ད་ལྟ་གཟིགས་བཞིན་པ། > མདུན་ངོས། > རྩོམ་རིག > སྙན་ངག

དུད་པའི་རང་མོས་སྙན་ངག་བདམས་བཀོད།

སྤེལ་དུས། 2016-03-08 15:22:19   ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། དབང་རྒྱལ་ཚེ་རིང་།
  དུད་པ།༼དཀར་མཛེས༽

图片1 (1).jpg


ཁྱིམ་མཚེས།


མི་ཡུལ་དུ
བདག་གི་གམ་དུ་འཇབ་ཀྱིན་ཡོང་བ་དེ
རྔུལ་ཆུས་སྦངས་པའི་ཆུང་དུས་ཀྱི་མི་དག་རེད
དེ་དག་ནི་རྣམ་ཤེས་ཤིག་གི་རྣམ་ཤེས་ཤིག་དང
རྒྱང་རིང་ནས་གཉིད་མ་ཁུག་པའི་གཏམ་རྒྱུད་ནང་གི་བརྩེ་བ་ཞིག

གཞེས་ནིང་གི་ལོ་དེར་ས་རྡུལ་དག་གིས་བྲིས་པའི་རྩྭ་ཐང་སྔར་བཞིན་འདུག
ང་ཚོས་སྤུངས་པའི་རི་དང་རྒྱ་མཚོ་སོགས་སྔར་བཞིན་འདུག
མི་རྟག་པའི་གསེང་དུ་འཆི་བདག་གི་མཚན་ཐོ་དང་གཞེས་ནང་ལོ་དེ་དག་འདུག
གཞེས་ནིང་གི་ལོ
ཁྱོད་ནི་རྒྱང་རིང་དུ་ལྷག་འདུག
རྡུལ་ཕྲ་རབ་མང་པོས་བར་དུ་ཆོད་འདུག
ཡིན་ཡང ཁྱོད་ནི་དྲན་པ་དག་གིས་འདེད་ནས་འདུག

ང་ཚོ་སྔར་བཞིན་གནས་འདུག
གྲིབ་མ་དང་མུན་པ་མེད་པའི་ལྷ་སྐུའི་ཕག་ཏུ་ཁྱོད་ཚོ་རྙིང་མ་རེད་ནས་འདུག
གཞེས་ནིང་གི་ལོ་དང་ན་ནིང་གི་ལོ་སོགས་ཀྱང་ཁྱོད་ཚོ་དང་འདྲེས་ནས་འདུག
ཡིན་ཡང ཁྱོད་ཚོའི་ནང་གི་བརྩེ་བ་རྨས་མ་དག་ང་ཚོས་རྙེད་ནས་ཡོད

2016-1-15


ཁེར་ལབ་རྒྱག་པ།

མུན་པའི་སྦུབས་སུ་གཅན་གཟན་མཆོངས་པ་སྟེ
མུན་པ་ནི་ཕྱེད་ཀ་ཆག་པའི་མེ་ལོང་ངོས་སུ་འཐིབ
གཅན་གཟན་ཡང་ཕྱེད་ཀ་ཆག་པའི་མེ་ལོང་ངོས་སུ་མཆོངས

སྤྱིར་ན ཁྱོད་ལ་མཆོང་ས་ཞིག་མེད་ཀྱང
མུན་པ་ལྟ་བུའི་མི་དག་གི་ནད་རྙིང་འཕར་བ་དེ་ཙམ་མོ

མྱི་ནག་པོ་ལ་གོན་པ་དམར་པོ་ཞིག་བསྐོན་ཡང
ཁྱོད་ནི་སྟོགས་སྐོམ་ལས་གྲུབ་པས་བསྟན་བཅོས་དག་གི་རླངས་པ་བསྣོམས་མ་མྱོང་མོད འོན་ཀྱང
མི་རྟག་པ་གྲངས་མེད་ཅིག་གི་སྣང་བ་རྒུམ་པའི་རྨ་བྱ་ནག་པོ་ཞིག

