ད་ལྟ་གཟིགས་བཞིན་པ། > མདུན་ངོས། > རྩོམ་རིག > དཔྱད་རྩོམ།

གླུ་དབྱངས་སློབ་ཁྲིད་ཀྱི་གནས་བབ་དང་བཅོས་བསྒྱུར་བྱེད་ཐབས་སྐོར་རགས་ཙམ་གླེང་བ།

སྤེལ་དུས། 2015-09-22 10:06:24   ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། དབང་རྒྱལ་ཚེ་རིང་།

5137847_143106043250_2.jpg 

གཡང་མོ་སྒྲོལ་མ༼ཤ་བོ་སྐྱིད༽

 

ཉེ་བའི་ལོ་འགའི་རིང་ལ། རྒྱལ་ཡོངས་ཀྱི་ས་ཆ་སོ་སོར་སྤུས་ཚད་སློབ་གསོ་ཁྱབ་གདལ་དུ་བཏང་བ་དང་བསྟུན་ནས། བོད་ཁུལ་གྱི་ས་ཁུལ་མང་ཆེ་བའི་སློབ་གྲྭ་ཆུང་འབྲིང་དག་ཏུ་ཡང་སྤུས་ཚད་སློབ་གསོའི་མཐོ་རླབས་འཕྱུར་ཏེ། གླུ་དབྱངས་སློབ་གསོར་གཙིགས་ཆེན་མི་བྱེད་པའི་རྣམ་པར་འགྱུར་ལྡོག་ཅུང་ཙམ་བྱུང་ཡོད་མོད། འོན་ཀྱང་མི་རྣམས་ཀྱི་བསམ་བློའི་ཁྲོད་དུ་གླུ་དབྱངས་སློབ་གསོ་ནི་བསླབ་ཚན་ཕལ་བ་ཞིག་ཏུ་བརྩི་བའི་བག་ཆགས་སྔར་བཞིན་གཏིང་ཤིན་ཏུ་ཟབ་པ་རེད། དེ་བས་ང་རང་སློབ་ཁྲིད་ཀྱི་ཞོར་དུ་སློབ་གྲྭ་ཆུང་འབྲིང་དུ་མར་སོང་ནས་གླུ་དབྱངས་སློབ་གསོ་སློབ་ཁྲིད་ཀྱི་དོན་དངོས་ལ་རྟོག་ཞིབ་བྱས་པ་ན། གནད་དོན་སྐོར་ཞིག་གི་ཐད་ལ་རྒྱུས་ལོན་གསར་ཏུ་བྱུང་ཞིང་དེ་དང་འབྲེལ་ནས་ད་ལྟའི་གླུ་དབྱངས་སློབ་གསོའི་གནས་བབ་དང་མི་འདང་སར་ཇི་ལྟར་ཁ་གསབ་རྒྱག་པའི་ཐད་ཀྱི་བསམ་འཆར་འགའ་ཡང་གླེང་བར་འདོད་དོ། །

གཅིག གླུ་དབྱངས་སློབ་ཁྲིད་ཀྱི་ད་ལྟའི་གནས་བབ།

༡ སློབ་ཁྲིད་བཀོད་སྒྲིག་ལ་ཁག་ཐེག་མེད་པ།

རྫོང་མཁར་དང་གྲོང་རྡལ་གྱི་སློབ་གྲྭ་ཆུང་འབྲིང་དག་ཏུ་འཛིན་གྲྭ་གཅིག་ལ་གཟའ་འཁོར་རེར་གླུ་དབྱངས་སློབ་ཁྲིད་གཅིག་རེ་བཀོད་སྒྲིག་བྱས་ཡོད་ལ། གཞི་རིམ་གྱི་སློབ་ཆུང་སོ་སོ་ན་སློབ་ཁྲིད་བཀོད་སྒྲིག་རེའུ་མིག་ཏུ་གླུ་དབྱངས་སློབ་ཁྲིད་བཀོད་ཡོད་ནའང་། དོན་དངོས་སུ་བསླབ་ཚན་གཞན་པའི་སློབ་ཁྲིད་ཀྱིས་འཛིན་པའམ་རང་སྦྱོང་གི་དུས་ཚོད་བྱེད་བཞིན་ཡོད། ལྷག་པར་དུ་རྒྱུགས་འབྲས་ལ་བལྟས་ནས་དགེ་རྒན་དང་སློབ་མའི་བཟང་ངན་དགར་བའི་བྱེད་སྟངས་དེས། རྒྱུན་པར་བསླབ་ཚན་གཙོ་བོའི་ཁག་ལ་ནན་ཏན་དང་གཙིགས་ཆེན་བྱེད་པ་ལས་གླུ་དབྱངས་སློབ་ཁྲིད་ནི་མིང་གི་ལྷག་མ་ཙམ་དུ་བཏང་དང་གཏོང་བཞིན་ཡོད།

