ད་ལྟ་གཟིགས་བཞིན་པ། > མདུན་ངོས། > རྩོམ་རིག > སྙན་ངག

སྨག་སེལ་གྱི་ཚིགས་བཅད་བདམས་བཀོད།

སྤེལ་དུས། 2016-03-11 09:38:07   ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། དབང་རྒྱལ་ཚེ་རིང་།
  སྨག་སེལ།༼ཡུལ་ཤུལ།༽

0220_1_编辑.jpg


སྨག་སེལ། དངོས་མིང་། དཀོན་མཆོག་འཕགས་ལམ། ༡༩༩༦ ལོར་བོད་མདོ་ཁམས་ས་ཡི་ལྟེ་བར་འབོད་པའི་ཁམས་ནང་ཆེན་ཡུལ་དུ་སྐྱེས། ཆུང་དུས་ནས་རིག་པའི་གནས་དག་ལ་སྦྱང་བརྩོན་བྱས་དང་བྱེད་མོས་སུ་མཆིས། སྔ་རྗེས་སུ་ཚོགས་པ་ཆེ་ཆུང་ཅི་རིགས་ལས་གཞུང་ལུགས་སྐོར་གྱི་བྱ་དགའ་མི་ཉུང་བ་ཞིག་ཐོབ་མྱོང་། བརྩེ་བ་ནི་མིའི་འཚོ་ཐབས་གལ་ཆེན་ཞིག་ཏུ་འདོད་ན། སྙན་ངག་ནི་བརྩེ་བར་སིམས་པའི་རོལ་དབྱངས་ཤིག་ཅི་ལ་མིན། དེ་བས་ཁོ་རང་གི་དགའ་མོས་ལྟར་སྤྱི་ལོ་༢༠༡༢ ནས་བཟུང་སྙན་ངག་གཙོས་བོད་ཀྱི་རྩོམ་རིག་སྐོར་ལའང་འབྲི་སྦྱོང་བྱེད་བཞིན་མཆིས་སོ།།

ཆར་ཟིམ་ཁྲོད་ཀྱི་གླེགས་བམ།

རི་བོ་སྨུག་པས་བཏུམས་པའི་ཆར་ཟིམ་ཁྲོད།།
བརྩེ་བའི་ཨམ་ཕྲག་ནང་ནས་ལ་གཞས་བླངས།།
ཉིན་ཞག་མགུར་དུ་བྲིས་པའི་གླེགས་བམ་ལ།།
བུ་མོ་མཛེས་མ་ཞིག་གི་འཛུམ་མདངས་ཡོད།།

དོ་ཞག་རྨི་ལམ་འགྲིམ་པའི་ཞིང་ཁམས་སུ།།
ན་ཆུང་ལང་ཚོའི་འདབ་མ་ཡིད་དུ་འཁྲུངས།།
དུངས་བའི་སྙིང་གཏམ་མོད་པའི་ཨ་ཡིག་དེ།།
ང་ཡི་སྙན་ངག་གསེབ་ཀྱི་མཛའ་མོར་བྲིས།།

ལོ་ཟླའི་འཕྲིན་ཡིག་སྟེང་གི་དབུ་བརྙན་ལ།།
དགའ་བའི་སྤྲོ་ཉམས་དོད་པའི་མིག་ཟུང་འཁོར།།
གསེར་གྱི་སྐུད་པར་སྤྲིངས་བའི་ཕྲེང་བ་དེ།།
ཐག་རིང་སྙིང་སྡུག་དྲན་པའི་ལེགས་སྐྱེས་ཡིན།།

མཚན་མོར་ཟླ་འོད་རྒུམ་པའི་རྨི་ལམ་ལས།།
འོད་ཟེར་ཕར་ཕར་བྲོས་ཤིང་བྲོས་ཤིང་སོང་།།
བག་མ་རྒྱང་ལ་བཞུད་པའི་ཕྱི་མིག་གིས།།
འཁོར་བའི་སྟག་ཤར་ཞིག་ལ་གྱེས་ཆང་ཕུལ།།

ང་རང་གཤོག་པ་ཡོད་ན་འཕུར་ན་བསམ།།
ང་རང་ལས་དབང་ཡོད་ན་འཕྲད་ན་བསམ།།
བུ་མོ་གནས་ཡུལ་འགྲིམ་པའི་ཉིན་མཚན་དུ།།
མིག་ཆུ་འཁྱག་པ་འདི་འང་ལྷུང་ལྷུང་བཞུར།།

