ད་ལྟ་གཟིགས་བཞིན་པ། > མདུན་ངོས། > རྩོམ་རིག > སྒྲུང་གཏམ།

མ་ཎི་འཁོར་ལོའི་འགྲམ་གྱི་ཕྱིར་དྲན།

སྤེལ་དུས། 2015-05-14 10:17:39   ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། དབང་རྒྱལ་ཚེ་རིང་།

སྤྱང་གུ་རུ་འཇིགས་མེད།

ཞོགས་པའི་ཉི་ཟེར་ཤར་རིའི་ཕྲག་པ་ནས་འོད་ལམ་ལམ་དུ་གཡང་ལུང་འཛིན་མའི་པང་དུ་འཁྱིལ་བའི་ཚེ་གཡང་ལུང་སྡེ་བ་ནི་གངས་སེང་གི་གཡུ་རལ་མཁའ་ལ་འཕྱོ་འདྲའི་ནགས་ཚལ་སྟུག་པོ་ཞིག་གི་འདབས་ན་ཞིང་ལས་དང་ཕྱུགས་ལས་གཉིས་ཀ་གཉེར་སའི་ལུང་གཞུང་དུ་ཐར་ཐོར་དུ་ཆགས་པའི་དུད་ཁྱིམ་འགའ་ཡིན་ལ། སྡེ་དཀྱིལ་ན་ཡོད་པའི་འདུ་ཁང་ཆོས་རའི་ཟུར་གྱི་ཆོས་སྐྱོང་ཁང་གི་མདུན་ན་ཨ་ཁུ་གཡང་ཁོས་ཚ་མོ་རྗེས་སུ་ཁྲིད་ནས་བསང་ཁྲིའི་སྟེང་བསང་རྟ་དང་བསང་རྩི་ཡིད་ཚིམ་པ་ཞིག་བཞག་ནས་བླ་མ་ཡི་དམ་ནས་སྐྱེ་ལྷའི་གཞི་བདག་བར་ལྷ་ཚོགས་མང་པོ་ཞིག་སྐད་མགོ་མཐོན་པས་མགྲོན་དུ་བོས་ཏེ་རིམ་བཞིན་གསལ་ལ་མི་གསལ་བའི་སྐྱབས་འཇུག་རིང་བོ་ཞིག་ཞུ་བཞིན་འདུ་ཁང་ཕྱོགས་ལ་འཁོར་ནས་ཕྱག་གསུམ་འཚལ་ཏེ་ཐོད་པ་དང་པང་གི་རྡུལ་དག་སྤྲུགས་སྤྲུགས་ཞིག་བྱས་ནས། མ་ནི་འཁོར་ལོ་བསྐོར་བཞིན་འདུ་ཁང་ལ་སྐོར་བ་བརྒྱབ། ལྷ་སྒྲོན་"ཤོག་ཨ་མྱེས་ར་ལྷན་དུ་བསྐོར་བ་རྒྱོབ"་ཟེར་ནས་ཨ་ཁུ་གཡང་ཁོས་ལྷ་སྒྲོན་ལ་ཕྱིར་བལྟ་ཅིག་བྱས། ལྷ་སྒྲོན་ནི་རང་གཤིས་ཀྱི་ཤོག་དཀར་ལ་སྐྱོན་གྱིས་མ་གོས་པའི་ལོ་དགུ་ཅན་གྱི་བྱིས་པ་ཞིག་སྟེ་མོས་ཨ་མྱེས་ཀྱི་འབོད་པ་ཐོས་མ་ཐག་ཨ་མྱེས་ལྟར་འདུ་ཁང་ལ་ཕྱག་གསུམ་འཚལ་ནས། ཨ་མྱེས་ངེད་ཚང་ལ་ད་དུང་ཨ་ནེ་ཟིག་ཡོད་པ་ཨེ་རེད་ཅེས་དྲིས། ཨ་ཁུ་གཡང་ཁོས་གདོང་གི་སྨིན་མ་བསྡུ་བཞིན། "ཁྱོད་ལ་སུས་དེ་ལྟར་ཟེར་བ་ཡིན་ནམ། ཡོད་ནི་མ་རེད་ཁྱོད་ཀྱི་ཨ་མ་མཚོ་མོ་དང་ཨ་ནེ་དཔལ་མོ་མ་གཏོགས་ད་གང་ཟིག་ན་ཡོད། ཤོག་ཤོག་ལ་བསྐོར་བ་རྒྱོབ"་ཟེར་ཏེ། ཚ་མོ་ལ་མི་སྒུག་པར་སྔོན་དུ་འགྲོ་ཡང་གོམ་པའི་འདེགས་འཇོག་རིམ་བཞིན་ཇེ་དལ་དུ་གྱུར་ནས། ཆུང་དུས་བུ་མོ་བདེ་སྐྱིད་ཁྲིད་ནས་འདུ་ཁང་བསྐོར་བའི་རྣམ་པ་དེ་དབང་མེད་དུ་དྲན། ཨ་ཁུ་གཡང་ཁོ་ནི་སྡེ་བ་དེའི་ནང་ཆུང་དུས་ཚོང་ལས་གཉེར་མཁན་ཞིག་སྟེ། ཁོ་ཕོ་གསར་སྐབས་ལོ་གསར་ཐོན་ལ་ཉེ་དུས་ཟི་ལིང་དང་ཀ་ཅི་ལ་སོང་ནས་ཟས་རིགས་དང་གོས་རིགས་སྣ་ཚོགས་ཕ་ཡུལ་ལ་ཁྱེར་ཡོང་ནས་བཙོང་བ་དང་སྟོན་ཁར་རོང་ཕྱོགས་ཀྱི་སིལ་ཏོག་དང་ཤིང་ཆ་ཁྱེར་ནས་འབྲོག་ཕྱོགས་ཀྱི་མར་ཆར་དང་ཤ་པགས་ལ་བརྗེས་ནས་སླེབས་ཡོང་བས། སྡེ་བའི་ནང་གི་སྐྱེས་པ་གཞན་དང་བསྡུར་ན་མཐོང་རྒྱ་ཅན་ཞིག་ཏུ་བརྩི་ལ་ནམ་རྒྱུན་སྡེ་བའི་གསར་བུ་རྣམས་ཁོའི་ཁ་བརྡ་ལ་ཉན་རྒྱུར་དགའ་བས། ཁོས་ཀྱང་རྒྱུན་དུ་སྡེ་མི་ཚོགས་སར་གྲོང་ཁྱེར་གྱི་མཛེས་སྡུག་དང་རླངས་འཁོར་གྱི་གྲངས་ཀ་ཁང་བརྩེགས་ཀྱི་མཐོ་དམན་གླེང་ནས་ཉིན་གུང་ནས་ཉི་ནུབ་བར་སྡེ་བའི་འདུ་ཁང་གི་ཁྱམས་འོག་ནས་ཉི་མར་ལྡེ་མྱོང་།