༢ དགེ་རྒན་གྱི་དཔུང་སྡེ་ཤིན་ཏུ་ཞན་པ།

རྫོང་ཡོངས་སུ་ཆེད་ལས་གླུ་དབྱངས་དགེ་རྒན་བརྒྱ་ཆའི་གཉིས་མ་གཏོགས་མེད་པ་དང། སློབ་འབྲིང་དང་གྲོང་རྡལ་གྱི་སློབ་ཆུང་དུ་གླུ་དབྱངས་དགེ་རྒན་རེ་འགའ་བཀོད་སྒྲིག་བྱས་ཡོད་མོད། གཞི་རིམ་གྱི་སློབ་ཆུང་ཕལ་ཆེ་བར་གླུ་དབྱངས་ཆེད་ལས་ཕྱོགས་ཀྱི་དགེ་རྒན་མེད་པས། གླུ་དབྱངས་སློབ་ཁྲིད་དེ་བསླབ་ཚན་གཞན་པའི་དགེ་རྒན་གྱིས་ཞོར་དུ་འཁུར་བཞིན་ཡོད།  དེ་བས་དགེ་རྒན་ཚོས་སེམས་ཤུགས་བྱ་བ་སྣ་གཅིག་ལ་འཁོར་མི་ཐུབ་ཅིང་། རྒྱུན་དུ་ཕན་ཚུན་བར་ལ་བསམ་བློ་བརྗེ་རེས་ཀྱི་གོ་སྐབས་ཀྱང་ཉག་ཕྲ་ལ་བརྡ་འཕྲིན་ཕྱོགས་ཀྱི་སྟོང་ཆར་དམིགས་ནས་སློབ་ཁྲིད་ལ་རང་སྣང་གང་ཤར་བྱེད་པའི་རང་བཞིན་དེ་ཧ་ཅང་ཚབས་ཆེན་དུ་གྱུར། 

༣ སློབ་ཁྲིད་བྱེད་སྟངས་ལ་སྲོལ་རྒྱུན་གྱི་ཁྲིད་ཐབས་ཤུགས་ཆེ།

སློབ་ཁྲིད་བྱེད་ཐབས་དེ་སྲོལ་རྒྱུན་གྱི་སློབ་ཁྲིད་བྱེད་སྟངས་ལ་གོམས་ནས་དགེ་རྒན་གྱིས་ཚིག་གཅིག་བླངས་ན། སློབ་མས་ཚིག་གཅིག་ལེན་པའི་མཉམ་ལེན་རྣམ་པ་ཅན་གྱི་སློབ་ཁྲིད་བྱེད་སྟངས་ཡིན་ལ། གླུ་དབྱངས་ཧྲིལ་བོ་བློར་ངེས་སུ་བཅུག་རྗེས། སྐོར་བགོས་ནས་ལེན་པའམ་རིམ་པ་འཁོར་ནས་ལེན་པ་སོགས་བྱས་ཏེ། གསར་བྱུང་གླུ་གཞས་འགའ་ལ་ལད་མོ་ཁོ་ན་བྱས་ཏེ་སྤྲོ་བ་ཙམ་སྐྱེད་པ་ལས་གླུ་དབྱངས་སློབ་ཁྲིད་ཀྱི་ཕན་ཡོན་དང་དམིགས་ཡུལ་ཁ་མི་གསལ་བའི་སྣང་ཚུལ་ཤིན་དུ་མང་བས། དེང་རབས་ཀྱི་སློབ་ཁྲིད་བྱེད་སྟངས་དང་བར་ཁྱད་ཆེན་པོ་ཤོར་ཡོད།

༤ སློབ་ཁྲིད་སྒྲིག་ཆས་འཐུས་ཚང་མིན་པ།

སློབ་འབྲིང་དང་གྲོང་རྡལ་གྱི་སློབ་ཆུང་དུ་གླུ་དབྱངས་སློབ་ཁྲིད་ཀྱི་སྒྲིག་ཆས་དང་མཁོ་ཆས་འོས་འཚམ་རེ་བཀོད་སྒྲིག་བྱས་ཡོད་ནའང། སློབ་ཁྲིད་ཡོ་བྱད་ཁ་མི་ཚང་པའམ་ཤིན་དུ་ཉུང་བས་ སློབ་ཁྲིད་ཀྱི་དགོས་མཁོ་བསྐང་མི་ཐུབ་ལ། གླུ་དབྱངས་སློབ་ཁྲིད་ཁང་མེད་པས་མིག་སྔར་ཡོད་པའི་ཡོ་བྱད་བཀོལ་ཐབས་མེད་པའི་གནས་སུ་གྱུར་ཡོད་པ་དང་། གཞི་རིམ་གྱི་སློབ་ཆུང་དག་ཏུ་གླུ་དབྱངས་སློབ་ཁྲིད་ཀྱི་ཡོ་བྱད་དང་མཁོ་ཆས་ཅི་ཡང་མེད་པའི་གནས་སུ་གྱུར་ཡོད།

