ད་ལྟ་གཟིགས་བཞིན་པ། > མདུན་ངོས། > རྩོམ་རིག > སྒྲུང་གཏམ།

མི་ཚེ།

སྤེལ་དུས། 2015-05-06 08:49:45   ཡོང་ཁུངས། རང་རེའི་ལས་ཁུངས།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། དབང་རྒྱལ་ཚེ་རིང་།

གཡུ་རྔོག་ལུང་རྟོགས།

གླེང་གཞི།

མི་ཚེ་ནི་རིང་རྒྱུ་མེད་ལ་ཐུང་རྒྱུ་མེད་པའི་དུས་ཚོད་ཀྱིས་འཚིག་གྱིན་པའི་སྐུད་པ་ཞིག་སྟེ། དེས་ང་ཚོས་རང་ཉིད་ཀྱི་ཕུགས་འདུན་ལ་རེ་སྙེག་དང་བདེ་སྐྱིད་ལ་འབད་བརྩོན་བྱེད་དགོས་པར་སྔ་མོ་ནས་བརྡ་གཏོང་གྱིན་ཡོད།
བརྩམས་སྒྲུང་འདིའི་མི་སྣ་གཙོ་བོ་སྟེ་ཨ་ནེ་སྒྲོལ་མ་ཆོས་འཛོམས་ཀྱང་དུས་ཚོད་ཀྱིས་འཚིག་གྱིན་པའི་སྐུད་པ་འདིའི་སྣེ་མོ་ལ་ཞི་ལ་ཙི་གུར་འཇབ་པ་བཞིན་འཇབ་མོད། མཐར་ཐུག་ཁོ་མོའི་ཐོབ་བྱ་ནི་ཅི་ཞིག་ཡིན་པ་ཁོ་མོ་རང་ཉིད་ལས་སུ་ལ་ཆ་རྒྱུས་ཡོད་དེ་མེད་དོ།།

སྒྲོལ་མའི་རྡོ་སྐུ་དེ་ཁོ་ན་ནི་ཁོ་མོའི་མི་ཚེའི་འགྲུལ་བཞུད་རིང་མོའི་ཁྲོད་སྐྱོ་ན་སྡུག་གཏམ་བཤད་ས་དང་སྐྱིད་ན་འཛུམ་མདངས་ངོམས་ས་ཡིན། དེ་ནི་ཁོ་མོར་ཆུང་དུས་སུ་ཨ་མ་དྲིན་ཆེན་མས་འཇིག་རྟེན་དང་ཁ་གྱེས་ཁར་གནང་བའི་ཆེས་མཐའ་མཇུག་གི་ལེགས་སྐྱེས་ཡིན་ཞིང་། དེ་ནི་ཁོ་མོར་འཇིག་རྟེན་འདིར་ཐོབ་པའི་ཆེས་རྩ་ཆེ་བའི་ལེགས་སྐྱེས་ཡིན་པའང་སྨོས་མ་དགོས།