ཞིང་ལས་དང་ཕྱུགས་རྫི་ཁོ་ན་གཉེར་བའི་སྡེ་བའི་ཕོ་གསར་ཚོའི་ཁྲོད་ནས་ཨ་ཁུ་གཡང་ཁོས་རང་གི་ལས་ཀ་རིམ་པ་གཅིག་གི་མཐོ་སྙམ་པའི་ང་རྒྱལ་དེ་གཞོན་དུས་ཀྱི་བདེ་སྐྱིད་ཅིག་ཏུ་བཟུང་ནའང་། ཁོས་སྔགས་པ་མཁྱེན་རབ་ཀྱིས་སྡེ་བའི་འདུ་ཁང་ནང་ནས་སྡེ་བའི་རྒན་རྒོན་རྣམས་ལ་མདོ་མཛངས་བླུན་དང་མི་ལ་རས་པའི་རྣམ་ཐར་སོགས་བཤད་པ་མཐོང་ཐེངས་རེར་ཁོའི་སེམས་ལ་ཁོས་ཀྱང་ཡི་གེ་འགའ་ཤེས་ཚེ་སྡེ་བ་འདིའི་ནང་གི་སྟག་མོ་གཤོག་ཐོགས་དེ་ཁོ་ཡིན་སྙམ་པའི་འགྱོད་སེམས་ཤིག་དང་བཅས། རང་ལ་བུ་ཟིག་སྐྱེས་ན་གྲོང་ཁྱེར་གྱི་སློབ་གྲྭ་ཆེན་མོ་ཞིག་གི་ནང་དུ་ངེས་པར་བསྐྱལ་དགོས་བསམ། ཁོས་ཡི་གེ་གཅིག་ཀྱང་མི་ཤེས་ནའང་ཟི་ལིང་དང་ཀ་ཅི་ལ་སོགས་ལ་སོང་ན་ཕ་ཡུལ་རི་ལུང་གི་རྐང་ལམ་དེད་པ་བཞིན་ནོར་བ་མི་སྲིད་པས། སྔགས་པ་མཁྱེན་རབ་ཀྱང་ཐང་འགར་ཁོ་ལ་བརྟེན་ནས་ཟི་ལིང་དང་ཀ་ཅི་ལ་འགྲོ་དགོས་པས་སྡེ་མི་ཡོངས་ཀྱིས་ཁོ་ནི་སྐབས་ཐོག་ཞིག་གི་བློ་རྒོད་དཔེ་མེད་ཞིག་ཏུ་བརྩིས་མྱོང་།

གཡང་ཁོས་བུ་མོ་མཚོ་མོ་དང་དཔལ་མོ་གཉིས་སྐྱེས་པའི་རྗེས་ནས་བུ་ཞིག་སྐྱེས་བར་རེ་བ་ཡང་ཡང་བཅོས་ཀྱང་ཁོང་གི་མི་ཚེ་ཡི་རི་མོ་དེ་མི་བསམ་ནག་ཞིག་གི་ལག་ཏུ་ཚུད་པ་དང་མཚུངས་པར་སླར་ཡང་བུ་མོ་ཞིག་བཙས་པས། ཟླ་གཅིག་འགོར་ཡང་གཡང་ཁོའི་ངོ་ཐུར་ལ་ལུག་ནས་སྡེ་བའི་གསར་བུ་ཚོ་ཉི་མ་ལྡེ་སར་སོང་ནས་གྲོང་ཁྱེར་གྱི་གསར་འགྱུར་ཡང་གླེང་རྒྱུ་མ་བྱུང་བར། ཁྱིམ་ནས་ཁ་མི་གྲག་པར་སྒྲ་སྡུད་ལ་ཉན་བཞིན་གཅིག་པུར་བསྡད། ཨ་ནེ་ལྷ་མོས་ཁོའི་རྣམ་འགྱུར་རྟོགས་ནས། བྱིས་པ་བུ་མོ་ཟིག་སྐྱེས་ན་ཅི་རེད། ང་ཚོའི་ལས་དབང་རེད། ད་ཅི་བྱེད། ཁྱོའི་ཚུགས་ཀ་ཅིག་ལྟོས་ར་ཟེར།

ད་དུང་ངོ་གནག་ནས་ལན་ཅི་ཡང་མ་བཏབ།

མགོ་ནག་སྐྱིད་སྡུག་གནམ་གི་ལག། གོ་ར་དྲོན་པོ་རང་གི་ལག ཁྱོས་ངོ་གནག་ནས་ཕན་ཐོགས་ཅི་ཡོད།

ཨ་ཁུ་གཡང་ཁོས། ཁྱོད་ཀྱིས་ཅི་ཤེས། ངས་ཚེ་གང་ལ་བསགས་ནོའི་ཁྱིམ་ཚང་འདི། རང་གི་བུ་ཟིག་གིས་སྐྱོང་མ་ཐུབ་ན་དེ་ལས་འགྱོད་པ་ཟིག་ཅི་ཡོད།

ཁྱོད་འདིས་ཅི་ཟེར་ཁྱོད་ཀྱི་བུ་མོ་ཁྱོའི་བྱིས་པ་མ་ཡིན་ནམ། ངེད་ཚང་གི་བུ་མོ་གཉིས་ལྟ་བུ་ནོར་རྫི་བཟང་བོ་ཟིག་ར། ཁྱིམ་ཚང་ལ་ལས་རོགས་བྱེད་ནི་ཟིག་སྡེ་བ་འདིའི་ནང་གི་སུ་ཚང་གི་བྱི་ལའི་གོ་ཆོད། རྗེས་མ་ར་སུ་བཟང་གོ་ནི་མ་རེད། ཟེར་བཞིན་བུ་མོ་བདེ་སྐྱིད་ལ་ནུ་མ་མནུན།
གཡང་ཁོས་བསམ་བློ་གཏོང་བཞིན་ཅི་ཡང་མི་སྨྲ་བར་བསྡད། སྐབས་དེར་སྒོ་ཁྱུ་ཟུག་པ་དང་ལྷན་སྔགས་པ་མཁྱེན་རབ་ཀྱིས་སྒོ་ཕྱེས་ནས་ནང་ལ་ཡོང་བཞིན། ཁྱོད་ཚང་ལ་བྱིས་པ་ཟིག་སྐྱེས་སོང་ཟེར་ག ལྷ་མོས་མྱུར་དུ་བྱིས་པར་ནུ་མ་མནུན་མཚམས་བསྐྱུར་ནས། སྟན་དཀར་པོ་ཞིག་ཁྱེར་ཡོང་ནས་སྔགས་པ་མཁྱེན་རབ་བཞུགས་ས་བཅོས། གཡང་ཁོ་ཡང་ཡར་ལངས་ནས་ཁོང་ཡར་བསུ་ཏེ་ད་ཐེངས་ཡང་ངེད་ཚང་ལ་བུ་མོ་ཟིག་སྐྱེས་སོང་།