འཆི་བ་ནི་མི་རྟག་པའི་གསེབ་ནས་ཡོང
ཁྱོད་ནི་འཆི་བ་དང་མི་རྟག་པ་ལས་ཡོལ་བའི
འཇག་མ་ནང་བཞིན་རླུང་བུ་གཡུགས་ཐེངས་རེ་ལ
ཕྱོགས་བཞི་མཚམས་བརྒྱད་ལ་འཕྱན

2015.12.24ནུབ་མོར།



དགུན་ཟླ་གཉིས་པ།

དགུན་ཟླ་གཉིས་པ
ཁྱོད་ནི་མཁའ་དབྱིངས་སུ་ལྡང་བའི་ཆུ་རྡུལ་ཕྲ་མོ་ལ་བཙེམ་པས
ཉི་མ་ལྡོག་སོང རླུང་བུ་དེ་ཡང་སྣེ་མོར་མང་པོ་ཞིག་ཏུ་གྱུར
སྣེ་མོ་རེ་ཡི་གྲང་ངར་གྱིས་སྦུབས་སུ་འཐེན
སྣེ་མོ་རེ་ལ་རྡོ་བའི་སྲུབས་ཀ་ཡི་ཉིན་ཞག་དག་དཔྱངས

དགུན་ཟླ་བ་གཉིས་པ
ཁ་དོག་དཀར་ལོང་ལོང་ཆགས་པའི་མེ་ལོང་ཞིག
མེ་ལོང་དེ་ནི་ཁ་དོག་དང་དབྱིབས་སོགས་ཕྱེད་ཀ་མེད་པ་སྟེ
མུན་པ་ནི་ཁྱོད་ལ་མེད
མུན་པ་སེལ་མཁན་ཀྱང་ཁྱོད་ལ་མེད
མུན་པ་ནི་དམར་པོ་ཞིག
དམར་པོ་ནི་རྡུལ་རྫས་བརྒྱད་འདུས་ཀྱི་གོང་བུ་རེད

དགུན་ཟླ་གཉིས་པ
ཁྱོད་ནི་རྐང་རྗེན་མར་ཐོན་པ་ཞིག་སྟེ
སུ་ཞིག་གི་པང་སྟེང་དུ་སླེབས་པ་ཡིན

2015-12-23


ཁ་བ་འབབ་དུས་སུ།

མཁའ་དབྱིངས་ནས་ཆུ་རྡུལ་ཕྲ་མོ་ཞིག་ཁུ་སིམ་མེར་བདག་གི་ཚོར་བ་ལ་འཐིམས
ཚོར་བ་ནི་གཏམ་རྒྱུད་ནང་གི་བརྩེ་བ་རྨས་མ་ཞིག་རེད
ཁ་བ་ལྷབ་ལྷུབ་བབས་ཏེ་རྣམ་ཤེས་ཀྱི་ཕག་ཏུ
ཡལ་བའི་བརྩེ་བ་དེ་ཉིད་དཀྲོགས

ཁོང་གིས་ང་ཡི་རྨི་ལམ་འཇལ་མྱོང
གཡའ་དག་པའི་ནམ་མཁའ་ནས་ཁ་བ་དང་མཉམ་དུ
འབབ་པའི་གཏམ་རྒྱུད་དེ་ལ
དྲན་གདུང་བཅངས་ཏེ་རྨི་ལམ་ནང་དུ་བུད་སོང

རྨི་ལམ་ནི་དྲན་པ་རེད
དྲན་པ་ནི་གཙང་བོ་དང་འདྲེས
ཁ་བ་འབབ་པ་ནི་ཚོར་བ་རེད ཚོར་བ་ནི་བརྩེ་བ
རྨས་མ་ཞིག་ཏུ་གྱུར

2015-12-19 ཕྱི་དྲོར་གསེར་རྟ་ནས།


མཚམས་མཆམས་སུ།

ང་རང་ནི་གླུ་བཞིན་ནོ
ཕྱི་རོལ་གྱི་གཟུགས་སྒྲ་དྲི་རོ་སོགས་མེ་ལོང་ཞིག
སྒོ་དང་སྒེའུ་ཁང་ནང་དུ་ཁྱོད་ཚོ་འདུག
སེམས་པ་ཀློད་ནས་འདུག

