ད་ལྟ་གཟིགས་བཞིན་པ། > མདུན་ངོས། > རྩོམ་རིག > སྙན་ངག

སྦྲ་དུངས་སེམས་ཀྱི་བཅད་རྩོམ་ཁག་གསུམ།

སྤེལ་དུས། 2016-03-15 08:53:55   ཡོང་ཁུངས།    རྡེབ་ཚད།    ནང་དོན་འདི་སྤེལ་མཁན། 
  སྦྲ་དུངས་སེམས། ༼རྔ་བ།༽

图片1.jpg


མི་རྟག་པའི་སྣང་བརྙན།

སྔ་དྲོར་དགོད་སྒྲ་ལྷང་ལྷང་གནམ་གྱིས་གོ།
ཕྱི་དྲོར་ངུ་སྐད་ལྷང་ལྷང་དམྱལ་བས་ཐོས།།
གར་གྱི་རྨི་ལམ་སྒྱུ་མའི་ཆོ་འཕྲུལ་འདི།།
མི་རྟག་འཇའ་ཡི་ཕོ་བྲང་ཕུབ་དང་འདྲ།།

ཁ་སང་མི་ཡུལ་ཁམས་ན་གླུ་གཞས་གྱེར།།
དེ་རིང་དམྱལ་བའི་གྲོང་ན་ངུ་འབོད་སྒྲོག།
དེ་རིང་སྐྱེས་ནས་སང་ཉིན་འཆི་བ་ཡང་།
སུ་ཡིས་ལྡོག་པར་མི་ནུས་ཆོས་ཉིད་གཤིས།།

དེ་རིང་འཛོམས་པའི་བདེ་སྐྱིད་ཀློང་ན་མཆིས།།
སང་ཉིན་བྲལ་བའི་སྡུག་བསྔལ་སྙིང་ལ་ཟུག།
སྐད་ཅིག་མི་སྡོད་འགྱུར་བའི་སྣང་བརྙན་འདི།།
སུ་ཡི་སྟེང་ལ་བབས་ན་ལྡོག་པར་དཀའ།།

དེ་རིང་སྐྱིད་པའི་ཟས་དང་གར་ལ་རོལ།།
སང་ཉིན་སྡུག་དང་མྱ་ངན་ཐང་ན་སྨྱོ།།
ནམ་ཡོང་ངེས་པ་མེད་པའི་འཆི་བདག་གཤིན།།
ཐོན་ན་ངོ་ཆེན་ཞུ་མཁན་སུ་ཞིག་མཆིས།།

བྱིས་པའི་ངུ་སྐད་གོ་བའི་དགའ་ཞིང་ངུ་།།
འཆི་བདག་ཁ་ལ་ཤོར་བའི་ངུ་ཞིང་སྨྱོ།།
མི་བརྟན་ཡོད་ཚད་སྒྱུ་མའི་གར་གྱི་གཟུགས།།
ལྟད་མོ་ལྟ་མཁན་མང་བ་ཨེ་མ་མཚར།།

འཆི་བ་མི་སྡོད་ཡུན་གྱིས་ཡོང་བཞིན་ཡོད།།
ཡུན་རིང་སྡོད་པར་མི་གནས་ཤེས་ན་ཡང་།།
སྔོན་བསགས་རི་མོའི་ལམ་དུ་མ་ཟད་པས།།
ད་རུང་དེ་རུ་མི་འཁོར་ཐབས་མེད་གྱུར།།

ད་ནངས་མཉམ་དུ་སྡོད་པའི་མི་གྲལ་ན།།
ཕྱི་དྲོར་མཐོང་རྒྱུ་མི་འདུག་གང་མང་མཆིས།།
རྩེ་རྩེ་བགད་བགད་མྱོང་བའི་ན་ཟླ་ཡང་།།
ཉིན་རེ་བཞིན་དུ་མཐོང་བ་ཇེ་ཉུང་རེད།།

མི་རྟག་གློ་བུར་ཐོན་པ་ཡིད་ལས་འགོངས།།
ན་ཟུག་ཁྲི་མས་འཚེ་བ་སུ་ཡིས་རྟོགས།།
གོམ་སྒྲ་ད་ནངས་མཆིས་ཀྱང་ཕྱི་དྲོར་བོར།།
བསམ་ཞིང་བསམ་ན་འཇིགས་སྐྲག་གནས་སུ་ལྷུང་།

མ་ཡུམ་གྱི་བརྩེ་བ་དྲན་པ།

བྱིས་པའི་ངུ་སྐད་དབུས་ནས་མ་སུན་པ།།
བྱིས་པའི་གཅིན་སྐྱག་ཁྲོད་ལ་མ་ཞེན་པ།།
ཀྱ་ཚེ་གོམ་ཚེ་ཁྲིད་པར་མ་ཆད་པ།།
སྙིང་གི་ནོར་བུ་མ་ཡུམ་ཁྱེད་ལ་འདུད།།