སྙིང་གི་དབུས་ན་འཆར་བའི་ཡིག་འབྲུ་དེ།།
བརྩེ་བའི་མངལ་དུ་སྦྲུམ་པའི་སྙན་ངག་ཡིན།།
མི་ཚེ་གདུང་བས་བྲིས་པའི་གཏམ་རྒྱུད་ལས།།
སྐྱོ་བའི་ན་ཟུག་སྟོང་གི་རོལ་དབྱངས་དཀྲོལ།།

༢༠༡༥. ༩. ༥. ཉིན་ཕ་ཡུལ་དུ་བྲིས།


གསང་བའི་ནང་གི་མི་ཞིག

དོ་ནུབ་སྙན་ངག་བྲིས་ཡོད་དེ་ལ་དབྱངས་ཀྱིས་བརྒྱན་ཡོད།།
སེམས་ཀྱི་གསང་བ་གཏོར་ཡོད་ཤོག་སྣེ་རླུང་ལ་བསྐུར་ཡོད།།
སྐར་མའི་མདངས་ལ་འཇུས་ཏེ་ཞེན་ཆགས་རི་ལ་བྲོས་སོང་།།
ནམ་མཁའི་ལྷ་མོ་ཞིག་གི་སེམས་པའི་མཐིལ་དུ་བྲོས་སོང་།།

དག་པའི་གཞལ་ཡས་འགྲིམ་འགྲོ་གླུ་དང་གར་ལ་རྩེ་འགྲོ།།
ཟླ་བའི་པང་དུ་ཉུལ་འགྲོ་ཚངས་པའི་སྲས་མོར་བལྟ་འགྲོ།།
སྙིང་གི་དབུས་ན་བཞད་པའི་ལང་ཚོའི་མེ་ཏོག་ཡག་པོ།།
རི་བོའི་གཟེབ་ཏུ་འཁྲུངས་སོང་རྨི་ལམ་ནང་ན་བཀྲ་ཡོད།།

འཁོར་བའི་རྒྱལ་མོ་སྒུག་ཡོད་ཆུང་དུས་རྩེད་ར་དྲན་འོང་།།
དགའ་སྐྱོ་དབྱངས་སུ་གྱེར་བའི་སྐད་ངག་སྙན་ཞིང་འཇེབས་པ།།
བྱུ་རུའི་སྒམ་ཆུང་ནང་གི་བཀྲ་ཤིས་ཁ་དར་དཀར་པོས།།
རྩེ་གཏམ་ཀུ་རེའི་ཁྲོད་ནས་ཁྱེད་ཉིད་མགྲོན་དུ་བསུས་ཡོད།།

འོད་ཀྱི་གཟི་མདངས་ཡལ་སོང་ང་ཡི་མཚན་སྨག་རིང་མོར།།
ཡིད་ཀྱི་མེ་ལོང་ངོས་ན་ཁྱེད་ཉིད་འཛུམ་གྱིས་བཞད་ཡོད།།
མཛའ་བརྩེའི་ཆར་ཟིམ་ལྡང་བའི་ལོ་དང་ཟླ་བའི་ཁྲོད་ནས།།
ཡིད་སེམས་སྤྲིན་ལ་འདྲེས་པའི་འཇའ་ཚོན་རི་མོར་བྲིས་ཡོད།།

2015. 10. 15. ཉིན་བྲིས།


ཚོར་བའི་གླུ། སྒྱུ་མའི་གར།

ཁོ་བོས་རྨི་ལམ་འགྲིམ་པའི་ཞིང་ཁམས་སུ།།
ཡིད་ཀྱི་ཅོ་ཀ་དེ་འང་དགོད་བཞིན་འདུག།
བསིལ་རླུང་ལྷོད་ཀྱིས་ལྡིང་བའི་ས་སྲོད་ནས།།
ང་དང་ན་ཆུང་རྩེ་མོའི་གར་ལ་རོལ།།

