད་ལ་འདིའི་ཐོག་མཐའ་བར་གསུམ་གང་ལ་བལྟས་ཀྱང་ཚིག་སྐྱོན་དང་ཟློས་སྐྱོན་སོགས་གང་ཡང་མེད་པ།ཚིག་དོན་རྒྱ་ཆེ་ཞིང་གཏིང་ཟབས་པ་དང་མགོ་ནས་རྐང་མཐིལ་བར་གྱི་ན་ཚ་མ་ལུས་རྗེན་པར་བསྟན་པ་དང་ཕྱི་ནང་གསང་གསུམ་ལ་སོགས་པའི་གྲུབ་མཐའ་ཡོངས་ཀྱི་མཁས་ལེན་པ།བརྗོད་བྱ་ལེགས་ཀྱང་བརྗོད་བྱེད་ཀྱི་ཚིག་གི་བསྡེབ་སྦྱོར་ཕུན་སུམ་ཚོགས་པ་ཞིག་ཡིན་ནོ།དེ་ཕྱིར་རྒྱུད་བཞི་ནི་བོད་མཁས་པའི་མཛད་བསྟན་བཅོས་ཡིན་ཞེས་ཀྱང་བཤད་པ་ཡིན།

བཞི་བ། རྒྱུད་བཞི་སྲུང་སྐྱོབ་ལས་གཏེར་མ་ཆགས་ཚུལ།

ལྷ་ལུང་དཔལ་རྡོར་གྱིས་རྒྱལ་པོ་གླང་དར་བགྲོངས་པ་དང་འབངས་གྱེན་ལོག་བྱས་པའི་རྐྱེན་གྱིས་རྒྱུད་བཞི་འདི་ཉིད་འཇིགས་པར་བསམ་ནས་ལོ་ངོ་བརྒྱ་དང་ལྔ་བཅུ་རིང་ལ་བསམ་ཡས་ཀྱི་ཀ་བ་བུམ་པ་ཅན་དུ་གཏེར་དུ་སྦས་པས་གཏེར་མར་ཡང་འགྱུར་བ་ཡིན་ནོ།

ལྔ། རྒྱུད་བཞི་ནི་དེ་གསུམ་ག་ཡིན་ཚུལ་བཤད་པ།

དེ་ལྟར་བོད་ལུགས་གསོ་རིག་རྒྱུད་བཞི་འདི་ཉིད་དང་པོ་བྱུང་འབྱུང་སའི་ཁོར་ཡུག་གི་རྣམ་པ་དང་དེའི་སྤྱི་ཚོགས་ཀྱི་རྒྱབ་ལྫོངས་དང་བརྩམས་པའི་དམིགས་ཡུལ་དང་དགོས་མཚན་ལ་སོགས་ཀྱི་དབང་གིས་རྒྱལ་བའི་བཀའ་ལ་གཏུགས་པ་དང་རྒྱུད་བཞིའི་ནང་དོན་དང་ནད་རིགས་རྒྱུ་རྐྱེན་དང་ཟས་སྤྱོད་ཕན་གནོད་དང་ནད་མིང་ནད་རྟགས།ནད་བཅོས་ཀྱི་བརྒྱུད་རིམ་སོགས་གང་ནས་བལྟོས་ཀྱང་རྒྱ་གར་འཕགས་པའི་ཡུལ་དང་ཆེས་མི་མཐུན་པར་མཐོ་སྒང་གི་ས་མཐོའི་མི་རིགས་དང་ཆེས་མཐུན་པའི་དབང་གིས་རྒྱལ་བའི་བཀའ་མིན་པར་བོད་རང་གི་མཁས་པའི་མཛད་པའི་རིག་པའི་གཞུང་ལུགས་ཞིག་ཡིན་པ་གསལ་སྟོན་བྱས་ཡོད་པ་དང་ཡང་དུས་རབས་ཀྱི་ཟིང་ཟིང་དང་ལོ་རྒྱུས་ཀྱི་རྐྱེན་དབང་གིས་ལོ་མང་གཏེར་དུ་སྦས་པ་ལས་གཏེར་མའང་འགྱུར་བ་སྟེ་མདོར་ན་རྒྱུད་བཞི་ནི་རྒྱལ་བའི་བཀའ་ཡིན་ལ་བསྟན་བཅོས་ཀྱང་ཡིན་ཞེས་བརྗོད་པ་ཆོག་པ་མ་ཟད།གཏེར་མ་ཡང་ཞེས་བརྗོད་ཆོག།འདི་ལྟར་བརྩམས་ཆོས་རིག་གཞུང་གཅིག་ལ་རྒྱལ་བའི་བཀའ་དང་བསྟན་བཅོས་གཏེར་མ་བཅས་ཀྱི་ཆ་ཡོངས་སུ་ཚང་ནི་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོས་བློ་གྲོས་ཀྱི་རྩོམ་རྩལ་ཁྱད་འཕགས་ཤིག་ཡིན་པ་མ་ཟད།དཔལ་ལྡན་རྒྱུད་བཞི་ཡི་ཐུན་མོང་མ་ཡིན་ཁྱད་ཆོས་གཙོ་བོའང་ཡིན་ནོ།།

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།