ད་ལྟ་གཟིགས་བཞིན་པ། > མདུན་ངོས། > རྩོམ་རིག > སྙན་ངག

ཁ་བ་ལུང་རི། ༼ཞར་བཀོད་གཅིག༽

སྤེལ་དུས། 2016-08-05 11:11:23   ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། དབང་རྒྱལ་ཚེ་རིང་།
  ཀླུ་པད་བཟང་། 
 

QQ图片20160805111055_编辑.jpg


གླེགས་བམ་དབུས་ཀྱི་ཐ་སྙད་ཁ་ཤས་མེ་རུ་སྦར་ནས
ངས་དལ་བུར་རྒྱུ་བའི་ཉག་ཆུ་སྔོན་མོ་ལ་རང་གི་སྐྱེ་བ་སྔོན་མ་དྲིས
ཉ་གསེར་མིག་མཆོང་ལྡིང་གི་སྒྲ་དབྱངས་ཡང་ནས་ཡང་དུ་གྲགས་པར་གྱུར་ཏེ
བདག་གི་སྐྱེ་བ་སྔོན་མ་དང་འབྲེལ་བའི་ཐ་སྙད་སྐམ་པོ་དག་བྱེ་མའི་པང་དུ་ཐིམ
ཡང་ན རླུང་འཚུབ་ཀྱིས་རྫོད་མི་སྲིད་པའི་ཁ་བ་ལུང་རིར་བལྟས་ནས
གླེགས་བམ་དབུས་ཀྱི་མེས་པོ་དག་གི་སྐྱེ་བ་གཞུག་མ་གང་དུ་སོང་བར་དཔྱད
ངོགས་གཉིས་སུ་བསླུ་བྲིད་ཀྱི་སྨ་ར་སྟུག་པོ་འཚང་བའི་ཇག་པའི་ཚོགས་ཀྱིས
ཞི་འཇགས་ཀྱིས་བལྟམས་པའི་རྩྭ་ཐང་གི་ནོར་གནག་ཕངས་མེད་དུ་འཆོས
ལོ་ངོ་དུ་མ་ཞིག་གི་རྗེས་ཀྱི དེ་རིང་གི་བཤུལ་ལམ་དུ
འཇག་མའི་སྦུབས་ལས་མཆེད་པའི་ཤུགས་གླུ་དག་མེས་པོའི་ཚུལ་གྱིས་གྲགས།

ཉག་ཆུའི་རྦ་རླབས་ཀྱི་ཁྲོད་དུ
ངས་རྒས་ཟིན་པའི་ལོ་ཟླ་ལ་ལྷའི་བདུད་རྩི་བླུད་དེ
བཤད་མི་ཚར་བའི་ཐ་སྙད་གསོན་པོ་གཅིག་ཏུ
གཞོན་ནུ་མའི་ལུས་ཀྱི་མཚར་སྡུག་གི་ལང་ཚོ་སྐེམ་དུ་བཅུག
ལོ་རྒྱུས་ཀྱི་ལྷིང་འཇགས་དཀྲོག་པའི་འཚང་ཁ་ཤིག་ཤིག་གི་མི་ཚོགས
མིག་མདུན་གྱི་རླུང་འཚུབ་སྟུག་པོས་སྟེང་འོག་བསྒྱུར་བར་བྱས
མིའི་རིགས་ཀྱི་རུས་རྐང་ལ་ཁྲག་རྣག་གིས་གང་བར་གྱུར་ཚེ
གླེགས་བམ་དབུས་ཀྱི་ཐ་སྙད་དག་ལྷག་ལུས་མེད་པར
ཞི་འཇགས་ཀྱིས་བལྟམས་པའི་རྩྭ་ཐང་གི་དབུས་སུ་ལྷོད་ཀྱིས་བསྐྱལ།

ང་རང་དལ་གྱིས་རྒྱུ་བའི་ཉག་ཆུ་སྔོན་མོ་ལ་འགྲོགས་ཏེ
ངས་ཡང་བསྐྱར་ཝུ་བ་སོབ་སོབ་ཀྱི་རྦ་རླབས་དེར་རང་གི་སྐྱེ་བ་སྔོན་མ་དྲིས
མེ་ལོང་ལྟ་བུའི་གཙང་ཆུ་ལས་མེས་པོའི་ཞལ་གཟུགས་ཨེ་མཐོང་བལྟས
སྒོ་ཁྱིས་བདག་མོར་བལྟས་པ་བཞིན་བདག་གིས་ཁྱོད་ཀྱི་གདོང་ལ་ཅེ་རེར་བལྟས
ཁྱོད་རང་འགྱུར་ཟིན་པ་རྟོགས་ཚེ་བདག་གིས་མིག་ཟུང་བཙུམས་པར་བྱས
དལ་ཅག་གེར བདག་ཀྱང་ཉག་ཆུ་བཞིན་རྒྱང་རིང་དུ་ཐོན་དུས
འདས་ཟིན་པའི་ལོ་ཟླ་ལ་འཚང་རྩིས་བརྒྱབ་སྟེ
རི་རབ་ཀྱི་ཁོང་གསེང་ལས་འཕེལ་བ་དག་མིག་ཆུ་བཞིན་ཟད་དུ་བཅུག

