ད་ལྟ་གཟིགས་བཞིན་པ། > མདུན་ངོས། > རྩོམ་རིག > སྒྲུང་གཏམ།

སེམས་ཁྲལ།

སྤེལ་དུས། 2015-11-26 15:09:29   ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། དབང་རྒྱལ་ཚེ་རིང་།

བྱ་གཞུང་སྐལ་ལོ།

གླང་ཆེན་རྫ་འདབས་ནི་ས་ཁོབས་དེ་འདྲའི་རྒྱ་ཆེ་བ་ཞིག་མིན་ཡང་། སྔོན་ཆད་རྩྭ་ཆུ་འཛོམས་ཤིང་ས་བབ་དྲོ་ལ། ཧ་ཅང་མཛེས་ཤིང་སྡུག་པའི་ས་ཆ་ཡིད་དུ་འོང་བ་ཞིག་ཡིན། དེ་དུས་མཚོ་སྔོན་པོའི་ཉེ་འགྲམ་དུ་རྟ་མང་ཚོ་བར་འབོད་པའི་རུ་སྡེ་ཆུང་ཆུང་ཞིག་ཡོད་པ་དེ་གླང་ཆེན་རྫ་འདབས་སུ་རུ་སྤར་ནས་ཕྱུགས་ལས་ཀྱི་འཚོ་བ་མི་རབས་ནས་མི་རབས་སུ་མཐུད་དེ་གནས་འདིར་འཚོ་བ་རོལ་མྱོང་། གོ་ཐོས་སུ་ཨ་ཁུ་ནོར་བྷ་ཡང་རྟ་མང་ཚོ་བའམ་རུ་སྡེ་འདིའི་མི་རབས་ཕྱི་མར་གཏོགས་ཟེར། གལ་ཏེ་ང་ཚོས་ཨ་ཁུ་ནོར་བྷ་ལ་ཁོའི་མེས་པོ་ཚོའི་གཏམ་རྒྱུད་གླེང་དགོས་ཀྱི་རེ་བ་བཏོན་ཚེ། ཁོང་ལའང་ཕ་རོལ་པའི་སེམས་ལ་འཇོག་ཐུབ་པའི་གནའ་གཏམ་ཆ་ཚང་བ་ཞིག་བཤད་རྒྱུ་མེད། ཡིན་ཡང་ཕྱིར་དྲན་གྱི་བློ་ཁ་འདས་དོན་ལ་ཕྱོགས་ནས་བསམ་གཞིགས་ཙམ་བྱས་ན་ཁོའི་སེམས་སུའང་རྟ་མང་ཚོ་བ་ནི་ཚོ་བ་གཞན་དག་དང་འདྲ་བར་ལྷ་སྒྲུང་ལྟ་བུའི་གཏམ་རྒྱུད་རྫོགས་མེད་ཅིག་བཤད་རྒྱུ་ཡོད་པར་ཁོས་ནམ་ཡང་ཡིད་ཆེས་བྱེད་ཀྱིན་ཡོད།

ད་ནངས་སྔ་མོ་ཁོས་སློག་པ་གཡང་ཤམ་བྱས་ནས་མལ་ལས་ལངས་པ་དང་སྒོ་ཕྱེས་མ་ཐག་གནམ་ངོ་ཡོངས་སུ་རུབ་ནས་ཁ་ཆར་བུ་ཡུག་སྐྱ་འཐབ་པའི་གནམ་གཤིས་ཞེ་སྡུག་པ་དེ་མཐོང་བས། དར་ཅིག་ལ་ཁོ་སྒོར་སོང་ནས་གཅིན་ཡང་གཏོང་མ་ཕོད་པར་ཕྱིར་མལ་སའི་ནང་ལོག་སྟེ་ཚིལ་སྟུག་ཏུ་གྱུར་བའི་སློག་པ་དེས་ཡང་བསྐྱར་ལུས་ཡོངས་དམ་ཏུ་གཅུད་ནས་ཉལ་དགོས་བྱུང་།

བསྡད་ཀྱིན་བསྡད་ཀྱིན་འཁྱགས་རླུང་གི་རྒྱུ་བ་རྩུབ་མོས་ཨ་ཁུ་ནོར་བྷ་ཚང་གི་ཁང་བའི་གྱང་སྲུབས་དང་སྒོ་སྲུབས་སོགས་གས་སྲུབས་མང་པོ་ཡོད་པའི་ཧྲག་བར་གང་རུང་ནས་འཇབ་རྒོལ་བྱས་པས། ཡུན་གྱིས་ཁོའི་སློག་པའི་དྲོད་ཁོལ་བརྟོལ་ཅིང་དེ་ནས་ཐད་ཀར་ལུས་ཀྱི་ཤ་དྲོད་ལ་གཙེས་པས། ཁོའང་འུ་ཐུག་སྟེ་སླར་ཡང་མལ་ལས་ལངས་ཤིང་བཀུམ་བཙོག་ཏུ་བསྡད་པ་དང་། ཡང་བསྐྱར་རང་གི་རྐང་བ་དང་པུས་མོ་རྣམས་སློག་པས་གཅུད་གང་ཐུབ་བྱས།