ཨ་ཙི། ངས་ད་ཐེངས་ཁྱོད་ཚང་ལ་བུ་ཟིག་སྐྱེས་ལོས་ཡོད་བསམ་ཡོད།

གཡང་ཁོ་འུ་ཐུག་པའི་ཉམས་ཀྱིས་ ད་དེའི་ལས་མེད་ཁུ་ཡ།

སྔགས་པ་མཁྱེན་རབས་ཀྱིས་ཁོ་ལ་བལྟ་བཞིན། གཡང་ཁོ་ད་བར་མི་རྣམས་ཀྱི་བསོད་ནམས་ཇེ་ཆུང་ལ་སོང་ན་རང་རང་གི་འདོད་ཐོག་ལ་འགྲོ་དཀའ་ནི་རེད།

ད་ཁྱོད་ཚོས་ལྟོས་ཤོག་ར་མི་བདེན་ན་རྗེས་མར་གོ་ཡོང་།

གཡང་ཁོ་ཧ་ལས་བཞིན། དེ་ཅི་ཡིན་ནམ། ཟེར།

སྔགས་པ་མཁྱེན་རབ་ཀྱིས་ཤུགས་རིང་ཟིག་འབྱིན་བཞིན། ང་ཚོའི་ད་བར་གི་མི་རྣམས་ཆོས་དད་ཇེ་ཆུང་ལ་སོང་ནས་རྒྱུ་འབྲས་ཇེ་སྣོག་ལ་འགྲོ་བཞིན་ཡོད་ནོ་འདི་རེད། མི་དགེ་བ་འདི་བསོད་ནམས་འགྲིབ་པའི་རྒྱུ་གཙོ་བོ་ཡིན་པས། སྔོན་མ་ཚོ་ལས་སྐྱིད་ཟིག་ཡོད་དགོས་ཟེར་ན་དཀའ་རྒྱུ་རེད་ཡ་ཟེར གཡང་ཁོའི་ཐོད་པའི་མདུད་པ་དག་ཀྱང་རིམ་བཞིན་གྲོལ་ནས། མཁྱེན་རབ་ལ་ཅེར་ཏེ་ཧ་ལས་པའི་ངང་ཅིག་རྟོགས་སོང་པའི་ཉམས་ཀྱིས་ཕན་ཚུན་གླེང་མོལ་བྱས།

བུ་མོ་ཆེ་བ་མཚོ་མོ་ལོ་བཅོ་བརྒྱད་དང་འབྲིང་བ་དཔལ་མོ་ལོ་བཅུ་དྲུག་ལ་ཐོན་དུས་གཡང་ཁོ་དང་འདྲ་བར་ཡི་གེ་མི་ཤེས་ནའང་ཞོར་ལས་དང་དབྱར་རྩ་བརྐོས་ན་ཀུན་གྱིས་སྨོན་པའི་ཡུལ་དུ་གྱུར་པས་ཁྱིམ་ཚང་གི་འཚོ་བ་སྔར་ལས་ཀྱང་བཟང་པའི་སྐབས་ན། ལྷ་མོས་ཀྱང་ཕྲུ་གུ་བུ་མོ་ཡིན་ཀྱང་འཚོ་བ་སྡུག་མི་དགོས་པའི་ཚིག་ཟུར་དུ་མ་འཕངས་ཀྱང་གཡང་ཁོས་མ་གོ་ཁུལ་གྱིས་བདེ་སྐྱིད་པང་དུ་བཟུང་ནས། ཁོ་ཚང་གི་གཅེས་ཕྲུག་མ་ཟེར་བཞིན་རྩེ་རོགས་བྱས་ནས་ལྷ་མོ་ལ་ཁ་ཡ་མི་བྱེད།

ལྷ་མོས་བྱིས་པ་བུ་སྐྱེས་ཡང་ཁ་མི་ཉན་ནི་ཟིག་ཡིན་དུས་ཨ་ཁུ་མཁྱེན་རབ་ཚང་གི་དབང་ལྡན་ལ་ཅིག་ལྟོས་དང་། སློབ་གྲྭ་སོང་ན་ཡི་གེ་མི་སྦྱངས། ཁྱིམ་ལ་ཡོང་ན་ཕ་མ་ལ་ལས་ཀ་གཅིག་ཀྱང་ལས་རོགས་མི་བྱེད། ཤོ་ཁང་དང་ཆང་ཁང་མ་གཏོགས་འགྲོ་མི་ཤེས་གི། ངེད་ཚང་ལ་གན་འདྲའི་བུ་ཟིག་ཡོད་ཚེ་ཁྱོས་ཅིག་ལ་འདའ་འཇོག་ས་ཡོད།

གཡང་ཁོས་འཐད་པའི་ཉམས་ཀྱིས་བདེན་ངེད་ཚང་གི་བུ་མོ་ཚོས་ད་བར་དུ་ངེད་གཉིས་ཀྱིས་ལས་ཀ་ཅི་བཅོལ་ཡང་ཁ་མ་ཉན་པ་གཅིག་ཀྱང་མེད། དེ་མིན་དེང་སང་གི་བྱིས་པ་འདི་ཚོའི་ཁྲོད་ན་ཕ་མའི་ཁ་ཉན་ནི་དཀོན།

དབང་ལྡན་སློབ་གྲྭ་སོང་ནས་སློབ་སྦྱོང་མི་བྱེད་ན་ཡང་ཨ་ཁུ་མཁྱེན་རབ་ཀྱིས་ད་རུང་སྒོར་མོ་བྱིན་ནས་སློབ་གྲྭ་ཆེན་མོ་ཞིག་ལ་མངགས་འདུག ང་ཚོའི་སྡེ་བ་འདིའི་ནང་ནས་བུ་མོ་ཚོའི་ལས་བཙོག་ཡ། ལྷ་མོས་ཐབ་ལ་མེ་འབུད་བཞིན་དེ་ལྟར་ཟེར།

གཡང་ཁོས་ཅིག་གོ་སོང་བ་བཞིན། འོ་རེད་ངེད་ཚང་གི་བུ་མོ་བདེ་སྐྱིད་འདི་ཡང་སློབ་གྲྭ་ཅིག་མངགས་ན་མི་བཟང་ངམ། དེ་མིན་ངེད་ཚང་ལ་ཡི་གེ་འདོན་ཤེས་མཁན་གཅིག་ཀྱང་མེད།

དེ་ལོས་ཡིན་ཁྱོད་ཀྱིས་རྒྱུན་དུ་བུད་མེད་ཚོས་ཡི་གེ་བཏོན་རུང་ཕན་པ་མེད་ཟེར་ནས་བུ་མོ་ཆེ་བ་གཉིས་ཀྱང་མ་མངགས་པ་རེད། ད་ངེད་ཚང་ལ་ཡི་གེ་ཤེས་མཁན་གཅིག་ཀྱང་ཡོད་ནི་མ་རེད་ ཅེས་གཡང་ཁོ་ལ་ལས་བདའ་བྱས།