"སྒྲོལ་མ། རྡོ་སྐུ་འདི་ངའི་མི་ཚེའི་འདིའི་སྐྱིད་སྡུག་གི་ཁ་ཕྱོགས་སྟོན་པའི་འཕགས་མ་གཅིག་པུ་ཡིན་པས། ངའི་རིང་རྒྱུ་ཐུང་རྒྱུ་མེད་པའི་མི་ཚེའི་འདིའི་སྐྱིད་སྡུག་ལེགས་ཉེས་ཡོད་ཚད་རྡོ་སྐུ་འདི་དང་ལྷན་ཏུ་ཉམས་སུ་མྱངས་ནས་ཡོང་། ད་ནི་ངའི་འཆི་དུས་ཀྱི་ཞིང་ཁམས་ལ་ལམ་སྟོན་ཀྱང་འཕགས་མ་འདིས་གནང་ཟིན་པས། ང་ལ་ཞེན་ཆགས་དང་འཇིགས་སྐྲག་ཅི་ཡང་མེད།ཡིན་ནའང་། ཅུང་ཟད་སེམས་མི་བདེ་བ་ཞིག་ཡོད་པ་ནི་ཁྱོད་རང་སྟེ། ཁྱོད་རང་ལོ་ན་ཆུང་བའི་བུ་མོ་ཞིག་འདི་ལྟར་ད་ནས་བཟུང་ཁེར་རྐྱང་དུ་ལུས་པ་ལ་ཅུང་ཟད་སེམས་ཀྱིས་མི་བཟོད་དོ།། འོན་ཏེ། མི་ཚེ་ནི་རིང་རྒྱུ་ཐུང་རྒྱུ་མེད་པས་ཁྱོད་ཀྱིས་ཀྱང་འཕགས་མ་ལ་གསོལ་འདེབས་རྩེ་གཅིག་པ་བྱོས་དང་། རིང་རྒྱུ་ཐུང་རྒྱུ་མེད་པའི་མི་ཚེ་འདི་འཕགས་མས་ཁྱོད་ལ་སྐྱེལ་རོགས་བྱེད་ངེས།"ཞེས་གོས་སེར་པོ་ཚིལ་དྲེག་དང་སྣུམ་དྲེག་གིས་ཟོས་ཟིན་པའི་སྟེང་གི་ཁ་དོག་དང་འཁོར་ལོའང་གསལ་བོར་མ་བལྟས་ན་ངོས་མི་ཟིན་པ་ཞིག་གི་ཁུད་དུ་སྒྲོལ་མའི་རྡོ་སྐུ་ཐལ་ལྕགས་ཀྱི་ཆེ་ཆུང་དང་མཉམ་པ་ཞིག་བྱིན།

"ཨ་མ། ཁྱོད་ཀྱིས་སེམས་བདེ་མོ་བྱོས་དང་། ང་ལ་སེམས་ཁུར་མི་དགོས། ང་ལ་འཕགས་མས་འདུག་རོགས་བྱས་ན་ཅི་ལའང་མི་སྐྲག" ལང་ཚོའི་ཞབས་རྗེས་བཏོད་པའི་ཨ་མའི་དཔྲལ་བར་འོ་བྱེད་བཞིན་ཁོ་མོས་དེ་ལྟར་བཤད། དེ་དུས་ཁོ་མོ་སྟེ་སྒྲོལ་མ་མོ་ལོ་ཉི་ཤུར་སླེབས་ཙམ་ཡིན།

ཞོགས་པའི་ཉི་ཟེར་གྱི་ཟེགས་མ་རེ་རེ་ནི་དཀོན་མཆོག་གིས་འཁོར་བ་པའི་སྒྲིབ་པ་འཁྲུལ་བར་ཆེད་དུ་མངགས་པ་ནང་བཞིན། བསམ་གཏན་ལྷུན་འགྲུབ་གླིང་གི་མདུན་རི་གསེར་གྱི་པདྨ་ལྟ་བུའི་རི་བོ་དེའི་མགུལ་ནས་འཕྲོས་ཤིང་ཨ་ནེ་སྒྲོལ་མ་ཆོས་འཛོམས་ཀྱི་ཁང་མིག་ནང་གི་མུན་པ་དག་ཡང་དག་པར་བཀྲུས་ཏེ་གཙང་སང་ངེར་བྱས།

ཁོ་མོས་ཀྱང་ནམ་རྒྱུན་ལྟར། སྒྲོལ་མ་ཉེར་གཅིག་གི་དབྱངས་རྟ་སྙན་མོ་ཞིག་གི་རོལ་མོ་དང་བསྡེབས་ཏེ་མཆོད་སྟེགས་སུ་བཞུགས་པའི་ལྷ་ཚོགས་ལ་མཆོད་པ་ཕུལ་བ་དང་ཕྱག་འཚལ་བ། གསོལ་བ་འདེབས་པ་སོགས་ཀྱི་ལས་ལ་བྲེལ་གྱིན་འདུག