སྐྱེ་བ་སྔོན་མའི་བསོད་ནམས་དམན་པའི་རྐྱེན།།
ཚེ་འདིར་མ་ཡུམ་ཁྱེད་དང་ལྷན་གཅིག་ཏུ།།
ཡུན་རིང་འགྲོགས་པའི་སྐལ་བ་མ་བྱུང་བར།།
འཆི་བདག་ནག་པོས་མགྲོན་དུ་བསུས་ནས་སོང་།།

ནམ་མཁའི་བྱེའུ་ཆུང་ཕ་མ་ལྷན་དུ་འཕུར།།
གྲོགས་དང་ན་ཟླ་ཕ་མ་མཉམ་དུ་གནས།།
རྩེ་རྩེ་བཀད་བཀད་དབུས་ཀྱི་གཞིས་ཁྱིམ་དག།
མཐོང་ཚེ་སྨོན་པ་ཤོར་བ་ཐེངས་གཅིག་མིན།།

སུ་ལ་ལེ་བདའ་མི་གཏོང་ལས་དབང་རེད།།
སུ་ལ་འཁང་ར་མི་བྱེད་སྔོན་ལས་རེད།།
ང་དང་ང་འདྲའི་དྭ་ཕྲུག་མང་བོ་ཞིག།
སྡུག་བསྔལ་འདི་འདྲ་ཁུར་དགོས་ཆོས་ཉིད་ཡིན།།

ཟླ་དགུ་ཞག་བཅུ་ལུས་ལ་ཁུར་ནས་ནི།།
ནོར་གྱི་རྗེས་དང་ཁྱིམ་གྱི་ལས་ཀ་སོགས།།
དཀའ་ལས་དཀའ་ཚེགས་མྱོང་བའི་མ་ཡུམ་དེ།།
ས་སྟེང་འདི་ན་འགྲན་པར་སུ་ཞིག་མཆིས།།

མགོ་ཡི་དབུ་སྐྲ་དཀར་བོ་ཇེ་མང་རེད།།
གདོང་གི་གཉེར་མའི་རི་མོ་ཇེ་རྒྱས་རེད།།
མི་ཚེ་གང་ལ་བུ་དང་བུ་མོའི་ཆེད།།
ཨ་མས་སེམས་ཁུར་བྱས་པ་ཐེངས་གཅིག་མིན།།

དྲིན་ཆེན་དྲིན་གྱི་མཆོག་ཉིད་མ་ཡུམ་ཁྱེད།།
དཀའ་སྡུག་རི་མོ་ལ་ལུང་ཡོངས་སུ་ཕབ།།
རྔུལ་ཆུ་ཐིགས་པ་རྒྱ་མཚོ་ཀུན་ཏུ་འདྲེས།།
མ་ཡུམ་ཁྱེད་ཀྱི་དཔའ་ངར་སུ་ཡིས་འགྲན།།

ཨ་མ་ཨ་མ་ཞེས་པའི་ཡིག་འབྲུ་གཉིས།།
གནམ་ས་གཉིས་ཀྱི་བར་གྱི་ཉི་ཟླ་མཚོན།།
བྱམས་བརྩེ་ལྗོན་པའི་སྡོང་བོའི་ཡལ་ག་ན།།
ཨ་མ་ཨ་མ་ཞེས་པའི་ཡིག་འབྲུ་གཉིས།།

སེམས་ཀྱི་མཆོད་སྤྲིན།

ཆུ་བོ་བཞུར་ཞིང་མེ་ཏོག་བཞད།།
རྫི་གླུ་སྙན་ཞིང་རྟ་ནོར་མང་།།
དགེ་སྦྱོར་དགའ་ཞིང་དད་པ་ཆེ།།
སེམས་ཀྱི་མཆོད་སྤྲིན་ཕ་ཡུལ་ཡིན།།

རིག་པའི་གནས་ལྔ་ཡོངས་བསླབས་ཏེ།།
བྱམས་དང་བརྩེ་བས་རྟག་ཏུ་བརྒྱན།།
ཞི་ཞིང་དུལ་བས་གཞན་སེམས་དྲངས།།
སེམས་ཀྱི་མཆོད་སྤྲིན་སློབ་དཔོན་ཡིན།།

སྐྱོ་བའི་སྡུག་བསྔལ་ཡོངས་བྲལ་ཏེ།།
བྱམས་དང་བརྩེ་བའི་དུས་རྟག་ཏུ།།
བུ་དང་བུ་མོར་བསྲིངས་པ་ཡིས།།
སེམས་ཀྱི་མཆོད་སྤྲིན་ཕ་མ་ཡིན།།

སྐྱིད་ཀི་རྟ་ཕོ་མཉམ་དུ་ཞོན།།
སྡུག་གི་ཁུར་བོ་མཉམ་དུ་ཁུར།།
ནམ་ཡང་མི་བསླུ་འཛུམ་སྟོན་ཕྱིར།།
སེམས་ཀྱི་མཆོད་སྤྲིན་གྲོགས་པོ་ཡིན།།
 

 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།