འདང་རེ་བརྒྱབ་ཚེ ཁ་བ་ལུང་རི་ཁོ་ན་ཁུ་སིམ་མེར་སྣང
རི་བོའི་རྔམ་བརྗིད་དང་ཁ་བ་འབབ་ཚུལ་གྱིས
གླེགས་བམ་དབུས་ཀྱི་ཐ་སྙད་དག་བདག་གི་སེམས་སུ་སྦྲུམ་དུ་བཅུག
སྤྲོ་བ་དང་སྐྱོ་བ་སྐྱེད་བྱེད་ཀྱི་ཐ་སྙད་འདི་དག་ནར་སོན་དུ་བཅུག
ཁྭ་ཏའི་ཨག་སྐད་གཅིག་ནགས་ཚལ་གྱི་ཁྲོད་ནས་རྒྱང་རིང་དུ་ཡལ་ཚེ
ཉག་ཆུར་ཕྱོགས་པའི་བདག་གི་གྲིབ་གཟུགས་ཉམ་ཆུང་བོ
བུ་ལོང་མའི་སྐུ་རིང་དུ་བཞེངས་པའི་ཤིང་ཟམ་སྟེང་གཡོ་ཞིང་འགུལ།

2016_5_24

 

མཁར་བྲང་གི་གྱང་ཤུལ།

ནམ་མཁའ་དང་བར་སྣང་མེད་པར་རིང་དུ་བལྟས་ཚེ
འགུལ་མ་ཐུབ་པའི་སྤྲིན་པ་ཞིག་གི་ཕུང་པོ་ཆེན་པོ
བྱ་གླག་གི་གཤོག་ཟུང་ལས་གོས་སྲུབས་ལྟར་འཐོར་རྗེས
ཤུལ་དུ་ལུས་པའི་མཁར་བྲང་གི་གྱང་རལ་རེངས་པོ
གཉེན་མི་མང་པའི་ཨ་ཡེ་རྒན་མོ་ཞིག་ཤི་བ་དང་མཚུངས་ཏེ
བུ་དང་བུ་མོ་ཚ་བོ་དང་ཚ་མོས་ཡོངས་སུ་བསྐོར་ཏེ་ངུ་བར་བྱེད་དོ།

ལོ་རྒྱུས་ནང་དུ་མ་ཤོང་པའི་སྒེའུ་ཁུང་ཆེ་ཆུང
དམུས་ལོང་དག་འཛུལ་སའི་གསང་སྤྱོད་ཁང་གི་སྒོ་ཆེན་དུ་གྱུར་དུས
གླུ་དབྱངས་ལ་དགའ་བའི་བྱིས་པ་དག་ཆེན་པོ་ཡིན་མདོག་སྒོས
མི་གཙང་བ་གང་དེ་ས་འོག་ཏུ་སྦེད་པར་བྱེད
རྩྭ་གསེབ་ནས་འཐུལ་བའི་ཀེང་རུས་ཀྱི་དྲི་ངན་ཡོད་དོ་ཅོག
ལྷ་མོ་ཞིག་གི་ལུས་ཐོག་ནས་འཐོར་བའི་སྤོས་དྲི་ཞིག་ཏུ་རློམ་ཡོད་དེ
མིག་ཆུ་གཏོང་མཁན་ནི་གཉེར་མས་འཁུམ་པའི་མི་དེ་དག་གོ

མེས་པོ་དག་གི་སྐྲ་ཕུད་རིང་པོ་གྱང་གསེབ་ཏུ་འཐིམས་རྗེས་ལྕང་མ་ཞིག་ཏུ་གྱུར
གལ་ཏེ་འདབ་ལོ་རྒྱས་པའི་ལྕང་མ་དག་ཕྱིར་གནག་སྣུམ་གྱི་སྐྲ་རུ་འགྱུར་སྲིད་ན
ང་དང་ཁྱོད་ཀྱིས་བཞེངས་པའི་འོད་སྣང་གི་ཕོ་བྲང་དཀར་པོ
སྡེ་མི་ཚོའི་རྐང་འོག་གི་སྲིན་འབུ་ཞིག་ཏུ་གྱུར་ཏེ་ནག་ཡོག་གེར་ལུས།


2015_7_21

 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།