ང་ཚོའི་སྡེ་བའི་ནང་ན་སྐྱེས་པ་ཡང་སློབ་གྲྭར་འགྲོ་མཁན་མང་པོ་མེད་ལ་སོང་ན་ཡང་འགྲོ་སོང་མང་པོ་བཏང་ཡང་འགྲོ་ས་མ་རྙེད་པར་ཁྱིམ་ལ་ཡོང་ནས་ལས་ཀ་ལས་དགོས་ཐུག ངེད་ཚང་གི་བུ་མོ་འདི་ཚོ་ཡང་བསྐྱལ་ན་དཀའ་རྒྱུ་རེད་། གཡང་ཁོས་རྒྱུ་མཚན་ཡོད་མདོག་གིས་བཤད།
ཧིན་ང་ཚོའི་སྡེ་བའི་སྐྱེས་པ་འདི་ཚོ་རྒྱུན་དུ་ཕྱི་དྲོ་ཉི་མ་ལྡེ་རྒྱུ་དང་མཚན་ལྷན་དུ་འཚོགས་ནས་དོན་མེད་ཀྱི་འུར་རྒྱབ་ཏེ་ཉིན་གུང་མ་གཏོགས་ཉལ་སའི་ནང་ན་ལངས་ཐུབ་གི་མེད་པས། ནངས་སྔ་དགུང་འཕྱི་བྱས་ནས་ཁྱིམ་ཚང་གི་དོན་ལ་བྲེལ་བ་ཅན་སུ་ཡོད། དེ་ལྟ་བུ་ཕྱི་ལ་སོང་ཡང་ལོས་དཀའ། ལྷ་མོས་རྒྱུ་མཚན་ལས་ལྷག་པའི་རྒྱུ་མཚན་ཞིག་བརྗོད་དུས།

གཡང་ཁོས། ཨ་ཁུ་མཁྱེན་རབ་ཀྱིས་གང་ལྟར་སློབ་གྲྭ་དེ་ན་བཟང་ངན་གཉིས་ཀ་ལོབ་ཀྱི་འདུག་ཟེར། བདེ་སྐྱིད་ང་ཚོའི་སྡེ་བའི་སློབ་ཆུང་ལ་མངགས་ན་ཆོག་ཟེར་ནས། ཕྱི་ཉིན་ཞོགས་པའི་ཉི་རྩེ་ཤར་མ་ཐག་གཡང་ཁོས་བདེ་སྐྱིད་ཁྲིད་ནས་སྡེ་བའི་སློབ་ཆུང་གི་ཕྱོགས་སུ་སོང་། སྡེ་བའི་སློབ་ཆུང་གི་སློབ་མ་ཚོས་རང་རང་གི་སློབ་ཁང་ནང་ན་ཀློག་འདོན་གྱི་དབྱངས་རྟ་སྙན་མོ་གཡང་ལུང་སྡེ་བའི་མཁའ་དབྱིངས་ལ་འཆེད་ཅིང་། སྤྲོ་སྣང་དང་འཛུམ་གྱིས་ཕྱུག་པའི་བྱིས་པ་ཚོས་སློབ་ཕྲུག་གསར་བ་སླེབས་པར་བསུ་མའི་འཛུམ་གྱིས་མིག་གིས་རིག་རིག་བལྟས། གཡང་ཁོས་ཡར་བལྟ་མར་བལྟ་ཞིག་བྱས་ཏེ། ཐད་ཀར་ཉི་འོད་དྲོ་སའི་གྱང་རྩར་ཡོད་པའི་སློབ་མ་བཅོ་ལྔ་ཙམ་དང་དགེ་རྒན་གསར་བུ་དེའི་ཕྱོགས་སུ་བསྐྱོད།

དགེ་རྒན་ལགས། ངེད་ཚང་གི་བུ་མོ་འདི་སློབ་གྲྭར་བསྐྱལ་ཡོང་བ་ཡིན།

དགེ་རྒན་གསར་བུ་དེས་བུ་མོ་ལ་ཅིག་བལྟས་ཏེ། ལོ་དུ་ཡིན་ཟེར།

བདེ་སྐྱིད་ཀྱིས་ཐེ་ཚོམ་མེད་པར་ལོ་བདུན་ཡིན་ཟེར།

དགེ་རྒན་གྱིས་གཡང་ཁོ་ལ་ཅིག་བལྟ་བཞིན། ཁྱོད་ཀྱིས་སང་ལོ་ནས་བཟུང་སློབ་གྲྭར་བསྐྱལ་དགོས་ཟེར།

གཡང་ཁོས་ང་ཚོའི་ཁྱིམ་མཚེས་སྡེ་བས་བྱིས་པ་ལོ་ལྔ་ནས་སློབ་གྲྭར་བསྡུ་བཞིན་ཡོད་མོད་ང་ཚོས་ལོ་བདུན་བུད་ན་ད་རུང་མི་བསྡུ་བ་ཅི་ཡིན་ཟེར།

སྤྱིར་ང་ཚོའི་སྡེ་བའི་བྱིས་པ་སློབ་གྲྭར་བསྐྱལ་བ་བཟང་རྒྱུ་མེད་ལ་ལྷག་པར་བྱིས་པ་བུ་མོ་དེ་ལས་ཀྱང་བཟང་རྒྱུ་མེད། འོན་ཀྱང ང་ཚོ་ལ་དགེ་རྒན་དང་སློབ་ཁང་གི་ཆ་རྐྱེན་མི་འཛོམས་པའི་དབང་གིས། གནས་སྐབས་སུ་དེ་ལྟར་སློབ་གྲྭས་ཐག་བཅད་པ་རེད་ཟེར།

གཡང་ཁོའི་ངོ་ལ་སོམ་ཉིའི་མདངས་ཟིག་ཤར་བཞིན། སེམས་ལ་དོན་ངོ་མས་དགེ་རྒན་འདི་ཚོས་བྱིས་པ་བདག་གཉེར་ལ་སུན་ནས་དེ་འདྲའི་སྒྲིག་ལམ་ཟིག་བཟོས་པ་ཡིན་ནམ། ངོ་མས་འདུག་ས་དང་དགེ་རྒན་གྱི་ཆ་རྐྱེན་གྱིས་མ་འདངས་པ་ཡིན་ནམ་སྙམ་བཞིན། བུ་མོ་ཁྲིད་ནས་ཕྱིར་ལོག

