ད་ལྟ་གཟིགས་བཞིན་པ། > མདུན་ངོས། > རྩོམ་རིག > སྙན་ངག

བེ་དུང་གི་གཞས་ཚིག་བདམས་བཀོད།

སྤེལ་དུས། 2016-03-16 14:16:46   ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། དབང་རྒྱལ་ཚེ་རིང་།
  བེ་དུང་།༼རྨ་ལྷོ༽

QQ图片20160316141218.jpgQQ图片20160316142337.png

སྙུག་མིང་ལ་བེ་དུང་།  དངོས་མིང་ལ་རྟ་མགྲིན་དབང་རྒྱལ།  སྐད་འཕྲིན། 1403684500 མཚོ་སྔོན་ཞིང་ཆེན་རྨ་ལྷོ་སོག་རྫོང་བེ་སཱིའི་སྡེ་བ་རུ་སྐྱེས། སྔ་རྗེས་སུ་ཤེས་རིག་ནོར་བུའི་སློབ་གླིང་དང་ནུབ་བྱང་མི་རིགས་སློབ་ཆེན་སོགས་འགྲིམས། སྙན་ངག་དང་གཞས་ཚིག་འབྲི་རྒྱུར་དགའ། «སྦྲང་ཆར»དང«གངས་རྒྱན་མེ་ཏོག»«ཟླ་ཟེར»སོགས་སུ་རྩོམ་ཡིག་མང་དུ་སྤེལ། གཞས་ཚིག«ལྔ་བཅུ»ལྷག་བོད་ཁུལ་གྱི་གླུ་བ་གླུ་མ་ཚོས་བླངས་མྱོང་།

ཁ་བར་མྱ་ངན་ཞུ།

—གཞས་པ་མགོན་པོ་དོན་གྲུབ།

བསམ་བློའི་གཤོག་པ་གནམ་གྱི་མཐའ་རུ་ལྷུང་།།
རིག་པའི་ན་གཞོན་རྒྱ་མཚོའི་གཏིང་དུ་གཤེགས།།
ཁོང་གི་མིང་ལ་ཁ་བ་སྙིང་ལྕགས་ཟེར།།
དྲན་བཞིན་དྲན་བཞིན་ཁྱེད་ལ་མྱ་ངན་ཞུས་ཡོད།།
ཨ་ཧ། ཁ་བ། ཁ་བ། ཁ་བ་ལགས་ཡེ།

ཉི་ཟླའི་འོད་ཟེར་སྤྲིན་ནག་གསེབ་ཏུ་ནུབ།།
དུས་ཀྱི་སྒྲོན་མེ་སྨག་རུམ་ཁྲོད་དུ་གཟིམས།།
རེ་བའི་ལྗང་མྱུག་ཁ་བ་ཅན་ནས་བསྐམས།།
སྡུག་བཞིན་སྡུག་བཞིན་ཁྱེད་ལ་མཆོད་མེ་སྒྲོན་ཡོད།།
ཨ་ཧ། ཁ་བ། ཁ་བ། ཁ་བ་ལགས་ཡེ།

ཕ་ཡི་སྙིང་ལ་མེ་ལྕེའི་ན་ཟུག་འབར།།
མ་ཡི་སེམས་ལ་སྡུག་གི་གཙང་བོ་བཞུར།།
སྤུན་ཟླའི་ཞེ་ལ་སྐྱོ་བའི་ན་བུན་འཐིབ།།
སྨྲེང་བཞིན་སྨྲེང་བཞིན་ཁྱེད་ལ་གདུང་སེམས་བསྐྱེད་ཡོད།།
ཨ་ཧ། ཁ་བ། ཁ་བ། ཁ་བ་ལགས་ཡེ།
བདེ་བར་བཞུད། བདེ་བར་བཞུད།

ཨ་མྱེས།

ཨ་མྱེས། ང་ཡི་ཨ་མྱེས།
ཁྱོད་ཀྱི་གཏམ་རྒྱུད་སྨུག་པོ་དེ་ཚིག་ལ་བརྒྱུས་ཡོད།
ཁྱེད་ཀྱི་བློ་སྤོབས་ཆེན་པོ་དེ་དབྱངས་ཀྱིས་བཏེགས་ཡོད།
ཁྱེད་ཀྱི་བརྩེ་སེམས་སྣུམ་པོ་དེ་གླུ་རུ་བླངས་ཡོད།
ཨ་མྱེས། ང་ཡི་ཨ་མྱེས།
རིགས་ཀྱི་རུས་པ་དཀར་པོ།
ཁྱིམ་གྱི་ཐབ་མེ་དམར་པོ།
བཀྲ་ཤིས་གཡང་གི་ཁྱིམ་ནས།
སྐུ་ཚེ་བརྟན་པའི་སྨོན་ལམ།