༥ འགོ་ཁྲིད་ཀྱིས་གཙིགས་ཆེན་བྱས་པ་མི་འདང་བ།

སློབ་གྲྭ་ལ་ལའི་འགོ་ཁྲིད་དག་གིས་རྒྱུགས་སྤྲོད་ལམ་ལུགས་ཁོ་ན་དམིགས་སུ་འཛིན་པ་ལས་གླུ་དབྱངས་སློབ་ཁྲིད་ལ་གཙིགས་ཆེན་མི་བྱེད་པ་དང་། སློབ་སྐབས་མཇུག་ལ་ཐོན་པའམ་སློབ་ཁྲིད་བྲེལ་བ་ཆེ་དུས་བསླབ་ཚན་གཞན་གྱིས་འཛིན་པའམ་ཟུར་ཕུད་གཏོང་བ་ཡིན་པས། གླུ་དབྱངས་དགེ་རྒན་གྱིས་ཀྱང་གོང་དཔེ་ལ་ལད་ཟློས་བྱས་ཏེ་ཉི་མ་འཁྱོལ་ཐབས་བྱེད་པའི་སྣང་ཚུལ་ཚབས་ཆེན་འབྱུང་བཞིན་ཡོད།

༦ ཁྱིམ་བདག་གིས་རྒྱབ་སྐྱོར་བྱས་པ་མི་འདང་བ།

ཁྱིམ་བདག་ཕལ་ཆེ་བའི་སེམས་གྱི་གཏིང་རིམ་དུ་གླུ་དབྱངས་ནི་ངག་གི་དབྱངས་རྟ་ཙམ་ཁོ་ནར་ངོས་བཟུང་སྟེ་ཉི་མ་འཁྱོལ་ཐབས་ཙམ་དང་སྤྱོད་པ་འཆལ་འཆོལ་གཏོང་བྱེད་ཙམ་ལས་ཅི་ཡང་མིན་པར་སྙམ་བཞིན་ཡོད་པས། དུས་ནམ་ཡང་སློབ་མས་གླུ་དབྱངས་སྦྱང་བར་བཀག་འགོག་དང་དགག་རྒྱག་བྱེད་བཞིན་ཡོད། ཁོ་ཚོས་གླུ་དབྱངས་ནི་རིག་ཚན་ཞིག་གི་ངོས་དང་སྒྱུ་རྩལ་ཞིག་གི་ངོས་ནས་ནམ་ཡང་བལྟ་ཐུབ་ཀྱིན་མེད་པ་རེད།