ཕྱི་ལོར་བུ་མོ་ལོ་བརྒྱད་ལ་འབུད་པར་སྒུག་ནས་བུ་མོར་སློབ་གྲྭར་བསྐྱལ། ལོ་དེར་མཚོན་ན་གཡང་ཁོ་ཚང་གི་དོན་འགྲུབ་པའི་ཉིན་མོ་ཞིག་སྟེ། གཅིག་ནས་བུ་མོ་བདེ་སྐྱིད་སློབ་གྲྭར་བསྐྱལ་བ་དང་། གཉིས་ནས་བུ་མོ་མཚོ་མོར་མག་པ་བླངས་ནས་གཉེན་སྟོན་ལེགས་པར་གྲུབ་ཅིང་། བག་པ་ཡང་བུ་མོ་བཞིན་ཕ་མ་དང་རྒན་རྒོན་ལ་བརྩི་བཀུར་ཆེ་ཞིང་ལས་ཀར་བརྩོན་པའི་ཡ་རབས་གཞུང་དྲང་ཞིག་ཡིན་པས། ཁོ་ཡར་མར་དུ་ཚོང་ལས་ཙག་ཙིག་ཀྱང་གཉེར་དུ་འགྲོ་མི་དགོས་པར་གཅེས་ཕྲུག་བདེ་སྐྱིད་སློབ་གྲྭར་ཕར་སྐྱེལ་ཚུར་ལེན་ཙམ་དང་ནངས་མོར་མཆོད་པ་མཆོད་བཤམས་དང་ཁ་ཏོན་དགེ་སྦྱོར་ལ་བརྩོན་ནས་བསྡད་ཆོག་པས། མག་པ་ཞིག་ལ་བརྟེན་དགོས་པའི་སེམས་ཁུར་དེ་ཡང་སྤྲིན་དྭངས་པ་བཞིན་རིམ་གྱིས་ཡལ། གཅེས་ཕྲུག་མ་བདེ་སྐྱིད་སློབ་གྲྭར་སོང་ནས་ལོ་གཅིག་དང་ཕྱེད་འགོར་ན་ཡང་གསལ་བྱེད་སུམ་ཅུ་འདོན་ཡང་མི་ཤེས་ཀྱང་། གཡང་ཁོས་གཅེས་ཕྲུག་མའི་ཅི་འདོད་བཞིན་ཁྱིམ་ནས་རང་སྦྱོང་ལ་མི་བསྐུལ་བར་བུ་མོའི་འདོད་པ་ལྟར་བསྟུན་ནས་བཞག རིམ་བཞིན་ལོ་གཉིས་དང་གསུམ་འགོར་ཡང་། བུ་མོ་སྔར་བཞིན་སློབ་སྤྱོང་ལ་བཟང་རྒྱུ་མེད་ལ། དགེ་རྒན་དཔལ་མགོན་གྱིས་གཡང་ཁོ་སློབ་གྲྭར་བོས་ནས་བུ་མོའི་སློབ་སྦྱོང་ཐད་ཁྱིམ་བདག་གིས་ཀྱང་སློབ་གསོ་དང་སྐུལ་འདེད་མ་བྱས་ན། སྦྱངས་འབྲས་བཟང་བོ་ལོན་པར་དཀའ་ཚུལ་བཤད་ཀྱང་། དགེ་རྒན་གྱི་མདུན་ནས་ཡ་ཡ་ཟེར་བཞིན། ཁྱིམ་ལ་ཐོན་ན་བུ་མོ་ལ་བལྟས་ནས་བུ་མོ་ཞིག་གིས་ཡི་གེ་ཤེས་ཀྱང་རྒྱལ་ཁབ་ཀྱི་ལས་བྱེད་ནི་བཅའ་དཀའ། དེ་མིན་རྗེས་མ་བུ་མོ་གནས་ལ་སོང་ན་གནས་ཚང་གིས་ཀྱང་ཡི་གེ་འདོན་ནས་འཇོག་མི་སྲིད་པས་ད་འདི་ལ་སྡུག་ཡོང་ནས་ཅི་བྱེད་ཟེར་ནས་བཏང་སྙོམས་སུ་བཞག བུ་མོས་ཀྱང་འཛིན་རིམ་བགྲོད་ཙམ་ལས་སློབ་གྲོགས་རྣམས་ཀྱི་རྗེས་ཆོད་ཀྱིན་མེད་པས། སྐད་རྩིས་རྒྱ་ཡིག་གི་དགེ་རྒན་ཚོའི་ཟུར་ནས་ཁ་ལོག་དང་ཚིག་ལོག་མང་ཙམ་དང་། གཅར་རྡུང་ཡང་རེག་བཞིན་ཡོད་སྟབས། བུ་མོའི་སློབ་གྲྭ་ལ་འགྲོ་འདོད་ཀྱི་ཞེན་པའང་རིམ་གྱིས་འགགས་ནས་ཕ་རྒན་ལ་སློབ་བཤོལ་གྱི་རེ་བ་ཞུ་ཐེངས་མང་དུ་གྱུར། དེ་ཚེ་ཨ་ནེ་ལྷ་མོས་ངེད་ཚང་ལ་ཡི་གེ་འདོན་མཁན་བདེ་སྐྱིད་ཁོ་ན་ཡིན་པས། འདིས་ཀྱང་ཡི་གེ་ཡག་པོ་ཞིག་མ་བཏོན་ན་ངེད་ཚང་བཟའ་ཚང་གང་བོ་ཡིག་རྨོངས་ཡིན་པས་ཁྱིམ་མཚེས་རྣམས་ལ་ཡང་ངོ་རེ་ཚ་ཟེར་ནས། བུ་མོ་ལ་སྙིང་སྟོབས་སློང་བཞིན་བཙན་གྱིས་སློབ་གྲྭར་དེད། དེ་ལྟར་བཙན་གྱིས་དེད་ཡང་མཐར་སློབ་ཆུང་ཡང་མཐར་མ་ཕྱིན་པར་བདེ་སྐྱིད་ཁྱིམ་དུ་ལོག བདེ་སྐྱིད་ཁྱིམ་དུ་ལོག་ཀྱང་བུ་མོ་ཆེ་བ་གཉིས་དང་མི་འདྲ་བ་ནི་ལས་ཀར་ཅི་ཡང་མེད་པར་ན་མཉམ་གྱི་བྱིས་པ་ཚོ་དང་ལྷན་དུ་རྩེ་མོ་རྩེད་རྒྱུ་ཁོ་ནའོ།