དུས་ཚོད་དང་དཀའ་སྡུག་གི་ལོ་ཟླའི་ལྡོག་འགྲོས་ཀྱི་སྐད་ཅིག་མ་རེ་རེ་ནི་གྲོགས་མེད་ཁེར་རྐྱང་གི་ཨ་ནེ་འདིའི་ལུས་ཀྱི་འགུལ་བསྐྱོད་དང་སེམས་ཀྱི་ཁམས། གཟེངས་མཐོ་བའི་སྣ། གཏིང་དུ་ལྷུང་བའི་མིག་ཟུང་། དཔྲལ་བའི་ངོས་ཀྱི་རི་མོ། འབུར་ཏུ་ཐོན་པའི་མཁུར་བ། ཚིགས་འཁྱོར་བའི་སོར་མོ་རེ་རེའི་སྟེང་ན་མྱུར་ཚད་ཅིག་གི་རླབས་རྒྱུན་དང་འགྲོགས་ནས་ཕྱིར་མངོན་བཞིན་པ་ནི་ཁ་བ་མཚོ་རུ་འཐིམས་པའི་མཛེས་པ་དང་ཇི་འདྲའི་མཚུངས་ཨང་། དེ་ནི་དུས་ཚོད་རེད། དེ་ནི་མི་ཚེ་རེད། རིང་རྒྱུ་ཐུང་རྒྱུ་མེད་པའི་མི་ཚེ་རེད།

ཞོ་གསར་གྱི་འདབ་མ་དཀར་པོ་རི་སྐེད་ཀྱི་ལུག་ཁྱུ་དང་འདྲེས་ཏེ་རང་བྱུང་མའི་བྲང་གཞུང་དུ་སྨྲ་བསམ་བརྗོད་འདས་ཀྱི་མཚར་སྡུག་ཅིག་སྦྲུམ་པ་དང་ཀུན་ནས་འདྲའོ།།

ཉིན་དེར་ཁོ་མོས་ལུག་ཁྱུ་རི་ངོས་སུ་མུ་ཏིག་གི་ཚོམ་བུ་བཀོད་པ་བཞིན་གཏོར་རྗེས། སེམས་པ་ཅུང་ཟད་སྐྱིད་སྣང་ཞིག་གིས་ཁེངས་ཤིང་ཧ་ཅང་ཐང་ཆད་པའི་ལུས་སེམས་ཉོབ་ཉོབ་པོར་སོང་ནས་ཉི་འོད་ཀྱི་དྲོད་འཇམ་པང་དུ་འཁྱུད་ནས་གཉིད་ཀྱི་ཞིང་ཁམས་ཉུལ།

རྟོག་བཏགས་དང་འཁྲུལ་སྣང་འདྲེས་མའི་འཇིག་རྟེན་གྱི་སྒྱུ་འཕྲུལ་དག་ནི་མིའི་སེམས་ཀྱི་རེ་སྨོན་དང་འདོད་དོན་ལ་ཡིད་ཆེས་ཐོབ་པའི་ལྷ་ཚོགས་ཀྱི་ཕྱག་རྒྱ་ཞིག་མིན་པར་གཏན་ཚུགས་གང་ཞིག་གིས་སྒྲུབ་ནུས་པར་སུ་ལ་ཡིད་ཆེས་ཡོད་དེ་ལར་ནས་མེད་དོ།།

རི་ཆུ་ལྗོངས་གསུམ་གཡུ་མདོག་གི་མདངས་ལ་འཁུ་བའི་འཇིག་རྟེན་ལྗང་གུ་ཞིག་ཁོ་མོའི་མཐོང་སྣང་དུ་སོན་ཅིང་། གནས་དེ་ནི་ཞི་བདེ་དང་འཆམ་མཐུན། འབྱོར་ཕྱུག་དང་སྤུས་ཚད་ཕྱོགས་གང་ཅིའི་ཐད་ནས་བསམ་ནའང་། ཁོ་མོས་ཡིད་གཏིང་ནས་ཚིམས་ཤིང་ཁྱད་ཆོས་འདི་དང་འདི་རེད་ཅེས་བརྗོད་མི་ཤེས་ཏེ། དེ་དག་བརྗོད་པ་ལ་ལུག་རྫི་བུ་མོ་འདིའི་སྐད་ཆར་ཚད་བཀག་ཐེབས་པས་སོ།།

