ད་ལྟ་གཟིགས་བཞིན་པ། > མདུན་ངོས། > རྩོམ་རིག > སྙན་ངག

གྲོང་ཁྱེར་གྱི་ཆར་བ།

སྤེལ་དུས། 2016-03-08 15:36:49   ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། དབང་རྒྱལ་ཚེ་རིང་།
  བན་ཤུལ་དངོས་གྲུབ་རྒྱལ།༼ལན་གྲུ།༽


མཚན་མོ་དེར།

གྲོང་ཁྱེར་ལ་ཆར་བ་བབས་བྱུང
ང་རང་གྲོང་ཁྱེར་གྱི་སྲང་ལམ་ཤིག་ཏུ་འགྲེང་སྟེ
གཉིད་ལངས་རྒྱབ་པའི་བྱིས་པ་ཞིག་དང་འདྲ་བར
མི་ཚོགས་ཀྱི་བར་གསེང་ནས་མགོ་བོ་མཐོ་རུ་བཏེགས་ཏེ
ཁྱེད་ཀྱི་རྒྱབ་གཟུགས་འཚོལ་བ་ཡིན
སྐབས་དེར་གློ་བུར་དུ་ཆར་བ་ཇེ་ཆེར་གྱུར་སོང
བར་སྣང་ནས་གློག་དམར་འཁྱུག་ཅིང་འབྲུག་སྒྲ་ལྡིར
མཚན་མོའི་ལམ་འགྲམ་གྱི་གསོམ་སྡོང་དག་ནི
སུ་ཞིག་ལ་མྱ་ངན་ཞུ་བ་དང་འདྲ་བར
ཆར་བས་ལྗིད་ཀྱིས་ཐུར་ཏུ་དཔྱངས་འདུག
ཆར་བར་བྱོལ་བའི་མི་རྣམས་ནི
ལག་དུ་ཆར་གདུགས་རེ་བཟུང་ནས
བྲེལ་སྟབས་ཀྱིས་ཡུལ་ལ་ལོག་གིན་འདུག
མཚན་མོ་དེར་གྲོང་ཁྱེར་ལ་ཆར་བ་བབས་དྲགས་པས
རླངས་འཁོར་གྱི་ལྡིར་སྒྲ་དང་མི་རྣམས་ཀྱི་འུར་སྒྲ་འཇགས་ཟིན
ཀྲོང་ངེར་འགྱིང་བའི་གློག་སྒྲོན་དག་ཀྱང་སྔར་བཞིན་གཟིམས་འདུག
ཆར་ཆུས་བརླན་པའི་ང་ཁོ་ན
སྔར་བཞིན་ཁྱེད་ཀྱི་རྒྱབ་གཟུགས་འཚོལ་ཕྱིར
མཚན་མོའི་སྲང་ལམ་ན་མིག་ཟུང་ཅེར་ནས་བསྡད་ཡོད

༢༠༡༦ལོའི་ཟླ༡ཚེས༡༨ཉིན་ལན་གྲུ་ནས།
 


དུས་ཚོད་ཀྱི་ཐག་སྒྲ་ལས་རྙེད་པའི་སྙན་ངག

དུས་ཚོད་ཀྱི་འཁོར་མདས
ཉིན་མཚན་རེས་མོས་སུ་དེད་དེ
ངའི་གློ་སྙིང་ལ་ཡང་དང་ཡང་དུ་གཙེས་ནས
ང་ལ་དྲན་སྐུལ་གྱི་ཐ་ཚིག་སྒྲོག་གིན་གདའ

ཉི་མ་རེ་རེ་མཛུབ་གུར་བགྲང་ནས
མཚར་སྡུག་གི་ཞོགས་པ་རེ་རེ་བསུ་དུས
གདུག་རྩུབ་ཀྱིས་ནུར་འགྱངས་བྱེད་པའི་འཁོར་མདའ་དེས
གློ་སྙིང་ལ་ཡང་དང་ཡང་དུ་གཙེས་པས
ང་རང་དུས་ཚོད་ཀྱི་ཐག་སྒྲ་དང་མཉམ་དུ་འདུར་དགོས་བྱུང