ཆུ་མོ་ཐུར་དུ་བཞུར་བའི་འགྲམ་ཟུར་ནས།།
ལང་ཚོ་གར་གྱིས་འཁྱུག་པའི་མཛེས་ཉམས་ངོམས།།
ཚོར་བ་འཇའ་རུ་བཏེགས་པའི་དབྱིངས་རུམ་དུ།།
སེམས་ཀྱི་དཔྱིད་དཔལ་རྫོགས་པའི་བྱ་ལོ་འཁོར།།

གླུ་ཆུང་ཟ་ཟི་ལེན་པའི་ནུབ་མོ་རུ།།
རྒྱུད་དྲུག་པི་ཝང་དཀྲོལ་བའི་སྙན་འཇེབས་ཀྱིས།།
ཚོགས་དྲུག་ཡིད་ཀྱི་རྣམ་ཤེས་འཕྲོག་པར་བྱས།།
སེམས་པ་དབྱངས་ལ་ཐིམས་པའི་རོལ་མོ་སྙན།།

སྨུག་པ་ལང་ལོང་གཡོ་བའི་ས་མཐའ་ནས།།
དུངས་སེམས་རླབས་ཀྱི་ཟེགས་མ་མཁའ་རུ་འཕྱོ།།
གནམ་གྱི་རྒྱལ་མོ་ངུས་པའི་མིག་ཆུ་ཡིས།།
འཚོ་བའི་བྲང་གཞུང་འདི་ཀོ་བརླན་པར་གྱུར།།

སྐར་མས་ཁོག་འདར་རྒྱག་པའི་མཚན་ལྗོངས་སུ།།
སྒྱུ་མའི་འཁྲུལ་སྣང་ངོས་ཀྱི་མཛེས་སྡུག་གིས།།
བདག་སེམས་སླུ་བྲིད་བྱས་པའི་འཇོ་སྒེག་ཅན།།
འཁྲེང་ཞེན་བརྩེ་བའི་འདབ་མ་དབྱངས་སུ་གྱེར།།

2015. 2. 11.


སྙིང་ལ་ཟུག་པའི་ཡིག་འབྲུ།

ཉི་ཟླ་ནུབ་པའི་ན་བུན་སེམས་སུ་འཁྲིགས།།
རི་ལུང་ཞིག་ནས་སྲིད་པའི་དུར་ཐང་འགྲིམས།།
ཁྲག་གིས་བྲིས་པའི་གཏམ་བརྗོད་སྙིང་དུ་གཟན།།
ཡིད་ཀྱི་གཞུང་ནས་སྐྱོ་བའི་དབྱངས་ཤིག་བརྩམས།།

འོད་ཀྱི་མདངས་ཟེར་ནུབ་རིའི་ཕག་ཏུ་ཡིབས།།
ལྷོ་སྤྲིན་ངུས་པའི་ཆར་ཆུ་ས་རུ་ཟགས།།
ཚོར་བའི་ཀློང་ནས་ཡིད་ཀྱི་བྲང་གཞུང་བརླན།།
སྙིང་ལ་ཟུག་པའི་ཡིག་འབྲུ་ཁྲི་མ་འབུམ།།

རིགས་ཞེན་ཟབ་མོའི་ཚ་དྲོད་སེམས་སུ་འཁྱིལ།།
གཏམ་བརྗོད་གསེར་གྱི་རི་མོ་རྡོ་རུ་བརྡབས།།
ལས་དབང་ལ་ཁའི་རླུང་རྟ་དགུང་དུ་སྤུར།།
བདེན་པའི་དབུ་ཁྱུད་ས་མཐོའི་སྒང་དུ་བྲིས།།

གངས་ཀྱི་འདབས་ནས་རླུང་བུ་ལྷག་ཏུ་རྒོད།།
དཔྱིད་ཀའི་ཕོ་ཉ་ལྷོ་མཐའི་མཚམས་སུ་སྐྱོད།།
མགྲིན་བྱེད་ཚངས་པའི་དབྱངས་རྟ་སེམས་སུ་འཁོར།།
གསེར་མིག་སྟོང་གི་ཡིད་ཁམས་སྐྱོ་བས་བཟི།།

དགུན་གསུམ་ཁ་བའི་བང་རིམ་དགུ་བརྩིགས་འོག།
ལྷགས་རླུང་གྲང་མོའི་ངར་ཁ་རྒོད་པའི་གནས།།
ན་ཟླ་བྲལ་བའི་མྱ་ཐང་འགྲིམ་དུས་སུ།།
ངུ་དགོད་བྱེད་པའི་གཏམ་དེ་སུ་ལ་སྒྲོག།