"སྙིང་ཉེ་བའི་བུ་མོ་ལགས། ཁྱོད་ཀྱི་སྡིག་སྒྲིབ་ཀྱི་དྲི་མ་དེ་འཕགས་མ་ལ་གསོལ་འདེབས་བྱས་པ་རྐྱང་བས་དག་སོང་ངམ། ཁྱོད་ཀྱི་ཁེར་རྐྱང་གི་མི་ཚེ་དེ་སྒྲོལ་མ་ཉེར་གཅིག་གི་དབྱངས་རྟ་ཁོ་ནར་འགྲོགས་ཏེ་བུད་ཡོང་ངམ།" བལྟས་ཚོད་ལ་རང་ཉིད་དང་ན་ཚོད་མཉམ་པའི་གསར་རྒོད་གླག་སྒྲོ་འདྲ་བ་ཞིག་གིས་ཁོ་མོ་ལ་དེ་ལྟར་ཟེར། ཁོ་མོ་ནི་ཡུན་རིང་ཞིག་ལ་འདི་ལྟ་བུའི་གསར་བུ་ཞིག་གིས་ཀྱང་གཡོག་མོ་ང་ལ་ཁ་ཡ་བྱེད་སྟངས་ལ་བལྟས་ན་འཇིག་རྟེན་འདི་གཞན་དུ་མི་མཚུངས་པ་ཞིག་རེད་སྙམ་སྟེ་རི་མོར་བྲིས་པ་བཞིན་དུ་འགུལ་མེད་དུ་ལུས།

"ཁྱོད་རང་འཐད་པ་ཡིན་ན་ཁྱོད་ཀྱི་ཁེར་རྐྱང་གི་སྐྱོ་བ་མཐའ་དག་ངས་སེལ་རོགས་བྱེད། ཁྱོད་ཀྱི་ཡིད་ཁུང་གི་ཁུར་བོ་མཐའ་དག་ངས་འཁུར་རོགས་བྱེད། ངས་ཁྱོད་ལ་བདེ་སྐྱིད་སྟེར་ཐུབ། ང་ལ་ཡིད་ཆེས་བྱོས། འདི་ནི་འཕགས་མའི་བཀོད་པའང་ཡིན། འོན་ཏེ། ཁྱོད་ཀྱིས་ང་ལ་ཉིན་གསུམ་ལ་སྒུག་དགོས།"

སྒྲོལ་མ་ཆོས་འཛོམས་ཞེས་པའི་མིང་འདི་ནི་ཁོ་མོ་བཙུན་དགོན་བསམ་གཏན་ལྷུན་གྲུབ་གླིང་དུ་ཞུགས་རྗེས་ཁྲི་པས་ཁོ་མོ་ལ་གནང་བའི་མིང་དེའི་ཕྱེད་ཀ་ཡིན་ཏེ། ཁྲི་པས་བཏགས་པའི་མིང་ཆ་ཚང་ལ་ཆོས་འཛོམས་ལྷ་མོ་ཟེར་ཞིང་། ལྷ་མོ་ཞེས་པའི་ཐ་སྙད་འདི་ལ་ཁོ་མོ་ཞེ་གཏིང་ནས་ཞེད་ཅིང་སེམས་གཏིང་ནས་སྡང་བ་ཡིན་ནའང་། དེའི་རྒྱུ་མཚན་ཆ་ཚང་ཞིག་དང་གོ་རིམ་ཞིབ་ཚགས་ཤིག་ཁོ་མོ་རང་ཉིད་ཀྱིས་ཀྱང་བཤད་མི་ཤེས་ནོ་ཐག་ཆོད་ཡིན། ཁོ་མོས་མིང་འདི་ཉིད་བློར་མ་བབས་པ་ཁོ་ན་རྒྱུ་མཚན་ཏུ་བྱས་ཏེ་རྡོག་ཁྲེས་ཁུར་ཏེ་བཙུན་དགོན་གཞན་ཞིག་ཏུ་སོང་ནས་ཡང་བསྐྱར་རབ་ཏུ་བྱུང་ཞིང་མིང་གསར་བ་ཞིག་བརྗེ་བར་རྨི་ལམ་རྨིས་མྱོང་།

