ད་ལྟ་གཟིགས་བཞིན་པ། > མདུན་ངོས། > རྩོམ་རིག > སྙན་ངག

བོད་ཕྲུག་དོན་གྲུབ་ཀྱི་བཅད་རྩོམ་ཁག་ལྔ།

སྤེལ་དུས། 2016-03-17 09:44:11   ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། དབང་རྒྱལ་ཚེ་རིང་།
  བོད་ཕྲུག་དོན་གྲུབ།༼ཁྱུང་མཆུ༽


ལས་ཀྱི་ལང་ཚོ།

ལས་ཀྱི་རླུང་གིས་དེད་པའི་རྣམ་ཤེས་ཤིག།
ལོ་དང་ཟླ་བ་བསྐོར་ནས་ངེས་མེད་འདུར།།
སྟབས་ཀ་ཨེན་ཙམ་འགྲིག་པའི་དུས་དེ་ལ།།
གངས་ཀྱི་རི་འདབས་ཤིག་ནས་ལང་ཚོ་འཐོར།།

འབའ་འབའ་ལུག་ཆུང་རྩེད་སའི་བས་མཐའ་རུ།།
དུང་བའི་མཛེས་པ་ཁུར་བའི་མི་མོ་དེས།།
ལག་སྟོང་མཆན་ལ་ཐོགས་པའི་ཁྱེའུ་ཞིག།
བརྩེ་བའི་དྲོད་དང་འཇམ་པོའི་གོས་ཀྱིས་བརྒྱན།།

དུད་ཚང་སྟབས་བདེ་ཞིག་གི་གོ་འགྲམ་དུ།།
ཉི་ཟླའི་མདངས་འཛིན་ཁུར་བའི་བགྲེས་པོ་དེས།།
དབྱར་གསུམ་སྤང་ནས་ཚེས་པའི་མི་དེ་ལ།།
མི་རབས་གོང་མ་ཞིག་གི་དབྱངས་ཡིག་བསླབས།།

ཡ་གིའི་གཙང་ཆུ་བཞུར་བའི་ཕ་རོལ་ན།།
བརྩེ་བའི་རྨུ་ཐག་སྦྲེལ་བའི་སྙིང་ཆུང་དེས།།
སེམས་རྟེན་དོད་དུ་གཡུ་ཡི་སྙན་ཚིག་བཏེགས།།
ལོ་གསུམ་རྩེད་རྡོ་སྒྲིག་གི་ཆ་ཡ་ཡིན།།

ཕར་གའི་ཉག་ག་དེད་ནས་རི་ལ་སོང་།།
ལས་ཀྱི་ལམ་ལ་སྨོན་པའི་གཞས་ཤིག་བཏབ།།
གྱ་གྱུའི་ལམ་འཕྲང་རིང་མོ་རྡོག་པས་མནན།།
སེམས་ཀྱི་རི་མོ་ལུང་པའི་མཐིལ་ལ་བྲིས།།

ཡིད་ཀྱི་ཁམས་སུ་བདེན་པའི་ངག་ཅིག་ཕབ།།
སྣང་བའི་ཁུད་ལ་རེ་བའི་རྨི་ལམ་གཅུར།།
སྲིད་པའི་སྒལ་གཞུང་ལེབ་མོའི་པང་ཁུགས་ནས།།
གཏམ་རྒྱུད་སྐྱུར་བོ་ཞིག་གི་མགོ་རྐང་བཀླགས།།

2016 / 2 / 22
 

འགྲོ་ཞོར་ལམ་གྱི་ཆོས་སྡེ།

རི་བོ་ཟུར་གསུམ་མ་དེའི་ཕར་ག་ན།།
འོད་ཀྱི་ཟེར་ལ་ཆགས་པའི་རྣམ་ཤེས་ཤིག།
སྟབས་ཀ་ཨེན་ཙམ་འགྲིག་པའི་དུས་དེ་ལ།།
གངས་ཀྱི་རི་འདབས་ཤིག་ལ་ལང་ཚོ་འཐོར།།

སྔོན་བསགས་ལས་ཀྱིས་འཕྲད་པའི་ཆོས་སྡེ་རུ།།
སེར་ཆས་ལུས་ལ་སྤུད་པའི་ལྷ་ཚོགས་ཤིག།
མ་བཅོས་སེམས་པའི་མཐིལ་གྱི་རི་མོ་དེ།།
མཛེས་པའི་ཞིང་ས་དཀར་པོའི་གུད་དུ་བཏབ།།

གླེགས་བམ་ཕྲག་ལ་ཁུར་བའི་འདུས་སྡེ་ཞིག།
རིག་པའི་མཁར་རྫོང་ཞིག་གི་པང་ཁུགས་ན།།
ལུང་རིགས་ཤེས་བྱའི་འདབ་མ་འཐུ་བཞིན་དུ།།
འོད་ཀྱི་ལམ་ཆེན་ཞིག་ལ་འགུལ་བཞིན་གདའ།།

ཟ་ཟིའི་རོ་ལ་འཐིམས་པའི་ཁྱེའུ་ཞིག།
སྒྱུ་མའི་ཁྲོམ་ཆེན་ཉུལ་ནས་ལོ་མང་འདས།།
ཡིད་ཀྱི་མཐོ་སར་བཏེགས་པའི་འཕགས་ཚོགས་དེས།།
ཐར་བའི་ལམ་སྣ་འདྲེན་པའི་མགོན་དུ་མཛོད།།