དེ་ལྟར་རིམ་བཞིན་བདེ་སྐྱིད་ཀྱི་ལང་ཚོ་དབྱར་གྱི་མེ་ཏོག་བཞིན་འཛུམ་གྱིས་ཁེངས་ཤིང་། དཔྱིད་ཀྱི་དཔལ་མོ་བཞིན་རེ་བས་ཁེངས་དུས། གཡང་ཁོས་སྔར་བཞིན་གཅེས་ཕྲུག་ཟེར་ནས་ཞིང་ལས་དང་ཕྱུགས་ལས་ཅི་ཡང་བྱེད་དུ་མི་འཇུག་པར་མ་ཟད་གང་དགོས་གང་མཁོ་ཉོས་ཏེ་སྟེར་ཡང་། བདེ་སྐྱིད་ཀྱི་སྣང་བ་ཞིག་ལ་རང་ཉིད་ཀྱི་འཚོ་བར་ཅིག་ཆད་སོང་བས་ཚོར་བས་རྒྱུན་དུ་གཙེས་ཤིང་། ལྷག་པར་ཆུང་དུས་ཀྱི་སློབ་གྲོགས་འགའ་རྒྱུན་པར་སློབ་འབྲིང་ལ་འགྲོ་བཞིན་པ་མཐོང་དུས། སློབ་གྲྭའི་འཚོ་བ་ལ་ཡིད་སྨོན་ཤོར་ཞིང་མཚན་རྨི་ལམ་དུ་ཡང་སློབ་གྲྭ་ན་སློབ་ཁྲིད་ཉན་པ་དང་སློབ་སྦྱོང་བྱེད་པ་རྨིས། དེར་བརྟེན་མོས་རྒྱུན་དུ་ཁྱིམ་འཚེས་ཚང་གི་བུ་མོ་བཟང་མོ་སློབ་གྲྭའི་ངལ་གསོ་ལ་ཁྱིམ་ལ་ཐོན་དུས་དེའི་སར་འགྲོ་བ་དང་། མོས་རང་གི་རེ་སྨོན་ཕ་མ་གཉིས་ལ་ཡང་ཐེངས་འགར་བཤད་ཀྱང་། གཡང་ཁོས། བུ་མོ་གནས་ལ་འགྲོ་རན་དུས་སློབ་གྲྭར་འགྲོ་རྒྱུར་ཟེར་བ་ཅི་ཡིན། དེས་གནས་ལ་སོང་ན་གོ་ཅི་ཆོད་ཟེར་ནས་ཁ་ཡ་མི་བྱེད་པར་མ་ཟད། གཤེ་གཤེ་སྔར་བཏང་མ་མྱོང་བ་ཟིག་བཏང་ནས། ཁ་མི་གྲགས་པར་ངོ་གནག་ནས་བསྡད། བདེ་སྐྱིད་ཀྱིས་ཀྱང་ངས་ཡི་གེ་སྦྱངས་མ་ཐུབ་ན་གནས་ལའང་མི་འགྲོ་ཟེར་བཞིན་ངུས་ནས་དགུང་ཟས་ཀྱང་མ་ཟས་པར་ཉལ། ཕྱི་ཉིན་གཡང་ཁོ་རྫོང་ཐོག་ལ་སོང་ནས་ཁྱིམ་ཚང་ལ་མཁོ་བའི་དངོས་པོ་ཙག་ཙིག་མག་པ་ཚེ་རིང་གི་པང་དུ་ལོན་མི་ལོན་ཟིག་ཉོས་ཡོང་ཤིང་། རུམ་ནས་ལག་འདོགས་དུས་ཚོད་ཟིག་བླངས་ནས། བདེ་སྐྱིད་ཀྱི་ཟུར་ནས་དེ་རིང་ཁྱོད་ཚོ་ལ་ཅང་ཉོ་མ་ཐུབ་ཐལ་ཡིན་ནའང་ངའི་བུ་མོར་དུས་ཚོད་ཟིག་ཉོས་ཡོད། བདེ་སྐྱིད་ ཁྱོད་ཀྱིས་ཅིག་ལྟོས་ར་ཨེ་ཡག་གི ཡིན་ནའང་བདེ་སྐྱིད་ཀྱིས་ཁ་མི་གྲགས་པར་མགོ་སྒུར་ནས་བསྡད། ཡ་ཡ་ངའི་བུ་མོ་ད་རུང་སྤོ་ལངས་ཡོད་ཁ། འདི་ཁྱོད་ཀྱིས་ཡིན་ ཁ་སང་ཁྱོད་བསམ་ནས་ཨ་ཕས་དེ་ལྟར་བཤད་པ་མ་གཏོགས་ངས་བུ་མོ་ལ་དེ་ལྟར་འཛིང་ཆེ་ཕོད། འདི་ཨ་ཅེ་གཉིས་ལ་རིག་ཏུ་མ་འཇུག་ཟེར་ནས་བདེ་སྐྱིད་ཀྱི་ལག་ཏུ་བཞག དེ་དུས་བདེ་སྐྱིད་ཀྱིས་ཀྱང་མགོ་བོ་དགྱེས་ནས་ལག་ཏུ་བཟུང་། མཚོ་མོ་དང་དཔལ་མོ་གཉིས་ཀྱིས་ཀྱང་ཕན་ཚུན་གྱི་ངོ་ལ་ཅིག་ལྟོས་ནས་དགོད་བཞིན་མ་གོ་ཁུལ་གྱིས་ཨ་ཕས་ཉོས་ཡོང་པའི་ཅ་ལག་རྣམས་ཡར་འཇོག་མར་འཇོག་བྱས། ཉིན་ཞིག་བཟང་མོ་ཐོན་ཡོང་ནས་ བདེ་སྐྱིད་དེ་རིང་ངེད་ཚང་ལ་ངའི་དགེ་རྒན་ཟིག་ཀྱང་ཐོན་ཡོད་པས། ངེད་གཉིས་ངེད་ཚང་འགྲོ་ཟེར་ནས་སོང་། ཁོ་མོ་ཚང་གི་འགྲུལ་བ་ནི་རྫོང་སློབ་འབྲིང་ལ་ཟླ་འགའི་རིང་ལ་ཟབ་སྦྱོང་དགེ་རྒན་ལ་ཡོང་བའི་བུད་མེད་ཞིབ་འཇུག་སློབ་མ་ཞིག་ཡིན་ལ། བཟང་མོས་དགེ་རྒན་ལ་མོ་ངེད་ཚང་གི་ཁྱིམ་མཚེས་ཚང་གི་བུ་མོ་ ངའི་ཆུང་དུས་ཀྱི་རྩེད་རོགས་དང་ད་བར་གྱི་གྲོགས་མོ་ཡིན། མོ་ཆུང་དུས་སློབ་ཆུང་ལ་སོང་ཡང་མཐར་ཕྱིན་རེག་བར་དུ་འགྲོ་མ་ཐུབ་པས།ད་ལྟ་ཤིན་ཏུ་འགྱོད་པ་སྐྱེ་བཞིན་ཡོད་ཟེར་ནས་ཕན་ཚུན་ངོ་སྤྲོད་བྱས་ཏེ། ཁོ་གཉིས་ཀྱིས་དགེ་རྒན་ཁྲིད་ནས་ཁོ་ཚོ་བདེ་བའི་ནགས་འདབས་དང་ཆུ་འགྲམ་སོགས་ལ་ཁྲིད་ནས་ཁོ་ཚོ་བདེ་བའི་ཆགས་དབྱིབས་དང་ཡུལ་ལྗོངས་ལ་ལྟད་མོ་བལྟ་རུ་ཁྲིད། དགེ་རྒན་ཡང་ཧ་ལས་པའི་དགའ་ཚོར་དང་བཅས་ཡིད་ཚིམ་པའི་ངང་ཁོ་ཚོར་ཕྱིར་བཟང་མོ་ཚང་ལ་ལོག་ནས། བདེ་སྐྱིད་ཉན་རྒྱུར་དགའ་བའི་སློབ་གྲྭའི་འཚོ་བ་གླེང་། སྐབས་དེར་དགེ་རྒན་གྱིས། ང་ཚོའི་བུ་མོ་ཚོས་གནས་ལ་སོང་ནས་ཁྱིམ་ལས་ཙག་ཙིག་ཙམ་མ་གཏོགས། ཆུང་དུས་ནས་སློབ་གྲྭར་སོང་ནས་རྗེས་མར་གཞན་ལ་མི་རེ་བར་རང་སྟོབས་ཀྱིས་འཚོ་བར་འགན་ཁུར་ཐུབ་པ་དང་། སྐྱེས་པ་ཚོ་དང་འདྲ་བར་བྱ་བ་ཆེན་པོ་གཉེར་མཁན་ཧ་ཅང་ཉུང་། ལྷག་ཏུ་བུད་མེད་ཀྱི་ཐོབ་ཐང་ཤེས་རིག་སྙིང་སྟོབས་ཀྱིས་རྩོད་དགོས་པ་ལས་གོན་རྒྱུ་ཞིག་དང་རྒྱན་ཆ་ཙམ་གྱིས་རྩོད་པ་ནི་ཤིན་ཏུ་ཐབས་རྡུག་རེད། ང་ཚོའི་འདུན་ལམ་ང་ཚོས་མ་བསྐྲུན་ན་གཞན་སུས་ཀྱང་སྟེར་མི་བཏུབ་པས། བུད་མེད་ཚོ་ཆུང་དུས་གནས་ལ་འགྲོ་རྒྱུར་མི་རྔམས་པར་ངེས་པར་དུ་སློབ་གྲྭར་འགྲོ་དགོས་ཟེར་ནས་ཁ་བརྡ་མང་པོ་ཟིག་བྱས་པས། བདེ་སྐྱིད་ལ་གསལ་མི་གསལ་བའི་ལམ་སྣེ་ཞིག་ན་བསམ་གཞིགས་གི་རྦ་རླབས་དགུང་ལ་འཕྱུར། མོས་དགེ་རྒན་ལ་འོ་ན་ང་ལྟ་བུའི་བུ་མོ་ཟིག་གིས་སློབ་སྦྱོང་བྱེད་དགོས་ན་ཐབས་ཨེ་ཡོད། ཟེར་བས།དགེ་རྒན་གྱིས་ཐབས་ལོས་ཡོད། ད་བར་ཟི་ལིང་དང་ཁྲིན་ཏུ་ ལྷ་ས་སོགས་གང་ན་ཡང་། བོད་རིགས་གཞོན་སྐྱེས་སློབ་ཤོར་དག་ལ་དམིགས་ནས་སློབ་གྲྭ་མང་བོ་བཙུགས་ཡོད་པས་དེ་དག་ལ་སོང་ན་ཁྱོད་ཚོ་བསྡུ་བ་རེད་ཟེར་བས། བདེ་སྐྱིད་ཀྱི་སེམས་ལ་སྔར་མེད་ཀྱི་སྤྲོ་བ་རྒྱས་ཞིག་རྒྱས་ནས་བསྡད།