མཇུག་མཐར་ཁོ་མོས་རང་ཉིད་ཀྱི་དེ་སྔའི་མིང་སྟེ་སྒྲོལ་མ་ཞེས་པའི་མིང་གི་རྗེས་སུ་ཁྲི་བས་བཏགས་པའི་ཆོས་འཛོམས་བསྣན་ཅིང་ལྷ་མོ་ཞེས་པའི་ཡིག་འབྲུ་གཉིས་དུར་སྦས་བྱས་རྗེས། ཆུང་དུས་ནས་ཡང་ཡང་རྨི་ལམ་ཏུ་འཁོར་བའི་གསར་བུ་ལྗང་གུ་གླག་སྒྲོ་འདྲ་བོ་དེ་ལ་སྐྱེ་བ་ཕྱི་མར་འཇིག་རྟེན་ལྗང་གུ་དེ་ནས་ལྷན་འཛོམས་འབྱུང་བར་སྨོན་ལམ་འདེབས་པ་ལས་ཐབས་བཀོད་གཞན་ཅི་ཡང་མེད་དོ།།

ཕྱིས་སུ་ཁོ་མོས་རང་ཉིད་ཀྱི་གཏམ་རྒྱུད་གླེང་དུས། "འཇིག་རྟེན་དེའི་ཉིན་གསུམ་ང་ཚོའི་མི་ལོ་སུམ་ཅུར་བསྒུགས་ཀྱང་མ་ལོངས་བ་རེད། ཨ་ལ་དེ་ད་དཔེ་མི་སྲིད། ཁོས་རྫུན་བཤད་པ་དཔེ་མི་སྲིད། ཁོ་ཕལ་ཆེར་འཇིག་རྟེན་དེའི་ལྷ་མོ་ཞིག་གིས་བསྒྱུར་སོང་བ་ཨེ་ཡིན་ནམ།"ཟེར་བཞིན་ཤུགས་རིང་རེ་འབྱིན་ངེས།