2016 / 1 / 1


དབྱངས་ལ་བཏེགས་པའི་ཡིག་འབྲུ།

སྐུ་ལ་སེར་ཆས་མནབ་པའི་སེམས་དཔའ་ཞིག།
རང་བཞིན་ངག་ནས་སྐྱོར་བའི་དམ་པ་ཞིག།
ལུགས་གཉིས་བླང་དོར་མཁྱེན་པའི་དྲང་སྲོང་ཞིག།
གངས་ཀྱི་ཡུལ་ནས་དབྱིངས་ལ་གཤེགས་སོང་ངོ་།།

ས་ཆེན་ཡངས་པོ་ཞིག་གི་རུམ་ཁུགས་སུ།།
འགྲོ་ལ་ཕན་པའི་མཛད་པའི་རི་མོ་ཡོད།།
ལག་གཉིས་ཐལ་མོ་སྦྱར་བའི་མི་ཚོགས་ལ།།
ཐུགས་རྗེས་ཞགས་པ་མ་ལྷོད་ལྷ་ཡི་སྲས།།

2015 / 11 / 24


རྨི་ལམ་འཐུ་བའི་ལྷ་ཚོགས།

ཚིགས་དྲུག་ལུས་ཀྱི་ལང་ཚོ་ཚེས་ནས་ཡོད།།
ལྷད་མེད་བརྩེ་བའི་རི་མོ་འཛུམ་ནས་ཡོད།།
མ་བོས་ལྷན་དུ་འཛོམས་པའི་དཔུང་སྡེ་ཞིག།
ཉི་ཟླའི་གཞིས་ཁྱིམ་ཞིག་ན་འགུལ་བཞིན་ཡོད།།

དབྱངས་རྟ་བརྗིད་ཆགས་ཤིག་གི་ཁུགས་སོ་རུ།།
རེ་བའི་རྨི་ལམ་འཐུ་བའི་ལྷ་ཚོགས་ཤིག།
སེམས་པའི་སྒམ་ཆུང་དམར་པོའི་ནང་རུམ་ལ།།
ཚིག་གསུམ་དབུས་ཀྱི་ལོ་ཆང་བསྙལ་ནས་ཡོད།།

ཡིད་ཀྱི་མེ་ལོང་དེ་གའི་རི་ངོས་སུ།།
དད་འདུན་སྣུམ་རིལ་མ་ཞིག་དཔར་ནས་ཡོད།།
སྨོན་པའི་དབྱངས་རྟ་ཆ་གཅིག་ངག་ན་ཡོད།།
མཐུན་སྒྲིལ་གསེར་གྱི་ཨ་ལོང་སྦྲེལ་ནས་ཡོད།།

སེམས་གཞས་ཐན་ཐུན་འཐོར་སའི་རི་ཁུགས་སུ།།
དུང་བའི་མཛེས་པ་ཁུར་བའི་གཞོན་ཚོགས་ཤིག།
ལམ་པོ་སྟབས་བདེ་ཞིག་གི་བར་གསེང་ནས།།
རེ་བའི་རྨི་ལམ་འཐུ་བའི་ཤག་པོ་ཡིན།།

“ གྲྭ་གཞོན་ཚང་” ལ་ཕུལ་བ།


ཨ་མྱེ་བགྲེས་པོ་ཞིག་དྲན་པ།

ལུང་ཆུ་ཕུ་ཆུ་འཁྱིལ་སའི་སུམ་མདོ་ན།།
སྦྲ་ཆུང་རྩིད་དྲུད་མ་ཞིག་བཀར་ནས་ཡོད།།
སྒོ་ཕྱུགས་དཀར་ནག་ཁྲ་གསུམ་མཐའ་ན་ཡོད།།
འོ་ཇ་ཁམ་དཀར་མ་ཞིག་ཁོལ་ནས་གདའ།།

ལང་ཚོའི་ངུ་ངག་འཐོར་སའི་འགྲམ་ཟུར་དུ།།
བགྲེས་པོ་ཁ་དཀར་ཞིག་གི་རང་མདངས་ཡོད།།
ཡིག་དྲུག་མ་ཎིའི་དབྱངས་རྟ་ངག་ན་ཡོད།།
བརྩེ་སེམས་མར་ཁུ་འདྲ་བོ་འཁྱིལ་ནས་ཡོད།།

བལ་འཇམ་གོས་ཀྱི་ཚ་རུ་ང་ལ་སྟེར།།
བུ་རམ་འོ་དྲི་མ་ཞིག་ང་ལ་གནང་།།
ཚེ་རིང་ལོ་བརྒྱའི་ཚིག་གིས་ང་རང་དཀྲིས།།
ལོ་ན་ཏོག་ཙམ་སྒུར་བའི་བྱམས་སེམས་ཅན།།

གནས་རྒན་རི་ལ་སོང་ནས་སྐྱབས་འཇུག་ཞུས།།
ཐུན་གསུམ་རྨི་ལམ་ཡུལ་ནས་སྨོན་ལམ་བཏབ།།
སེམས་པའི་ཁུད་ཀྱི་ཚིག་འབྲུ་རེ་རེ་ལབ།།
རུས་པ་ཅུང་ཙམ་སྲ་བའི་གནའ་མྱི་ཞིག།

དྲན་པའི་ན་བུན་གྱོན་པའི་རྣམ་ཤེས་དེས།།
བགྲེས་པོ་སྨ་ར་ཅན་ཞིག་བརྗེད་རྒྱུ་མེད།།
དུང་བའི་དྭངས་མ་སེམས་ཀྱི་མཐིལ་ན་ཡོད།།
བརྩེ་བའི་ཕྱག་གིས་བསྐྱོར་བ་བརྗེད་རྒྱུ་མེད།།

༢༠༡༥ / ༩ / ༡༠
 

 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།