ཨ་མྱེས། ང་ཡི་ཨ་མྱེས།
ཁྱེད་ཀྱི་ལྷག་བསམ་དཀར་པོ་དེ་འོད་ལ་འཚེར་ཡོད།
ཁྱེད་ཀྱི་གནའ་གཏམ་རིང་མོ་དེ་སེསམ་ལ་སིམ་ཡོད།
ཁྱེད་ཀྱི་འཛུམ་ཞལ་དྭངས་མོ་དེ་སྙིང་ལ་བསྒོམས་ཡོད།
ཨ་མྱེས། ང་ཡི་ཨ་མྱེས།
རིགས་ཀྱི་རུས་པ་དཀར་པོ།
ཁྱིམ་གྱི་ཐབ་མེ་དམར་པོ།
བཀྲ་ཤིས་གཡང་གི་ཁྱིམ་ནས།
ཚེ་ཐག་རིང་བའི་སྨོན་ལམ།

ཨ་ཕ་ལགས།

—གཞས་པ། བསོད་ནམས་སྟོབས་རྒྱལ།

ཉི་མ་ལྟ་བུའི་ཨ་ཕ་ལགས། ཨ་ཕ་ལགས།
བྱམས་བརྩེ་ཡི་འོད་སྣང་སེར་པོ་ཡིན།
འཇིག་རྟེན་གྱི་ཉི་གཞོན་དྲོན་མོ་ཡིན།
དཀའ་སྡུག་ལུས་ཀྱིས་མྱངས་པའི་ཨ་ཕ་ལགས།
སེམས་ཀྱི་ངང་རྒྱུད་འཇམ་པའི་ཨ་ཕ་ལགས།
ཁྱེད་ནི་བུ་ངའི་བརྩེ་སེམས་ཀྱི་མཁའ་དབྱིངས་ན་ཤར་ཡོད།

ཟླ་བ་ལྟ་བུའི་ཨ་ཕ་ལགས། ཨ་ཕ་ལགས།
ལྷག་བསམ་གྱི་རང་མདངས་དཀར་པོ་ཡིན།
གཞིས་ཁྱིམ་གྱི་སྒྲོན་མེ་ཚེ་འབར་ཡིན།
འཛུམ་ཞལ་གཉེར་མས་གང་བའི་ཨ་ཕ་ལགས།
དབུ་སྐྲ་དུང་ལྟར་དཀར་བའི་ཨ་ཕ་ལགས།
ཁྱེད་ནི་བུ་ངའི་བརྩེ་སེམས་ཀྱི་ཟླ་ངོགས་ན་འཛུམ་ཡོད།

སྐར་མ་ལྟ་བུའི་ཨ་ཕ་ལགས། ཨ་ཕ་ལགས།
འཛུམ་ཆུང་གི་དགོད་སྒྲ་དྭངས་མོ་ཡིན།
གསེར་དཀར་གྱི་ནོར་བུ་རྙེད་མེད་ཡིན།
ཐུགས་ལ་སྙིང་རྗེ་འཁྲུངས་པའི་ཨ་ཕ་ལགས།
ཟོལ་མེད་གདམས་ངག་གནང་བའི་ཨ་ཕ་ལགས།
ཁྱེད་ནི་བུ་ངའི་བརྩེ་སེམས་ཀྱི་གུར་ཁྱིམ་ན་གསོན་ཡོད།


རུས་པའི་གླུ།

ཕ་ས་འདི་གསེར་གྱི་གཞོང་བ་ཡིན།
མ་ས་འདི་དངུལ་དཀར་མེ་ལོང་ཡིན།
མུ་ཏིག་གི་ལུག་ཁྱུ་འཚོ་ས་ཡིན།
བུ་མོ་ངའི་རྫི་གླུ་ལེན་ས་ཡིན།
ཕ་ས་དང་ཆར་ཟིམ། ཉི་འོད་དང་སྨུག་པ།
རི་བོ་དེའི་འདབས་ནས་ངས་རྫི་གླུ་ཡང་ཡང་ལེན།