༢༠༡༥ལོའི་ཟླ༦པའི་ཚེས༦ཉིན།


རྩྭ་ཐང་དྲན་ཚུལ།

དུད་སྨུག་གི་ཁེངས་བའི་གྲོང་ཁྱེར་འདིའི་གས་སྲུབས་ནས
ས་སྲོད་ཀྱི་གྲིབ་གཟུགས་ལ་ཁེན་ཏེ
ཁྱེད་ཀྱི་ཕྱོགས་ལ་རྒྱང་ལྟ་བྱེད་དུས
ངས་ད་གཟོད་ཁྱེད་ཀྱི་ཕ་མཐའ་དེ
གཞལ་མི་ཚར་བའི་འཇིག་རྟེན་ཞིག་ཡིན་པ་རྟོགས་སོང

ལོ་ཟླ་ག་ཚོད་ཅིག་གི་སྔ་རོལ་ཏུ
ངས་ཁྱོད་དང་གྱེས་ཕྱག་ཕུལ་བ་ནས་བཟུང
གློ་བུར་བའི་སེམས་འགྱུ་ཞིག་གིས
ངས་ཁྱེད་ཀྱི་ཡངས་བའི་ཕ་མཐའ་དང
དྭངས་གསལ་གྱི་ནམ་མཁའ
ད་དུང ལུག་ཁྱི་དང་སྤང་རི་དྲན་བྱུང
དེའི་མོད་ལ རྫི་མོ་ཞིག་གི་གླུ་སྐད་ཀྱང་དྲན་བྱུང

༢༠༡༥ལོའི་ཟླ༡༢པའི་ཚེས༣༠ཉིན།


དབྱིངས་ལ་འཐིམས་པའི་ཁུ་བྱུག
                     གངས་ལྗོངས་ཁུ་བྱུག་གདུ་བྷེ་ལ།



མདང་ནུབ་རྨི་ལམ་ཁུར་བའི་གཤོག་པ་ཞིག་རླུང་གིས་བཅད་སོང་།
ནམ་འཕང་གཅོད་པའི་རྒོད་པོ་ཞིག་གཡང་ལ་ལྷུང་སོང་།
མེས་པོའི་ཟུངས་ཁྲག་ལ་འཐིམས་པའི་དབྱངས་རྟ་ཞིག་དུམ་བུར་ཆད་སོང་།
རེ་ཐག་ཆད་པའི་འདབས་ཆགས་ཚོགས་ཀྱང་ཕྱིར་ཚང་མལ་དུ་ལོག
སྐྱོ་ཉམས་ཀྱི་ཁེངས་བའི་འབྲོང་རྒན་དག་ཀྱང་རྫ་ལམ་བཤར་སོང་།
དབྱངས་ལ་བརྒྱུས་པའི་གསེར་སྐུད་ཕྲ་མོ་རེ་རེ་འཕྲོ་རིམ་འཕྲོར་ཆད།
གར་ཡོང་མི་ཤེས་པའི་རླུང་འཚུབ་ཞིག་གཡུགས་པ་དེས།
འཇིག་རྟེན་འདིའི་རོལ་དབྱངས་ཐམས་ཅད་ཁྱུར་མིད་དུ་བཏང་།
སྟོང་ལྷང་ངེར་ལུས་པའི་འཇིག་རྟེན་འདིར་ཁེར་ཧྲེང་གི་སྣང་བ་ཞིག་ལས་ཅི་ཡང་མེད།



གངས་ཀྱི་ཁུ་བྱུག་དབྱིངས་ལ་འཐིམས་པའི་མཚན་ནུབ་དེ་ནས་བཟུང་།
འཇིག་རྟེན་ནི་ཉིན་མཚན་མི་གསལ་བའི་ནམ་མཁའ་སྟོང་བ་ཞིག་རེད།
འཁྱག་སིབ་སིབ་ཀྱི་དགུན་ཁའི་ནམ་ཟླའི་པང་དུ།
རྒྱ་ལྕང་གིས་ཀྱང་མགོ་བོ་ཐུར་དུ་དཔྱངས་ནས་མྱ་ངན་ཞུས།
གྲང་ལྷག་གིས་མནར་བའི་ཤུག་སྡོང་ཁེར་སྐྱེས་དག་གིས་སྐྱོ་བའི་ཤུགས་རིང་འབྱིན།
བརྗེད་ཐབས་མེད་པའི་མཚན་སྨག་དེར།
དབྱངས་ཀྱི་གད་རྒྱངས་སྒྲོག་པའི་ཁུ་བྱུག་དེས།
ཡལ་ཐབས་མེད་པའི་ན་ཟུག་སྐྱུར་མོ་ཞིག་བཞག་ནས།
ཕྱིར་ཡོང་མེད་པའི་རྒྱང་རིང་གི་གནས་མལ་དེར་བཞུད་སོང་།
 

 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།