གཉིས། གླུ་དབྱངས་སློབ་གསོའི་བཅོས་བསྒྱུར་ཐབས་ཇུས།

༡ བསླབ་ཚན་གྱི་ཕྱོགས་ཞེན་འདོར་དགོས།


རྒྱལ་ཡོངས་མི་རིགས་སློབ་གསོ་བྱ་བའི་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལྟར། མུ་མཐུད་དུ་རྒྱལ་ཁབ་ཀྱི་རོགས་རམ་དང་རང་སྟོབས་རང་སྤེལ་གཉིས་ཟུང་དུ་འབྲེལ་བ་རྒྱུན་འཁྱོངས་བྱས་ཏེ་མི་རིགས་སློབ་གསོའི་རྨང་གཞི་ལེགས་འཛུགས་དང་དར་སྤེལ་བྱེད་བཞིན་ཡོད། ལྷག་པར་དུ་ས་གནས་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་མང་ཚོགས་ཀྱི་ཤེས་རིག་དཔལ་འབྱོར་ལ་ཞབས་འདེགས་ཞུ་བ་བརྒྱུད། མི་རིགས་སློབ་གསོ་ཞེས་པའི་ཁྱིམ་གཞི་ཆེན་པོ་འདིའི་ནང་། འགོ་ཁྲིད་ནི་བྱམས་ལྡན་གྱི་ཕ་མ་ལྟ་བུ་ཡིན་ལ། དགེ་རྒན་དང་སློབ་བུ་རྣམས་ཁོའི་བུ་དང་བུ་མོ། སྙིང་ནས་གཅེས་པའི་ཚ་བོ་ཚ་མོ་ལྟ་བུ་ཡིན་པས། མཐའ་གཅིག་ཏུ་སློབ་མའི་མ་འོངས་བའི་ཁ་ཕྱོགས་དམིགས་སུ་བཟུང་སྟེ། སློབ་མའི་དགའ་སྣང་སྐྱེད་སྲིང་དང་སློབ་མའི་དགའ་ཕྱོགས་ལྟར་ཆེད་ལས་སྣ་མང་སྐྱེད་སྲིང་བྱེད་པ་ནི་གནད་ཀྱི་གཙོ་བོ་རང་རེད་སྙམ། མི་རིགས་ཤིག་ལ་སྙན་ངག་མ་དར་ན་མི་རིགས་དེ་ནི་རྨོངས་འཐོམ་གྱི་མི་རིགས་ཤིག་ཏུ་འགྱུར་ངེས་ཟེར་བ་བཞིན། མི་རིགས་ཤིག་ལ་གླུ་དབྱངས་མ་དར་ན་མི་རིགས་དེ་ནི་སྤྲོ་སྣང་དང་སྒྱུ་རྩལ་གྱིས་ཕོངས་བའི་མི་རིགས་ཤིག་ཏུ་འགྱུར་ངེས་པ་ནི་བསྙོན་དུ་མེད། ཕ་ལྷ་བཟོས་བུ་ལྷ་བཟོ་བསྐྱངས་ཤིང་། ཕ་ཤིང་བཟོས་བུ་ཤིང་བཟོ་བསྐྱངས་བ་ནི་ལེགས་པོར་མཐོང་ཡང་། ཆེད་ལས་གཞན་པ་དང་རིག་ཚན་གཞན་པའི་འཇོན་མི་སྐྱེད་སྲིང་བྱེད་མ་ཐུབ་ན་ང་ཚོ་ནི་མི་རིགས་ཀྱི་ཉེས་ཅན་དུ་འགྱུར་བའི་ཉེན་ཁ་ཤིན་ཏུ་ཆེ་བ་རེད། སོམས་དང་། ད་ནི་རང་ཉིད་ཀྱི་བདེ་སྐྱིད་དང་སྙན་གྲགས་ཁོ་ན་དོན་དུ་གཉེར་བ་དང་རང་གི་ལྟོ་རྒྱབ་ཁེབས་པ་ཙམ་ལ་ཡིད་ཚིམ་ནས་སྡོད་པའི་སྐབས་ཤིག་ག་ལ་ཡིན་ཏེ། མི་རིགས་ཀྱི་དཔལ་འབྱོར་གོང་འཕེལ་དུ་འགྲོ་བ་དང་། དངོས་པོའི་དཔལ་ཡོན་འཐུས་ཚང་ངམ་སྤུས་ཚད་མཐོར་འདེགས་འགྲོ་བ་དང་བསྟུན། བསམ་པའི་དཔལ་ཡོན་འཛུགས་སྐྲུན། འཕེལ་རྒྱས། གདེང་འཇོག རེ་སྙེག་བཅས་བྱེད་པ་ནི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཆེན་པོར་གྱུར། མིའི་རིགས་ཀྱི་ལོ་རྒྱུས་སྟེང་འོད་སྟོང་འབར་བའི་སྐར་ཆེན་ཞིག་ནམ་ཡང་མཁའ་ལ་འཚེར་འདོད་ན། མི་རིགས་ཞེས་བའི་རྟགས་མཚན་གཙོ་བོ་སྟེ