2015. 1. 25


རི་སྒང་གི་རྨི་ལམ།

དེ་རིང་རི་འགྲམ་ཞིག་ནས་ཡར་ལ་ཆས།།
རྫི་བོ་མེ་ཏོག་འདྲ་ཞིག་ཚུར་ཚུར་འོང་།།
མཛེས་པའི་ལང་ཚོ་འགུལ་བའི་ལྟད་མོ་དེ།།
བརྩེ་བའི་ཡིག་འབྲུ་ཞིག་གི་ཚབ་ཏུ་བྲིས།།

ཉི་མ་རི་སྒང་ཕོག་པའི་ཕྱི་དྲོ་འདིར།།
ལ་གཞས་སྙན་མོ་དེ་འང་སྙིང་ལ་སིམ།།
རྩྭ་རྩིའི་འདབ་མ་བཀྲ་བའི་སྔོ་ལྗང་ནས།།
ལོ་ཟླ་མཉམ་དུ་འཚོ་བའི་ཐོབ་སྐར་བགྲངས།།

ན་ནིང་རྨི་ལམ་ནང་གི་གཏམ་བརྗོད་དེ།།
སྙིང་སྡུག་བྱམས་པ་དྲན་པའི་གདུང་བ་རེད།།
དགའ་སྐྱོ་ཆགས་སྡང་མོད་པའི་སྙན་ཚིག་ལ།།
ཚོར་བའི་ཕྱི་ནང་སྒུལ་བའི་རོལ་དབྱངས་བརྩམས།།

མི་ཚེའི་ས་ཁྲ་ཞིག་གི་གདན་གཏིང་ན།།
རི་མོ་གསར་པ་ཞིག་གི་མགོ་བརྗོད་བྲིས།།
དུངས་བ་དབྱངས་སུ་གྱེར་བའི་ཨ་ཡིག་ལ།།
མཛའ་གཞས་སྙིང་ཁར་རྡེག་པའི་བརྩེ་བ་འཁོར།།

༢༠༡༥. ༨. ༢༥. དགོང་མོར་བྲིས།


སྒྱུ་མའི་ཐང་སྟོང་།

ང་ནི་དེང་གི་སྐྱེ་འགྲོ་ཕལ་བ་ཞིག།
ཉིན་མཚན་ཀུན་གྱི་རྨི་ལམ་ཡན་པ་ཞིག།
སྣང་བ་འདི་འང་རླུང་བུ་འཁྱམས་པོ་སྟེ།།
རི་དང་ལུང་ནས་དར་ལྕེ་ལྷབ་ལྷུབ་གཡོ།།

འཕྲུལ་སྣང་སྒྱུ་མའི་ཐང་སྟོང་བརྒལ་བ་ན།།
གློག་དང་འཕྲུལ་གྱི་ཡོ་བྱེད་ཨ་རེ་མཚར།།
སྤྲོ་ཁང་འདི་འང་དག་པའི་ཞིང་མཆོག་སྟེ།།
ང་ནི་དབྱངས་ཀྱི་རྒྱུད་མངས་དཀྲོལ་ལ་བྲེལ།།

ཡིད་དུ་སྒོམ་ན་དུངས་བའི་བཟི་ཁ་འབར།།
རྣ་ཡིས་ཉན་ན་ཀུན་གྱི་རྒྱན་དུ་བཞུགས།།
དེ་རིང་མངོན་སུམ་མཐོང་བའི་ལྷ་མོ་དེ།།
སྙན་ངག་འདི་ཡི་དབྱིངས་སུ་ཐིམ་པར་གྱུར།།

མ་དག་སེམས་ཀྱི་ཚོར་བའི་ཡང་གཏིང་ན།།
ངེས་འབྱུང་མིན་པའི་སྐྱོ་གླུ་ཐན་ཐུན་ལེན།།
འཁོར་བའི་ཕུན་ཚོགས་བདེ་བར་རོལ་ཙ་ན།།
ཆོས་ཉིད་འདི་དག་ཁ་ལྕེའི་རྩེ་ནས་འདོན།།

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།