ཁྱོད་ཚོ་ནི་གློག་བཞིན་ནོ
སྐད་ཅིག་རེ་ཡི་རྣམ་ཤེས་ཤིག་ལ
ཆགས་སྡང་རྨོངས་གསུམ་སྐྱེས་ནས་འདུག
རླུང་བུ་ཞིག་གིས་སྤུར་ནས་འདུག

ང་ཚོ་ནི་སྨག་བཞིན་ནོ
སྣང་བ་དང་དགའ་བ་ཅི་ཡང་མི་འདུག

2015.12.31


ནད་པ་ཞིག་ནི།

གློ་བུར་དུ་མུན་པ་ལྟ་བུ་གྱུར་པའི་མི་ཞིག་ནི
ཉོན་མོངས་པ་ལས་སྐྱེས་པའི་མི་ཞིག་སྟེ་སྤྲིན་དང་སྨུག་པའི
གསེབ་ནས་ཉི་གཞོན་བཞིན་དུ་འཆར་ན་འདོད
ངག་གིས་དྲུད་པའི་གླུ་དབྱངས་ཤིག་ཁྱུར་མིད་བྱས་ཏེ
མུན་པའི་འོབས་སུ་ལྷ་ཚོགས་ཤིག་སྦས་ན་འདོད

ཚེ་རབས་ཤིག་གི་དགའ་སྐྱོ་ཆགས་སྡང་ནི
ཚེག་སྒྲ་དང་བཅས་ཏེ་སྐད་མ་གཅིག་ལ་འབར
ནད་པ་ཞིག་ནི་འུག་པ་བཞིན་མཚན་མོའི་རླུང་བུ་ཞིག་གི་སྣེ་མོར
དཔྱངས་ཏེ་ཐར་བའི་ལམ་དམྱལ་ཁམས་སུ་ལྷུང

ཁྱོད་ནི
གྲིབ་བརྙན་མེད་པའི་ལྷ་སྐུ་བཞིན་སྒྲུབ་ཕུག་ནང་དུ་ཡིབས་ན
གཞོན་རབས་ཚོས་ཁྱོད་ཀྱི་བང་སོ་ལ་མེ་ཏོག་གཏོར་བཞིན
སེམས་སུ་བཞག་པའི་གན་རྒྱ་ལྟ་བུར་འགྱུར་ངེས

2016-1-31


ལྗང་ཁུ།

སྒེའུ་ཁུང་ཆུང་ཆུང་ཞིག་གི་ནང་དུ་བརྩིགས་པའི་སྤྲིན་དང་ནམ་མཁའ་དག
ཕྱི་གསལ་ནང་གསལ་གྱི་མི་ཡི་གམ་དུ་བཞུར་བའི་ཆུ་དང་གཙང་བོར་འདྲེས་ཤིང
བརྩེ་བ་རྨས་མ་དག་གི་གཏམ་རྒྱུད་ལ་དོད་འདུག
མཚན་མོར་བཏབ་པའི་མེ་ཏོག་དང་འདྲ་བའི་སྨག་ནག་གིས
ཁྱོད་ཀྱི་མཐོང་ལམ་བསྒྲིབས་བྱུང
རྨི་ལམ་དང་དྲན་པ་ལྗང་ཁུ་བཞིན་ཁྱོད་ཀྱི་སྙིང་ཁོང་ལ་ལྷུང་སོང

རླུང་བུ་ལྡོམ་པོ་ཞིག་ངའི་སྣང་བ་དང་འགྲིལ་གྱིན
རང་ཉིད་ལས་བཏོན་པའི་གྲིབ་ནག་མཐའ་དག
ཕྱེད་ཀ་ཆག་པའི་མེ་ལོང་ནང་དུ་ཉི་རྡུལ་བཞིན་དུ་འཆར
གཏམ་རྒྱུད་ལས་སྐྱེས་པའི་དགའ་སྐྱོ་ཆགས་སྡང་ལ་ང་རྒྱལ་སྐྱེས་པས
ཉོན་མོངས་ཀྱི་མེ་ཏོག་ཁྱོད་ཀྱི་སྙིང་ལ་བཙུགས་ཏེ་སྡུག་སྒྲིབ་ལ་ལྷན་པ་བརྒྱབ