ཉིན་ཞིག་ཨ་ནེས་ལྷ་མོས་བདེ་སྐྱིད་ལ་བུ་མོ་ཟིག་གནས་ལ་མི་འགྲོ་བར་སློབ་གྲྭར་སོང་ནས་ཅི་བྱེད་ཟེར་ནས་འཇམ་རྩུབ་ཀྱི་ཁ་བརྡ་ཅི་བྱས་ཀྱང་མགོ་སྒུར་ནས་ཅི་ཡང་མི་ཟེར་མོད། ནུབ་མོར་དེར་མོས་གནས་ལ་འགྲོ་རྒྱུར་བསམ་བློ་གཏོང་ཙམ་ཡང་མི་བྱེད་པར་སློབ་གྲྭར་ཇི་ལྟར་འགྲོ་རྒྱུར་བསམ་གཞིགས་གཏོང་བཞིན། ད་ཡང་བསྐྱར་ཨ་ཕ་ལ་ཞུ་བ་བྱེད་མི་ཉན་གལ་ཏེ་ཞུས་ཀྱང་རེ་བ་མེད་པས།འགྲོ་བྱེད་ཀྱི་སྒོར་མོ་ཅི་བྱེད་བསམ་ནས་མཚན་གང་ལ་བསམ་བློ་བཏང་ཡང་ཐབས་ཡག་པོ་ཞིག་མ་རྙེད། ཉིན་ཞིག་ཁྱིམ་མཚེས་མཆོད་རྟེན་ཡོང་ནས་གཡང་ཁོ་ལ། གྲོགས་པོ་དགའ་བོ་ད་ཐེངས་ངོ་མས་བཀའ་དྲིན་ཆེ། ངེད་ཚང་གི་འཕྲུལ་རྟ་ཉོ་སྤྱད་ལ་བསྐྱིས་པའི་སྒོར་མོ་སྟོང་བདུན་པོ་ངས་ཁྱེར་ཡོང་ཡོད། ད་ངོ་མ་བཀའ་དྲིན་ཆེ།ཟེར་ནས་སྒོར་བདུན་སྟོང་བརྩིས་ནས་གཡང་ཁོ་ལ་སྤྲད། གཡང་ཁོས་ལག་ཏུ་ལེན་བཞིན་ད་རུང་ཁྱོད་ཚང་ལ་མཁོ་ན་བཟུང་བསྡད་ན་ཆོག་ཟེར། མཆོད་རྟེན་གྱིས་ཁ་སང་ངེད་ཚང་གི་དབྱར་རྩ་ཡང་བཙོང་ཟིན་པས། ད་མི་དགོས་བཀའ་དྲིན་ཆེ་ཟེར། དེ་ནས་གཡང་ཁོས་ལྷ་མོ་ལ་བལྟ་ཞོར། འདི་ཁྱོད་ཀྱིས་བདག་བྱོས་གནས་སྐབས་ང་ཚོ་དགོན་པའི་ནང་ན་ཆོས་ཚོགས་ཡོད་པས་བསྐོར་བ་བྱེད་དུ་འགྲོ། དངུལ་བྱང་སྟེང་ལ་འཇོག་ཐུབ་ཀྱི་མ་རེད། ཟེར་ནས་ལྷ་མོ་ལ་སྤྲད། ལྷ་མོས་ལག་ཏུ་བཟུང་ནས་མོ་རང་ཉལ་སའི་ཁང་བའི་ཐེམ་སྒམ་ཞིག་གི་ནང་བཞག དེ་དུས་བདེ་སྐྱིད་ཀྱིས་ཨ་ཕ་དང་མཆོད་རྟེན་གཉིས་ལ་ཇ་ལྡུག་བཞིན་ཁ་བརྡ་ལ་ཉན་ཙམ་བྱས་ནས་ཕྱིར་ཇ་ཁང་ནང་དུ་སོང་། ཕྱི་ཉིན་སྔ་མོ་ནས་གཡང་ཁོ་དང་ལྷ་མོ་གཉིས་དགོན་པའི་ནང་དུ་མཆོད་འཇལ་དུ་ཆས་ཏེ། གཡང་ཁོས་ མཚོ་མོ་དང་མག་པ་གཉིས་ལ་ངེད་གཉིས་དགོན་པའི་ཆོས་ཚོགས་མཇུག་གྲོལ་རག་བར་དུ་ཉིན་གསུམ་ལ་བསྐོར་བ་བྱས་ནས་འདུག་ནི་ཡིན། དེའི་བར་དུ་ཁྱོད་གཉིས་ཀྱིས་ཁྱིམ་ནས་ཤུ་རེ་བྱེད་དགོས། བདེ་སྐྱིད་ བདེ་སྐྱིད་ ཁྱོད་དགོན་པའི་ནང་དུ་འགྲོ་ནི་ཨེ་ཡིན་འགྲོ་ན་ཨ་མ་དང་ངེད་གཉིས་མཉམ་དུ་འགྲོ་ཟེར་ཡང་། བདེ་སྐྱིད་ཀྱིས་ཁ་མ་གྲགས་པས། གཡང་ཁོས་ད་ངེད་གཉིས་འགྲོ་ བུ་མོ་གན་ད་རུང་གཉིད་བསྡད་ཡོད་འདུག མོ་ཡོང་ན་རྗེས་ནས་ཡོང་ཆོག་ཟེར་ནས་ལམ་ལ་བུད། མཚོ་མོ་དང་མག་པ་གཉིས་ཀྱིས་ཀྱང་ཕ་མ་གཉིས་སྒོར་བསྐྱལ་ནས་ནངས་ཇ་འཐུང་དུས། ལྷ་མོ་ཡང་ཡོང་ནས་ཇ་འཐུང་ཙམ་བྱས་ཏེ། ཨ་ཕ་དང་ཨ་མ་གང་ལ་བུད་སོང་ཟེར་ནས། ཨ་ཅེ་ལ་དྲིས་ མཚོ་མོས་དགོན་པའི་ནང་དུ་མཆོད་མཇལ་ལ་བུད་སོང་། ཨ་ཕས་ཁྱོད་ཡོང་ན་ཤོག་ཟེར། བདེ་སྐྱིད་ཀྱིས་འོ་ན་ ང་རང་ཡང་མཆོད་མཇལ་ལ་འགྲོ་རྒྱུ་ཡིན་ཟེར་ནས་ལམ་ལ་ཆས་ནས་སོང་།