མི་རིགས་རང་གི་སྐད་དང་ཡི་གེ་ལོས་ཡིན་མོད། ཐོག་མར་མི་རིགས་རང་གི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་རིག་གནས༼ཡུལ་སྲོལ་གོམས་འདྲིས༽འཛིན་སྐྱོང་སྤེལ་གསུམ་བྱེད་པའི་ཞོར་དུ། ཁྱིམ་ཚང་སློབ་གསོ་དང་སློབ་གྲྭའི་སློབ་གསོའི་ཁྲོད། རིག་ཚན་གཞན་སོ་སོའི་ཕན་ནུས་དང་ཁྱད་ཆོས་སྔོག་འདོན་བྱེད་དགོས་པ་མ་ཟད། སྒྱུ་རྩལ་ཚན་ཁག་གཙོ་བྱས་ཏེ་བསམ་བློ་དང་ཀུན་སྤྱོད་ལ་འགྱུར་བ་གཏོང་རྒྱུ་དེའང་ཤིན་ཏུ་གཙོ་ཆེ་བར་བསམ། སྤྱིར་སློབ་གསོ་ནི་མི་གཞི་ལེགས་པོ་ཞིག་གསོ་སྐྱོང་བྱེད་པ་དང་། རིག་གནས་ཡོན་ཏན་ཡག་པོ་ཞིག་སྦྱང་རྒྱུ་དེ་ཡིན། སྒྱུ་རྩལ་ནི་སློབ་གསོའི་རྨང་གཞི་ཡིན་ལ། སློབ་གསོ་དར་སྤེལ་བྱེད་པའི་ཐབས་ལམ་གཙོ་བོའང་ཡིན། གླུ་དབྱངས་སློབ་ཁྲིད་ནི་སྤུས་ཚད་སློབ་གསོའི་ཁྲོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། དེས་སློབ་མ་མེས་རྒྱལ་ལ་དགའ་ཞེན་ཆེ་བ་དང་། མི་རིགས་ལ་དུང་སེམས་ཆེ་བ། འཚོ་བར་སྤྲོ་སྣང་ཡོད་པའི་གཤིས་རྒྱུད་ཅིག་ཆགས་པར་ནུས་པ་གང་ལེགས་འདོན་ཐུབ་པ་དང་། མིག་སྔར་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་འགན་ཁུར་ཇེ་ཡང་དུ་གཏོང་བའི་འབོད་སྐུལ་ཁྲོད་དུའང་། གླུ་དབྱངས་སློབ་ཁྲིད་ཀྱིས་འདང་ཤིང་ནན་ཏན་གྱིས་སློབ་ཁྲིད་བྱས་ན། སློབ་མས་བག་ཕེབས་དང་སྤྲོ་སྐྱིད་ལྡན་པའི་ངང་མཛེས་དཔྱོད་ཀྱི་སློབ་གསོ་མྱོང་ཐུབ་པ་ཡིན་ལ། སློབ་མའི་སློབ་སྦྱོང་འགན་ཁུར་ཇེ་ཡང་དུ་གཏོང་བ་དང་སློབ་སྦྱོང་ལ་སྤྲོ་བ་རྒྱས་པའི་ཆེས་བཟང་བའི་ཐབས་ཤིག་ཀྱང་ཡིན་ཟེར། སློབ་གྲྭའི་འགོ་ཁྲིད་ཅིག་ཡིན་པའི་ཆ་ནས་ངེས་པར་དུ་ཕྱོགས་ཡོངས་ནས་སྤུས་ཚད་སློབ་གསོའི་ནང་དོན་ལ་གོ་བ་ཟབ་མོ་ལེན་ཐུབ་པར་འདོད། གླུ་དབྱངས་སློབ་ཁྲིད་བཟང་བོ་བྱས་ནས་སྤུས་ཚད་སློབ་གསོར་སྐུལ་འདེད་ཀྱི་ནུས་བ་གལ་ཆེན་འདོན་ཐུབ་པའི་གོ་རྟོགས་ཇེ་མཐོར་གཏང་དགོས་པ་དང་། གླུ་དབྱངས་སློབ་ཁྲིད་ལ་གཙིགས་ཆེན་དང་ཐུགས་ཁུར་བྱས་ཏེ། ཐོག་མར་དགེ་རྒན་བཀོད་སྒྲིག་ལེགས་པོ་བྱེད་དགོས་བསམ། གཅིག་ནས་གླུ་དབྱངས་ཀྱང་བསླབ་ཚན་གཞན་པ་དང་འདྲ་བར་ཚད་ལྡན་གྱི་ཆེད་ལས་དགེ་རྒན་གསོ་སྐྱོང་མ་བྱས་ན ། སློབ་ཁྲིད་ཀྱི་ཆུ་ཚད་མཐོར་འདེགས་གཏོང་རྒྱུ་ནི་ཧ་ཅང་དཀའ་ཁག་ཆེ་བ་ཞིག་ཡིན། གཉིས་ནས་གླུ་དབྱངས་སློབ་ཁྲིད་བཀོད་སྒྲིག་ལེགས་པོ་བྱེད་པ། གསུམ་ནས་གཏོང་ཕོད་ཇེ་ཆེར་བཏང་ནས་སློབ་ཁྲིད་ཡོ་ཆས་འཐུས་ཚང་དུ་གཏོང་དགོས་ལ། འདི་ནི་གླུ་དབྱངས་སློབ་ཁྲིད་ཀྱི་ཆུ་ཚད་མཐོར་འདེགས་གཏོང་བར་མེད་དུ་མི་རུང་པའི་ཆ་རྐྱེན་གཙོ་བོ་ཡིན། བཞི་ནས་གླུ་དབྱངས་སློབ་གསོའི་མཁའ་དབུགས་བཟང་པོ་ཞིག་བསྐྲུན་ཏེ། ཕུན་སུམ་ཚོགས་པའི་གླུ་དབྱངས་སློབ་གསོའི་བྱ་འགུལ་སྤེལ་དགོས་ཏེ། དཔེར་ན། གླུ་དབྱངས་འགྲན་སྡུར་དང་རིག་རྩལ་བྱ་འགུལ། དཀྲོལ་རྡུང་བྱ་འགུལ། དམངས་གླུ་དང་རྡུང་ལེན་འགྲན་བསྡུར་སོགས་ཀྱི་བྱ་འགུལ་སྤེལ་བར་རམ་འདེགས་ཀྱི་ནུས་པ་འདོན་དགོས་པ་རེད།