སྐར་མ་ལྗང་ཁུ་ཞིག་སེམས་ནང་གི་ནམ་མཁའ་ལ་འཆར་ཀ
མུན་པའི་མདངས་ལ་འདྲེས་པའི་གླུ་གཞས་ཤིག་མཚན་མོར་དཀྲོལ་ཡང
དེ་དུས་ཟླ་བ་ཡལ་ཟིན་པས་ཅི་ཡང་རྙེད་མ་བྱུང
མུན་ནག་ཏུ་གྲགས་པའི་གླུ་གཞས་དེ་ངའི་ཡིན་ལ་ཁྱོད་ལའང་ཡོད
འོན་ཀྱང རླུང་གི་སྣེ་མོ་ལ་འཇུས་ཏེ་ཕྱོགས་སོ་སོར་འཐོར་སོང

རྒྱང་རིང་དེ་སྨྲེང་གླུས་མཚམས་སྦྱོར་བྱེད་བཞིན་བྱེད་བཞིན
དཀར་ཁུང་དུ་འཚུབ་པའི་སྤྲིན་དང་སྨུག་པ་དག
མི་ཞིག་གི་ཕྲག་དོག་ཀྱི་རླངས་པ་ལས་སྐྱེས་ཤིང་ཆོས་ཉིད་ཀྱིས་གྲུབ་པའི་མ་རིག་པའོ
ས་རྡུལ་གྱིས་བྲིས་པའི་སེམས་དང་སྡུག་བསྔལ་དག་དམྱལ་བའི་རབ་ཀ་ལ་ལྷུང་ཞིང
ལོ་ངོ་མང་པོ་ལ་མ་རིག་པ་དེར་འགྱུར་ངེས

2016.2.14.ནུབ་མོར།

དབྱངས་ཀྱི་འདབ་མ་རླུང་གིས་འཁྱེར་ཚུལ།

                              • རྡུང་ལེན་སྒྱུ་རྩལ་པ་བདུད་བྷེ་ལ།

ཉི་འོད་ཁྲོད་དུ་སྐྱེས་པའི་མི་ཞིག
རླུང་གི་སྣེ་མོ་ལ་གློག་བཞིན་འཁྱུག་སྟེ་དབྱངས་ཀྱི་འདབ་མ་ལྷག་སོང
མཁའ་དབྱིངས་སུ་རྒྱུག་པའི་སྐར་མདའ་དེའང
ཁྱོད་རང་བཞིན་ས་རུ་ལྷུང་སོང
དཔྱིད་ཀ་འདི་རླུང་གིས་ཁྱེར་སོང་བས
གློ་བུར་དུ་ཆག་པའི་མེ་ལོང་ཞིག་དྲན་པའི་ཀློང་དུ་ལྷག

རྒྱང་རིང་ནས་མུན་པ་འཐིབ་ཅིང
ཚེ་རབས་མང་པོ་ལ་གཙང་བོ་དང་འདྲ་བའི་གླུ་འཁྱམས་པོ་དག་གྲག་ཚེ
ཁྱོད་ཀྱི་བང་སོ་ལ་མེ་ཏོག་གཏོར་དུ་བཅུག
ཁྱོད་ནི་ང་ཚོའི་རྨི་ལམ་ལ་འདྲེས་མྱོང་ཞིང
ཉི་འོད་བཞིན་མི་རིགས་ཤིག་ཕྱི་གསལ་ནང་གསལ་དུ་བཏང་མྱོང
འོན་ཀྱང ལོ་ཟླའི་གསེབ་ཀྱི་འཆི་བས་ཁྲིད་སོང

ཁུ་བྱུག་ལགས
ད་ནི་ཁྱོད་རང་ལ་གསལ་བའི་མི་ཞིག་ཡོད་པ་དེས་འཁྲིད་པར་གྱིས

2016/2/29
 

 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།