ཕ་སེམས་འདི་གཡུ་ཡི་ནམ་མཁའ་ཡིན།
མ་སེམས་འདི་དུང་གི་གངས་རི་ཡིན།
ལང་ཚོ་ཡི་གཤོག་པ་སྐྱོང་ས་ཡིན།
བུ་མོ་ངའི་བཀའ་དྲིན་ཞུ་ས་ཡིན།།
ཕ་མ་དང་ཉི་ཟླ། ལྷག་བསམ་དང་འོད་སྣང་།
བྱམས་བརྩེ་དེའི་ཀློང་ནས་ངས་དྲན་གླུ་ཡང་ཡང་ལེན།

ཕ་ཁྱིམ་འདི་དཔའ་རྒོད་འཁྲུངས་ས་ཡིན།
མ་ཁྱིམ་འདི་མཛངས་མ་སྐྱེ་ས་ཡིན།
རུས་བཟང་གི་བོད་མི་འཚོ་ས་ཡིན།
བུ་མོ་ངའི་གཞིས་ཁྱིམ་དྲོན་མོ་ཡིན།
ཕ་ཁྱིམ་དང་མེས་པོ། ཡུལ་མི་དང་མཐུན་སྒྲིལ།
དྲོད་ཁོལ་དེའི་ཁྲོད་ནས་ངས་གླུ་དབྱངས་ཡང་ཡང་ལེན།

•______ སོག་རྩག་གྱོན་པའི་བུ་མོ________•

—གཞས་པ། བསོད་ནམས་སྟོབས་རྒྱལ།

དུང་བའི་སྦྲང་ཆར་སེམས་ཀྱི་དབྱིངས་ནས་འཐོར།།
བརྩེ་བའི་གཤོག་འགྱུར་ནོར་འཛིན་སྒེག་མོར་འཁོར།།
སྐྱེས་གཟུགས་ཚིགས་དྲུག་སྨྱུག་མ་ལས་ཀྱང་དྲང་།།
སོག་རྩག་གྱོན་པའི་བུ་མོ་མེ་ཏོག་མཚོ།།
མེ་ཏོག་འདབ་མ་ང་ཡི་སེམས་ལ་བཞད།།
སེམས་ལ་བཞད་པའི་མེ་ཏོག་དམར་པོ་རེད།།

མཛའ་གཞས་ལྷོད་པོ་རི་སུལ་སྒང་ན་སྙན།།
གནག་སྣུམ་སྐྲ་ལོ་བསིལ་འཇམ་རླུང་གིས་བསྐྱོད།།
མིག་ཟུང་ཐོ་རེངས་སྐར་མས་ཕྲ་རྒྱན་བཏེགས།།
སོག་རྩག་གྱོན་པའི་བུ་མོ་དུང་དཀར་མཚོ།།
དུང་མདོག་ཟླ་བ་ང་ཡི་མིག་ལ་ཤར།།
མིག་ལ་ཤར་བའི་ཟླ་བ་དཀར་པོ་རེད།།

ཡིད་འཕྲོག་ཞལ་རས་མེ་ཏོག་གློ་དམར་བཞད།།
འཛུམ་པའི་ཚེམས་དཀར་མུ་ཏིག་ཕྲེང་བའི་འོད།།
ལང་ཚོའི་རང་མདངས་ནེའུ་གསིང་སྤང་དུ་མཛེས།།
སོག་རྩག་གྱོན་པའི་བུ་མོ་འཛུམ་དཀར་མཚོ།།
བརྩེ་འཛུམ་པད་དཀར་ང་ཡི་སྙིང་ལ་འཁྲུངས།།
སྙིང་ལ་འཁྲུངས་པའི་པད་མ་སྔོན་པོ་རེད།།

དབྱངས་སྙན་མོ།

—ལེན་མཁན་དབྱངས་སྙན་མོ་སྤྱི་གཉེར་ཁང་།

རྒྱུད་སྐུད་དུང་གི་རང་སྒྲ་སྒྲོག་བཞིན་འགྲོ།
གླིང་བུ་རྐང་གི་རོལ་མོ་འབུལ་བཞིན་འགྲོ།
པི་ཝང་གདངས་ཀྱི་དབྱངས་རྟ་དཀྲོལ་བཞིན་འགྲོ།
དབྱངས་ཀྱིས་དཀྲོགས་ནས་ང་ཚོ་སད་བཞིན་འགྲོ།
སད་བཞིན་འགྲོ། དབྱངས་སྙན་མོ།