༢ ཁྱིམ་བདག་གིས་རྒྱབ་སྐྱོར་མ་བྱས་པའི་མཇུག་འབྲས།

སྤྱི་ཚོགས་སློབ་གསོའི་དགོས་མཁོ་བསྐྲུན་པ་དང་ཆབས་ཅིག སྔོན་ཐོན་མི་རིགས་དང་སྔོན་ཐོན་རྒྱལ་ཁབ་ལ་ཁ་ཕྱོགས་ཏེ་ཧུར་བརྩོན་སྒོས་རིག་གནས་སློབ་གསོར་ཤུགས་སྣོན་པ་དང་། བསམ་བློའི་ཉིང་བཅུད་ལེན་རྒྱུ་ནི་བོད་ཁ་བ་ཅན་གྱི་རྒྱུན་འཛིན་སློབ་གྲོགས་ཚོ་དང་། དགེ་རྒན། རིག་གནས་པ། སློབ་གསོ་པ་རྣམས་ཀྱི་འོས་འགན་ཡིན་པ་རེད། མི་རིགས་སློབ་གསོ་འཕེལ་རྒྱས་སུ་གཏོང་བ་དང་མཉམ་དུ་བློ་སེམས་དཀར་པོའི་སྒོ་ནས་སྲོལ་རྒྱུན་རིག་གནས་ཀྱི་ཤུལ་བཞག་དར་སྤེལ་གཏོང་པར་མ་ཟད། ཉམས་པ་སོར་ཆུད་དང་གསར་བ་དར་སྤེལ་དུ་གཏོང་དགོས། སྤོབས་པ་ཆེན་པོས་བྱེད་ཐབས་དམིགས་བསལ་ཅན་ལག་བསྟར་བྱས་ཏེ་བསམ་བློ་བཅིངས་བགྲོལ་གཏོང་དགོས་པ་དང་། མཐོང་རྒྱ་ཐོས་རྒྱ་ཡང་ཆེ་རུ་གཏོང་དགོས་པ་མ་ཟད། དུས་རབས་ཀྱི་སྙིང་སྟོབས་མཚོན་པ། མི་རྣམས་ཀྱི་ཡིད་སེམས་འགུགས་ཐུབ་པའི་བརྩམས་ཆོས་གང་མང་། རིག་གནས་སྒྱུ་རྩལ་འཁྲབ་སྟོན་གང་མང་ལ་བལྟ་ཞིབ། ལད་མོ། སློབ་སྦྱོང་གང་ལེགས་བྱེད་དགོས་པ་ཡིན། ང་ཚོའི་མི་རིགས་འདིར་མཚོན་ན། མི་ཚེ་སྟོང་ཟད་དུ་གཏང་ན་གེ་སར་སྒྲུང་ལ་ལྟོས་ཟེར་བ་ལྟ་བུའི་བཤད་རྒྱུན་གྱིས་ནི། སྒྱུ་རྩལ་ལམ་རིག་ཚན་གཞན་པ་མང་པོ་ཞིག་གི་ལམ་ཁ་རྩ་བརླག་ཏུ་གཏོང་བཞིན་ཡོད་པས། ད་ནི་ང་ཚོས་འདུ་ཤེས་རྙིང་བའི་རྒྱུན་དེ་དག་དོར་ནས་འཛམ་གླིང་གི་མི་རིགས་གཞན་པ་དང་མཉམ་དུ་དཔུང་བ་མཉམ་གཤིབ་ཀྱིས་མདུན་དུ་བསྐྱོད་པའི་སྤོབས་པ་དང་ཡིད་ཆེས་གཟུག་དགོས་པ་ཡིན། ང་ཚོ་འཕེལ་རྒྱས་སུ་གཏོང་དགོས་ན་སློབ་མའི་འདུ་ཤེས་གསར་བསྒྱུར་གྱི་ཁོར་ཡུག་ངེས་ཅན་ཞིག་མཁོ་བ་ཡིན། ཁོར་ཡུག་དེ་ནི་ཁྱིམ་ཚང་གི་ཁོར་ཡུག་དང་སློབ་གྲྭའི་ཁོར་ཡུག་ལས་མ་འདས་ཏེ། དེ་ལས་ཀྱང་ཆེས་གལ་ཆེ་བ་ནི་ཁྱིམ་ཚང་གི་ཁོར་ཡུག་ཡིན། འཇིག་རྟེན་འདིར་ཐད་གར་བུ་བུ་མོའི་བློ་ཁ་སྒྱུར་མཁན་ནི། འཇིག་རྟེན་འདིའི་སྟེང་ཆེས་ལྷད་མེད་ཀྱི་བརྩེ་བ་སྦྱིན་མཁན་དང་ཡོད་ཚད་ཀྱི་མདུན་མ་སྐྲུན་མཁན་སྟེ། བྱམས་ལྡན་ཕ་མ་ཡིན་པ་ནི་བསྙོན་དུ་མེད་པས། སློབ་མའི་འདུ་ཤེས་འཛིན་སྟངས་སྒྱུར་དགོས་ན་ཐོག་མར་ཕ་མའི་འདུ་ཤེས་འཛིན་སྟངས་བསྒྱུར་དགོས་པ་གནད་ཀྱི་གཙོ་བོར་མཐོང་བས། ཕ་མས་ཀྱང་རང་གི་བུ་བུ་མོའི་རེ་འདོད་ལྟར་དངོས་ཆོས་མཁོ་སྤྲོད་བྱེད་པ་དང་། སློབ་མའི་བསམ་བློ་དང་དགའ་ཕྱོགས་ལ་རྒྱབ་སྐྱོར་བྱེད་རྒྱུ་ནི་དོན་ཆེན་ནང་གི་འགངས་ཆེན་ཞིག་ཡིན་ཏེ། ངག་རྒྱུན་ལ། གང་ལ་དགའ་བ་དེ་ལ་མཁས་ཞེས་པའི་དཔེ་ལྟར། ཉེ་བའི་ལོ་འགའི་རིང་ལ། ངེད་སློབ་གྲྭའི་གླུ་དབྱངས་ལ་དགའ་སྣང་ཆེ་བའི་སློབ་གྲོགས་ཚོའི་འབད་པ་ལ་བརྟེན་ནས། བསྟུན་མར་སློབ་མ་གང་མང་ཞིག་གིས་སློབ་ཆེན༼ཆེད་ལས་ཚན་ཁག༽རྒྱུགས་འཕྲོད་ཀྱང་། ཁྱིམ་བདག་གིས་དབང་གཅིག་གཅོད་བྱས་རྐྱེན་ད་བར་དུ་སྒྱུ་རྩལ་སློབ་ཆེན་ནང་སློབ་གྲོགས་བཞི་ལྔ་ཙམ་མ་གཏོགས་འགྲོ་མ་ཐུབ་པ་དེ་ནི། སློབ་གྲྭ་ཞིག་དང་མི་རིགས་ཤིག་ལ་མཚོན་ན་འདག་ཐབས་མེད་པའི་ཉེས་བ་ཆེན་པོ་བསགས་པ་རང་རེད་ལ།ཤིན་ཏུ་ཕངས་པའི་གནས་སུ་འཁུམས།

