ད་ལྟ་གཟིགས་བཞིན་པ། > མདུན་ངོས། > རྩོམ་རིག > སྙན་ངག

བློ་བཟང་གྲགས་པ་དྲན་པ།

སྤེལ་དུས། 2016-03-11 09:11:41   ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། དབང་རྒྱལ་ཚེ་རིང་།
  རྨ་མདུད་གྲོལ།


སྟོང་ཆེན་དབྱིངས་ཀྱི་ནམ་འཁའ་ལ་ཏིང་འཛིན་པིར་གྱིས་རི་མོ་བྲིས།།
འཆད་རྩོད་རིགས་པའི་གློག་ཕྲེང་གིས་ལོག་རྟོག་རྒོལ་བའི་སྤོབས་པ་ཕྲོགས།།
བདུལ་བྱའི་ཡིད་ཀྱི་ཞིང་ས་ལ་ཟབ་རྒྱས་ཆར་འབྲུ་ཡང་ཡང་ཕབས།།
བློ་བཟང་དབྱར་གྱི་རྔ་ཆེན་གང་དད་དུང་ཀློང་ན་རབ་ཏུ་མཛེས།།

དམར་སེར་རལ་གྲི་ཅན་དེ་ཡིས་ཀླུ་འབུམ་དགེ་ལ་བརྡ་ཞིག་བསྟན།།
འཕྲིན་ལས་གཅིག་བསྡུས་འཕགས་མ་ཡིས་ཡུམ་གྱི་རྨི་ལམ་ཡང་ཡང་དཀྲོག།
ངོ་མཚར་བལྟས་བཟང་མཚན་མ་རྣམས་ཐུན་མོང་མི་ཡིས་གསལ་མཐོང་།།
ཁྱེད་ཀྱིས་མི་ཡི་ཚུལ་བཟུང་ཡང་མི་ཡི་གཤིས་ལས་རིང་དུ་སོང་།།

ལས་ཀྱིས་འབྲེལ་བའི་ཆོས་རྗེ་ཡིས་གང་ཉིད་བསྒུགས་ཏེ་ཉེ་སར་བཞུགས།།
ཡབ་སྲས་མཇལ་བའི་དུས་ཉིད་ནས་ཐུགས་ཡིད་འདྲེས་པའི་རྟགས་ཤིག་ཐོན།།
སྐུ་གསུམ་ཆོས་ཀྱི་ཕོ་བྲང་དུ་འགྲོ་འདོད་འགོག་མེད་འདུན་པས་དྲངས།།
བྱ་ཁྱུང་ཆོས་ཀྱི་གདན་ས་རུ་འཇམ་དཔལ་དབྱངས་ཀྱི་སྒུག་པ་འདྲ།།

ངེས་འབྱུང་སེམས་ཀྱི་རལ་གྲི་ཡིས་སྲིད་པའི་སྐྲ་ལོ་རྩ་ནས་བྲེག།
ཐར་འདོད་ཤུགས་དྲེགས་འདུན་པ་ཡིས་ལྷ་ལྡན་ཞིང་ལ་གོམ་ཁ་བསྒྱུར།།
གསང་ཕུ་སྙེ་ཐང་སོ་སོ་རུ་མཁས་པའི་སྙན་པ་རབ་ཏུ་མཐོ།།
མདོ་རྒྱན་འགྲེལ་བའི་རྣམ་དཔྱོད་ཀྱིས་སྟག་ལོ་ཙཱའི་ཐུགས་ཡིད་ཕྲོགས།།

སེ་ར་ཆོས་ཀྱི་ལྡིང་ཁང་ནས་འཇམ་དཔལ་དབྱངས་དང་མི་བཞིན་འགྲོགས།།
གནས་ལུགས་མཇལ་བའི་ཤེས་རབ་ཀྱིས་སེམས་ཀྱི་མུན་པ་དྲུངས་ནས་ཕྱུང་།།
ཐོས་བསམ་སྒོམ་པའི་རླུང་ཆེན་གྱིས་སྒྲིབ་གཉིས་སྤྲིན་ཚོགས་མཐའ་རུ་བསྐྲད།།
འཕྲིན་ལས་བདུད་རྩིའི་ཆར་འབྲུ་ཡིས་ཉམས་རྟོགས་པདྨོ་ཡང་ཡང་གསོས།།

ཐོས་བརྩོན་མེད་པའི་སྒོམ་སྲོལ་ལ་དམ་པ་གང་གིས་ཉིས་ཤད་བཞག།
འཆད་རྩོད་དབེན་པའི་ལོ་རྒྱུས་ལ་འཇམ་མགོན་བླ་མས་རྫོགས་ཚིག་བཀོད།།
གངས་ལྗོངས་མུན་པའི་རྭ་བ་རུ་འཆད་རྩོད་རྩོམ་པའི་སྒྲོན་མེ་སྦར།།
བློ་བཟང་རྒྱལ་བའི་རྣམ་ཐར་ནི་དད་གསུམ་ཞིང་གི་མཛེས་རྒྱན་ལགས།།

2016ལོའི་ཟླ་3ཚེས་9ཉིན།

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།