མཐུན་སྒྲིལ་གསེར་གྱི་མགྲིན་པ་འགུལ་བཞིན་འགྲོ།
དྲང་བདེན་ཚིག་གི་གླུ་དབྱངས་ལེན་བཞིན་འགྲོ།
སྙན་འཇེབས་ངག་གི་འབོད་སྐུལ་གཏོང་བཞིན་འགྲོ།
དབྱངས་ཀྱིས་དཀྲོགས་ནས་ང་ཚོ་སད་བཞིན་འགྲོ།
ཡར་ལ་འགྲོ། དབྱངས་སྙན་མོ།

འགྱུར་ཁུགས་སྟོང་གི་འཚོལ་སྙེག་གླེང་བཞིན་འགྲོ།
མདུན་བསྐྱོད་གསར་བའི་མིག་རྒྱ་ཕྱེ་བཞིན་འགྲོ།
བརྩེ་སེམས་འོད་ཀྱི་གོང་བུ་སྐྱོར་བཞིན་འགྲོ།
དབྱངས་ཀྱིས་དཀྲོགས་ནས་ང་ཚོ་སད་བཞིན་འགྲོ།
ལམ་ལ་འགྲོ། དབྱངས་སྙན་མོ།

སྨན་བུ་མོའི་ལས་དབང་།

—གཞས་མ། གངས་རིའི་སྒྲོལ་མ།

སྨན་བུ་མོའི་མི་ཚེ་འབྲོག་ན་ཡོད།།
ཁྱིམ་འཁོར་བ་མི་སྐྱོང་རང་སྐྱོང་རེད།།
རྒྱབ་སླེ་བོ་མི་འཁུར་རང་འཁུར་རེད།།
ཙག་བསེར་བུ་ནམ་གཡུག་ཆ་མེད་རེད།།

སྨན་བུ་མོའི་ལས་དབང་གནས་ན་ཡོད།།
གནས་རྒྱུས་མེད་རེ་སྐྱིད་རེ་སྡུག་རེད།།
སེམས་དམར་པོ་ཕྱི་འཁྱག་ནང་འཁྱག་རེད།།
དྲིན་ཕ་མ་ལོ་དྲན་ཟླ་དྲན་རེད།།

སྨན་བུ་མོའི་ཁྲེལ་གཞུང་སེམས་ན་ཡོད།།
འདང་བརྩེ་བ་ཤ་འདྲེས་པགས་འདྲེས་ཡིན།།
ཐུགས་གཤིས་ཀས་རྒན་བཀུར་གཞོན་བཀུར་ཡིན།།
སེམས་གཤིས་རྒྱུད་གནའ་འཇམ་ད་འཇམ་ཡིན།།

ཕ་ཡུལ་ལགས།

གཞས་པ། བསོད་ནམས་གངས་བསྟན།

གངས་ལྷུན་པོ་ཤེལ་དཀར་མེ་ལོང་ཡིན།
སེང་དཀར་མོའི་གད་རྒྱངས་སྒྲོག་ས་ཡིན།
གནམ་མགོ་ལོག་དཔའ་བོའི་གདུང་རྒྱུད་ཡིན།
བུ་ང་ཡི་གཤོག་པ་རྐྱོང་ས་ཡིན།
ཕ་ཡུལ་ལགས། ཁྱེད་ནི་ལོ་རྒྱུས་ཀྱི་གཙང་བོ་ཡིན།

སྦྲ་སྨུག་པོ་མཐོ་སྒང་གྲུ་གཟིངས་ཡིན།
བོད་བཙན་པོ་ཚང་གི་ཕ་ཁྱིམ་ཡིན།
ས་མགོ་ལོག་གེ་སར་གནའ་སྒྲུང་ཡིན།
བུ་ང་ཡི་བློ་སྤོབས་རྒྱས་ས་ཡིན།
ཕ་ཡུལ་ལགས། ཁྱེད་ནི་གསེར་མདོག་གི་གཏམ་རྒྱུད་ཡིན།