༣ དགེ་རྒན་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་དགོས།
སྤུས་ཚད་མཐོ་བའི་དགེ་རྒན་དཔུང་སྡེ་འཛུགས་སྐྲུན་བྱེད་རྒྱུ་ནི་གླུ་དབྱངས་སློབ་ཁྲིད་ལེགས་པོ་བྱེད་རྒྱུ་དང་ཕྱོགས་ཡོངས་ནས་སྤུས་ཚད་སློབ་གསོ་ཁྱབ་གདལ་གཏོང་བའི་ཁག་ཐེག་ཡིན་པས། འགོ་ཁྲིད་རྣམ་པའི་རོགས་རམ་འོག དམིགས་ཡུལ་ཡོད་པའི་སྒོ་ནས་དགེ་རྒན་འགའ་རེ་དམངས་སྲོལ་སྐོར་གྱི་འཁྲབ་སྟོན་ཚན་ཁག་ལ་ཞུགས་ནས་འཚོལ་ཞིབ་དང་། སྒྱུ་རྩལ། རིག་གནས་འཁྲབ་སྟོན་ལ་བལྟ་ཞིབ་བྱེད་ཏུ་བཅུག་སྟེ། སྤྱི་ཚོགས་ལ་ཁ་ཕྱོགས་པ། སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་གསར་སྤེལ་གཏོང་བར་སྐུལ་འདེད་ཡང་ཡང་གཏོང་དགོས། ཐོག་མར་སློབ་གསོ་སློབ་ཁྲིད་གཞུང་ལུགས་ཀྱི་སློབ་ཁྲིད་ལ་ཤུགས་བསྣན་ནས་གླུ་དབྱངས་སློབ་གསོའི་ཆེད་ལས་ཤེས་བྱར་སློབ་སྦྱོང་བྱས་ཏེ། གླུ་དབྱངས་ནི་ག་འདྲ་ཞིག་ཡིན་པ་དང་། དེའི་བསླབ་ཚན་གྱི་ཁྱད་ཆོས། སློབ་གསོའི་དམིགས་འབེན། སློབ་ཁྲིད་ཀྱི་གཙོ་གནད་དང་དཀའ་གནད་ལ་བྱང་ཆ་ལྡན་དགོས་པ་མ་ཟད། གླུ་དབྱངས་སློབ་གསོ་ཕྱོགས་ཀྱི་རྒྱུ་ཆ་དང་དུས་དེབ་གང་མང་བཀླགས་ནས་གླུ་དབྱངས་སློབ་གསོ་ཞིབ་འཇུག་གི་ཁ་ཕྱོགས་གསར་བར་རྒྱུས་ལོན་དང་། སྔོན་ཐོན་གྱི་སློབ་ཁྲིད་བྱེད་སྟངས། སློབ་ཁྲིད་ཀྱི་རྣམ་པ། ཕུལ་བྱུང་གི་སློབ་ཁྲིད་མ་དཔེ་བཅས་ལ་སློབ་སྦྱོང་གང་ལེགས་བྱས་ཏེ་རང་ཉིད་ཀྱི་ཆེད་ལས་སྤུས་ཚད་དང་སློབ་ཁྲིད་ནུས་པ་མཐོར་འདེགས་གཏོང་དགོས།