ཉིན་གསུམ་གྱི་རྗེས་ནས་ཨ་ཁུ་གཡང་ཁོ་དང་ཨ་ནེ་ལྷ་མོ་ཕྱིར་ཐོན་ཡང་། བདེ་སྐྱིད་རིག་རྒྱུ་མེད་པས་མག་པ་ཚེ་རིང་གིས་ཨ་ཕ་བདེ་སྐྱིད་གང་ལ་བུད་སོང་། ཟེར་དུས། གཡང་ཁོས་ཁྱོས་ཅི་ཟེར། བདེ་སྐྱིད་ཁྱིམ་ན་བསྡད་ཡོད་པ་མ་ཡིན་ནམ་ཟེར། དེ་དུས་མཚོ་མོ་ཡོང་ནས། ཨ་ཕ་བདེ་སྐྱིད་ཀྱང་ཁྱོད་གཉིས་ཀྱི་རྗེས་ནས་དགོན་པའི་ནང་ལ་མཆོད་མཇལ་ལ་བུད་སོང་ཡ། ཨ་ཨ་འོ་ན་ངའི་བུ་མོ་འདི་གང་ལ་བུད་སོང་ངམ། གཡང་ཁོའི་སྐད་འདར་བཞིན་དེ་ལྟར་ངག་ལས་ཤོར། ཨ་ནེ་ལྷ་མོས། ཉིན་གསུམ་ལ་ཁྱིམ་ལ་མི་ཡོང་བར་གང་ལ་བུད་སོང་ངམ། ཟེར་ནས། དོགས་ཉམས་ཞིག་གིས་མོ་ཉལ་སའི་ཁང་པའི་ནང་ལ་སོང་ནས། སྒོར་མོ། སྒོར་མོ་མེད་གི་ཟེར་བཞིན་ཤོག་ལྷེ་ཟིག་བཟུང་ནས་ཕྱིར་ཐོན་བྱུང་།

གཡང་ཁོས་ཤོག་ལྷེ་དེ་བཟུང་ནས་བལྟས་དུས་ཡི་གེ་འགའ་ཡོད་ཀྱང་། ཅི་ལྟར་བལྟས་ཀྱང་འདོན་མ་ཤེས་པས། ཁོས་ཁྱིམ་མི་རྣམས་ཀྱི་ངོ་ལ་ཡར་བལྟ་མར་བལྟ་ཞིག་བྱས་ནས་རེ་ཐག་ཆད་པའི་ཉམས་ཀྱིས། མག་པ་ཚེ་རིང་ལ་ཨ་ཁུ་མཁྱེན་རབ་བོས་ཤོག་ཟེར། ཚེ་རིང་གིས་གོ་མ་ཐག་མདའ་འཕངས་བ་བཞིན་སྔགས་པ་མཁྱེན་རབ་ཚང་གི་ཕྱོགས་ལ་རྒྱུག ཅང་མ་འགོར་བར་སྔགས་པ་མཁྱེན་རབ་ཚེ་རིང་དང་འགྲོགས་ནས་ཐོན། གཡང་ཁོས་ཀྱིས་ཅི་ཡང་མི་སྨྲ་བར་ཤོག་ལྷེ་དེ་མཁྱེན་རབ་ལ་སྤྲད། མཁྱེན་རབ་གྱིས་ཤོག་ལྷེ་ངོ་ལ་ཅིག་ལྟོས་ནས་ཁྱོད་ཚང་གི་བུ་མོ་ས་ཆ་ཐག་རིང་ཟིག་ལ་སློབ་གྲྭར་བུད་སོང་ཟིག་ཡ། ཟེར་དུས། གཡང་ཁོས་ངའི་བུ་མོ་རྫོང་ཐོག་མན་ཆད་ལ་སོང་མ་མྱོང་བས། ད་གང་ཟིག་ལ་བུད་སོང་ངམ་ཟེར་ནས། ཀུན་གྱི་གདོང་ལ་བལྟ་བཞིན་རང་རང་ས་ནས་ངོ་གནག་ནས་བསྡད། སྐབས་དེར་མུན་པ་ཡང་རུབ་པས་མཚན་མོར་དེར་ཨ་ཁུ་གཡང་ཁོ་ཚང་ནི་འཇམ་ཐིང་ཐིང་གི་ལྷིང་འཇགས་ཞིག་ཏུ་གྱུར། གཏམ་རྒྱུད་མཚམས་དེར་སླེབས་དུས་ཨ་ཁུ་གཡང་ཁོས་འདུ་ཁང་མཐའ་ན་མ་ནི་འཁོར་ལོ་བསྐོར་བཞིན་རང་གི་ལག་འགོའི་དུས་ཚོད་ལ་ཅིག་བལྟས་སྟེ་རྔམ་པ་འཐེན་ཞོར་དུ། མིག་ཀོང་དུ་འཁྱིལ་བའི་མཆི་མ་འཕྱི་བཞིན་སྐོར་ལམ་གྱི་འགྲམ་དུ་བུད།

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།