ལང་ཚོ་ནི་ཟད་རྒྱུ་མེད་པའི་འཇིག་རྟེན་གྱི་དངོས་པོ་ཞིག་ཡིན་པ་སུ་ལའང་གསལ་ཞིང་། མོ་ལོ་ཉི་ཤུ་ནི་ཕྱིར་ཡོང་མེད་པའི་དབྱར་གཞུང་ཞིག་ཡིན་པ་ནི་སུས་ཀྱང་རྟོགས།
ཁོ་མོའི་མཐའ་འཁོར་གྱི་རང་ཉིད་ལ་སྙིང་ཉེ་ཞིང་ཤ་ཚ་བའི་མི་དག་གིས་ནམ་ནམ་ཞར་ཞར་ལ། "སྒྲོལ་མ་ད་ཁྱོད་ཀྱང་ཆུང་རྒྱུ་མེད་གི རང་ཉིད་དང་འཚམ་པའི་སྐྱ་ཡ་ཞིག་འཚོལ་དང་ང་ཚོས་ཁྱོད་ལ་ཁྱིམ་ཚང་བཅའ་རོགས་བྱེད།"ཟེར།
ཡིན་ནའང་། དྲན་པའི་ངོས་ཀྱི་ཞིང་ཁམས་དེ་དང་གསར་བུ་གླག་སྒྲོ་འདྲ་བོ་དེའི་སླད་དུ་ཁོ་མོས་རང་ཉིད་ཀྱི་དབྱར་གཞུང་ལྟ་བུའི་ལང་ཚོ་དེ་བློས་བཏང་བ་ནི་སུ་ལའང་གསལ་ཆ་ཡོད་པའི་དོན་དག་ཅིག་ཏུ་གྱུར།
སྒྲོལ་མའི་མི་ཚེ་རྡོ་སྐུ་ཞིག་དང་ལྷན་ཏུ་བསྐྱལ་ཞིང་མེ་ཏོག་དང་སྦྲང་མའི་ཚོགས་ཀྱི་ལྷན་འཛོམས་ཀྱི་རེ་བ་ནི་སྙིམ་པར་བསྐྱིལ་བའི་དྭངས་གཙང་གི་ཆུ་བོ་ཞིག་ནང་བཞིན་བཞུར་རྒྱུན་ལ་ཚད་བཀག་གི་རྐྱེན་ངན་ཐེབས་པའི་གསང་བའི་ངོ་གདོང་ཞིག་ཡིན་ལ། དེ་ནི་རྒུན་ཆང་མ་འཐུང་ཡང་ཚོད་ཚོད་ལ་བཟི་འགྲོ་བའི་རྒྱུ་རྐྱེན་ཉག་གཅིག་ཡིན་ཞིང་། སྒྱུ་འཕྲུལ་གྱི་སྣང་བ་ཟ་ཟི་ཞིག་གིས་མི་ཚེའི་ལས་དབང་ལ་བཅོས་བསྒྱུར་ཐེབས་པའི་ལྷད་མེད་ཀྱི་བརྩེ་བ་ཞིག་གི་ཕམ་ཉེས་ཡིན།

མཇུག་སྡུད།

སྨྲ་བསམ་བརྗོད་འདས་ཀྱི་གནས་ལུགས་ཇི་བཞིན་རང་ཉིད་ཀྱིས་མི་ཚེ་གང་བོར་གསལ་བཤད་དང་གོ་བ་ལོན་མི་ཐུབ་པའི་སྤྱིར་བཏང་གི་དོན་དག་མང་པོ་ཞིག་ཡོད་པ་ནི་སྒྲོལ་མའི་ཉམས་མྱོང་གིས་བདེན་དཔང་བྱས་ཡོད་ཅིང་། མི་ཚེ་ནི་འགྱོད་སེམས་ཀྱི་ཚོགས་པའི་རྡུལ་ཕྲན་མང་པོ་ཞིག་གིས་གྲུབ་པའི་འཇིག་རྟེན་ཆུང་ཆུང་ཞིག་ཏུ་ངེས་མོད། ཕལ་བའི་མི་བུ་དག་གིས་རང་ཉིད་ཀྱིས་སྒྲུབ་པར་འདོད་པའི་བྱ་བ་ཞིག་ལ་ཧུར་བརྩོན་གྱིས་མི་ཚེ་སྐྱེལ་ཐུབ་ན། གལ་ཏེ། འོད་སྟོང་གིས་སྐྱ་རེངས་བསུ་བའི་འཇིག་རྟེན་ཞིག་གི་གཟི་བྱིན་ཞིག་ཡིན་ཚེ་དེ་ནི་རང་ཉིད་ཀྱི་ཚོགས་བསགས་ཀྱི་བྱིན་མཐུ་ཡིན་ཞིང་། མུན་པའི་སྒྲིབ་པའི་མཚན་སྨག་གིས་འབྱིན་པའི་སྐྱོ་ངལ་ཞིག་ཡིན་ཚེ་དེ་ནི་སྔོན་བསགས་ཀྱི་ལས་ངན་འཛད་པ་ཡིན་པར་སེམས་ན་ལེགས་སོ།།

༢༠༡༤ ལོའི་ཟླ་༡༢པའི་ཚེས༢༧ཉིན་མཇུག་གྲུབ།

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།