༤ སློབ་ཁྲིད་ཀྱི་སྤུས་ཚད་མཐོར་འདེགས་གཏོང་དགོས།

སློབ་ཁྲིད་ཞིབ་འཇུག་ཚན་ཆུང་གི་བྱ་འགུལ་རྒྱ་ཆེར་སྤེལ་དགོས།

སློབ་ཁྲིད་ཞིབ་འཇུག་ཚན་ཆུང་ནི་སློབ་ཁྲིད་ཞིབ་འཇུག་སྡེ་ཁག་གི་ཆེས་གཞི་རྩའི་གྲུབ་ཆ་ཡིན་ལ། སློབ་གྲྭ་མི་འདྲ་བ་དང་གནས་ཚུལ་མི་འདྲ་བར་གཞིགས་ནས་གང་ལ་གང་འཚམ་གྱིས་སློབ་ཁྲིད་ཞིབ་འཇུག་ཚན་ཆུང་གི་བྱ་བ་སྤེལ་དགོས་བ་དང་། སློབ་གྲྭ་གཅིག་ན་ཡོད་པའི་གླུ་དབྱངས་དགེ་རྒན་རྣམས་ལ་གཅིག་སྡུད་ཀྱི་གཞུང་ལས་ཁང་བཙུགས་ནས་སློབ་ཁྲིད་ཞིབ་འཇུག་བྱ་འགུལ་སྤེལ་དགོས། མཉམ་དུ་འཆར་གཞི་འགོད་པ་དང་དུས་ཚོད་གཏན་འཁེལ་བྱས་ནས་གཅིག་སྡུད་ཀྱིས་སློབ་ཁྲིད་གོ་རིམ་དང་སློབ་ཁྲིད་བྱ་ཐབས། སློབ་ཁྲིད་རྣམ་པ་བཅས་ལ་གླེང་མོལ་དང་དཔྱད་བསྡུར་བྱས་ཏེ་དགེ་རྒན་གྱི་སློབ་ཁྲིད་ནུས་པ་མཐོར་འདེགས་བཏང་ན་ལེགས་བསམ། སློབ་ཁྲིད་ཞིབ་འཇུག་གིས་སློབ་ཁྲིད་ལ་སྒུལ་ཤུགས་སྟེར་བ་དང་། སློབ་ཁྲིད་ཀྱིས་སློབ་ཁྲིད་ཞིབ་འཇུག་ལ་སྐུལ་འདེད་གཏོང་བའི་བྱ་བའི་རྣམ་པ་ཆགས་སུ་འཇུག་དགོས། སློབ་ཁྲིད་ལྟ་སྐུལ་ལ་ཤུགས་སྣོན་བྱེད་དགོས། ཐོག་མར་སློབ་ཁྲིད་དོ་དམ་མི་སྣའི་གླུ་དབྱངས་སློབ་གསོར་བཅངས་བའི་ལྟ་བ་བཅོས་བསྒྱུར་བྱས་ཏེ། གླུ་དབྱངས་སློབ་ཁྲིད་ལ་མཐོང་ཆུང་བྱེད་པའི་གནས་བབ་ངན་པ་དང་གླུ་དབྱངས་སློབ་ཁྲིད་ཞིབ་འཇུག་ཚན་ཆུང་ནི་ཚུགས་པ་ཙམ་ཞིག་ཏུ་བཤམས་པའི་གོམས་སྲོལ་ངན་པ་རྩ་བ་ནས་དོར་དགོས་བསམ། རྒྱུན་དུ་སློབ་ཁྲིད་རྩལ་ནུས་ཅན་རྩ་འཛུགས་བྱས་ནས་དཔེ་སྟོན་སློབ་ཁྲིད་བྱེད་པ་དང་། དགེ་རྒན་རྣམས་ཀྱི་སློབ་ཁྲིད་ནུས་པ་འགྲན་བསྡུར་བྱེད་པ་ལས་གཞན། གླུ་དབྱངས་དགེ་རྒན་ལ་བསླབ་ཕྱིའི་སློབ་དཔྱོད་བྱ་འགུལ་ལ་ཞུགས་པ་དང་གསོ་སྦྱོང་དུ་འགྲོ་བའི་གོ་སྐབས་སྟེར་དགོས་ཤིང་། གོང་རིམ་སློབ་གསོ་སྡེ་ཁག་གིས་ཀྱང་རྒྱུན་ལྡན་གྱི་བྱ་བའི་ཁྲོད་དུ་གླུ་དབྱངས་སློབ་ཁྲིད་ཀྱི་སྐུལ་འདེད་དང་དོ་དམ་བྱ་བ། དགེ་རྒན་གྱི་གསོ་སྦྱོང་། སློབ་ཁྲིད་ཀྱི་སྤུས་ཚད་བཅས་ལ་དངོས་བརྒྱུད་གང་རུང་ནས་ལྟ་སྐུལ་བྱེད་དགོས་བསམ། གླུ་དབྱངས་བསླབ་ཚན་རྐང་འཛིན་དགེ་རྒན་གྱི་ནུས་པ་འདོན་སྤེལ་བྱེད་དགོས། རྫོང་རིམ་པའི་སློབ་ཁྲིད་ཞིབ་དཔྱོད་ཁང་གིས་རྫོང་རིམ་པའི་གླུ་དབྱངས་བསླབ་ཚན་རྐང་འཛིན་དགེ་རྒན་གྱི་རུ་ཁག་རྩ་འཛུགས་བྱས་ཏེ། སློབ་གྲྭ་སོ་སོར་སོང་ནས་དཔེ་སྟོན་སློབ་ཁྲིད་བྱེད་པ་དང་། རྐང་འཛིན་པའི་རུ་ཁག་གི་མི་སྣ་དང་གླུ་དབྱངས་དགེ་རྒན་དག་གི་བར་ལ་ཁ་གཏད་རོགས་རམ་གྱི་འབྲེལ་བ་འཛུགས་སུ་བཅུག་སྟེ། ཕན་ཚུན་ལ་རོགས་རམ་མཛད་ནས་མཉམ་དུ་གོང་འཕེལ་གཏོང་བའི་རོགས་རམ་མཛད་དགོས་པ་ཡིན། མདོར་ན། འདི་ལྟར་བསྒྲུབ་ན་གླུ་དབྱངས་སློབ་གསོ་སློབ་ཁྲིད་བྱ་བ་གོང་འཕེལ་དུ་འགྲོ་བ་མ་ཟད། དེས་སྤུས་ཚད་སློབ་གསོའི་ཁྲོད་དུ་བླ་ལྷག་དང་ཁྱད་འཕགས་ཀྱི་ནུས་པ་འདོན་ཐུབ་ལ། སྤུས་ཚད་སློབ་གསོ་དར་སྤེལ་དུ་གཏོང་བར་སྐུལ་འདེད་བྱེད་པ་མངོན་འགྱུར་བྱས་ཚེ། གླུ་དབྱངས་སློབ་གསོ་དེ་རིམ་པ་གསར་བ་ཞིག་ཏུ་བགྲོད་པར་ཡིད་ཆེས་ཡོད་དོ།

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།