སེམས་བརྩེ་བའི་དར་སྐུད་མདུད་ས་ཡིན།
ལག་མཐུན་སྒྲིལ་དཔུང་བ་གཤིབ་ས་ཡིན།
འབྲོག་རུ་སྡེ་རང་མགོ་རང་ཐོན་ཡིན།
བུ་ང་ཡི་ལྟེ་ཁྲག་འཐོར་ས་ཡིན།
ཕ་ཡུལ་ལགས། ཁྱེད་ནི་བརྩེ་དུང་གི་རི་མོ་ཡིན།

འབྲོག་གཞས།

འབྲོག་གཞས། ང་ཡི་འབྲོག་གཞས།
མེས་པོའི་གཏམ་རྒྱུད་ནང་གི་འབྲོག་གཞས།
རྟ་ཕོའི་རྨིག་རྡུལ་ཁྲོད་ཀྱི་འབྲོག་གཞས།
རུ་སྡེའི་ཞེ་ལ་ཐོགས་པའི་འབྲོག་གཞས།
ང་ཡི་འབྲོག་གཞས་་་་་་་་་་འབྲོག་གཞས་ནི་་་་་་
འཇགས་མི་སྲིད་པའི་དབྱངས་ཀྱི་ང་རོ་ཡིན།
དཀག་མི་སྲིད་པའི་ཚིག་གི་མར་ཁུ་ཡིན།

མཚན་མོའི་འོད་ཟེར་ཀློང་གི་འབྲོག་གཞས།
ཞོགས་པའི་སྨུག་ལོང་གསེང་གི་འབྲོག་གཞས།
གཞོན་པའི་བློ་གཤོག་བཏེགས་པའི་འབྲོག་གཞས།
ང་ཡི་འབྲོག་གཞས་་་་་་་་་འབྲོག་གཞས་ནི་་་་
འཁྱག་མི་སྲིད་པའི་སེམས་ཀྱི་མེ་རི་ཡིན།
འཇིག་མི་སྲིད་པའི་ནམ་མཁའི་སྤྲིན་དཀར་ཡིན།

འཚོ་བའི་བདེ་སྡུག་ནང་གི་འབྲོག་གཞས།
སྣང་བའི་བརྩེ་དུང་ངོས་ཀྱི་འབྲོག་གཞས།
མི་ཚེའི་འགྲུལ་བཞུད་ནང་གི་འབྲོག་གཞས།
ང་ཡི་འབྲོག་གཞས་་་་་་འབྲོག་གཞས་ནི་་་་
རྒུད་མི་སྲིད་པའི་འོད་ཀྱི་གཤོག་པ་ཡིན།
འགག་མི་སྲིད་པའི་སྤུན་ཟླའི་གླུ་སྒྲ་ཡིན།

ཕ་མ།

—གཞས་པ། བསོད་ནསས་སྟོབས་རྒྱལ།

ཕ་མ་ཡ། ཕ་མ་ཡ།
གསེར་གྱི་ཀ་བ་ཡིན་ཡ། དངུལ་གྱི་གདུང་མ་ཡིན་ཡ།
ང་ཡི་གཡང་ཁྱིམ་ནང་ན། ཁྱེད་ལས་རིན་ཆེན་སུ་ཡོད།
ལན་གཅིག་སྤྲོ་སྤྲོ་གནོངས་དང་།
བུ་ངའི་མི་ཚེའི་སྐྱིད་ཡིན།

ཕ་མ་ཡ། ཕ་མ་ཡ།
དབྱིངས་ཀྱི་ཉི་ཟླ་ཡིན་ཡ། སེམས་ཀྱི་རྒྱབ་རི་ཡིན་ཡ།
ང་ཡི་རུས་པའི་གསེང་དུ། བཞད་པའི་མེ་ཏོག་ཁྱེད་ཡིན།
ལན་གཅིག་འཛུམ་འཛུམ་གནོངས་དང་།
བུ་ངའི་སེམས་ཀྱི་དྲོད་ཡིན།

ཕ་མ་ཡ། ཕ་མ་ཡ།
བྱམས་བརྩེའི་རྩྭ་ཐང་ཡིན་ཡ། བློ་དཀར་སེམས་དཀར་ཡིན་ཡ།
ང་ཡི་འཇིག་རྟེན་ཁམས་ཀྱི། དྲིན་ཆེན་ཕ་མ་ཁྱེད་ཡིན།
ལན་གཅིག་སྐྱིད་སྐྱིད་གནོངས་དང་།
བུ་ངའི་ཚེ་ནོམ་ཡིན་སོང་།

 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།