དེ་ནས་འཁྱགས་རླུང་གི་རྒྱུ་བ་སྔར་ལས་ཇེ་དྲག་ནས་ཇེ་རྩུབ་ཏུ་སོང་བ་དང་བསྟུན་ཁོ་སྔར་མལ་ནས་མུ་མཐུད་དུ་འདུག་མ་བཟོད་པར་འགྱོགས་མྱུར་ངང་སློག་པར་སྐ་རགས་འཆངས་ཤིང་། དེ་ནས་ཡང་བསྐྱར་ནང་སྒོ་དལ་མོར་ཕྱེ་ནས་སྒོར་བུད་དེ་ལྷས་འདབས་སུ་བསྐྱིལ་བའི་ནོར་ནག་ཚོའི་ངོ་གདོང་རེ་རེར་ཞིབ་ལྟ་ཐེངས་ཤིག་བྱས། ནོར་ནག་རྣམས་སྔར་བཞིན་མདང་དགོང་གི་མལ་ས་ནས་འགུལ་ཙམ་ཡང་མ་བྱས་པར་རང་རང་གི་ཁ་མལ་ན་ཉལ་འདུག་ཅིང་། ཕར་བལྟས་ཚོད་ཀྱིས་སྨྲ་མི་ཤེས་པའི་དུད་འགྲོ་འདི་དག་གི་སེམས་ཁམས་ཀྱང་ད་ནངས་ཁོའི་སེམས་ཁམས་དང་གཅིག་མཚུངས་ཡིན་པའི་སྣང་བ་ཞིག་བཅོས་མིན་དུ་སྟེར་འོངས། དེ་ཚོས་གྲང་ངར་གྱི་འཇབ་རྒོལ་ཁྲོད་ཁ་སང་གྲོད་པར་གསོག་གང་ཐུབ་བྱས་པའི་རྩྭ་གཟན་ལྷག་རོ་དག་སྐྱུག་ལྡད་བྱེད་བཞིན་དུས་མཉམ་དུ་ཁོའི་ཕྱོགས་སུ་ཅེར་ཡོད་པས། ཁོའང་ཅུང་དོགས་མ་བདེ་བ་ཞིག་ཏུ་བཟོས།

ད་ལོའི་དགུན་དུས་ཀྱི་ནམ་ཟླ་ནི་སྔར་ལོ་དང་མི་མཚུངས་པར་གླང་ཆེན་རྫ་འདབས་སུ་བག་ཡངས་ཀྱིས་འཚོ་བའི་ནོར་གནག་གི་ཁྱུ་ཚོགས་རྣམས་གྲང་ངར་གྱིས་གཅུན་ནས་ཡར་འདེད་མར་འདེད་བྱས་པ་དང་། དེ་སྔ་འབྲོང་གི་རྒྱུད་པར་རློམ་པའི་ཨ་ཁུ་ནོར་བྷ་ཚང་གི་ནོར་གནག་གི་ཤ་ཤེད་ཀྱང་བལྟས་བལྟས་རིག་རིག་ལ་ཉིན་རེ་ནས་ཉིན་རེར་ཇེ་སྡུག་ནས་ཇེ་ཞན་དུ་འགྲོ་བཞིན་ཡོད།

ཨ་ཁུ་ནོར་བྷས་རང་དབང་མེད་པར་ཉིན་འདིའི་གནམ་གཤིས་ལ་ལེ་བདའ་དང་འཁང་ར་བྱས་མོད། སེམས་སུ་འདི་ཡང་གནམ་རྒན་མས་རང་གི་སྔར་བྱས་ཀྱི་ཉེས་པ་རྣམས་གཟིགས་ནས་བསམ་གཟས་ཏེ་སྡིག་སྒྲིབ་འདག་པར་ཆད་པ་གཅོད་ཀྱིན་པ་ཨེ་ཡིན་སྙམ་ནས་ད་ཅི་གནམ་རྒན་མར་དད་ལོག་བྱས་པ་སོགས་དྲན་ནས་ཡང་བསྐྱར་སེམས་ནང་ནས་འགྱོད་བཤགས་ཐེངས་ཤིག་བྱས།

སྐབས་དེར་ཨ་ཁུ་ནོར་བྷའི་ལུས་ཡོངས་འདར་ལྕུག་ལྕུག་བྱེད་པས་ཁོས་ཀྱང་ད་གཟོད་མེ་ཁ་གསོ་རྒྱུ་ཡིད་ལ་དྲན་པ་དང་ཕྱིར་མགྱོགས་མྱུར་ངང་ཁང་བའི་ནང་འཛུལ་དགོས་བྱུང་། ཅུང་མ་འགོར་བར་དུད་ཁུང་ལས་དུ་བ་སྔོ་ལྷོག་ལྷོག་འཕྱུར་ནས་ཁོ་ཚང་གི་ལྷས་འདབས་དང་ནོར་རར་འཁྱིལ་ཙམ་འཁྱིལ་ཙམ་བྱས་མོད། གྲང་རླུང་གི་རྒྱུ་བ་རྩུབ་མོས་དུ་བ་རྣམས་ཅི་ཡིན་འདི་ཡིན་མེད་པར་གནས་གང་ཞིག་ཏུ་ཕར་སྐྲོད་བཏང་བ་བཞིན་སྐད་ཅིག་ཙམ་ལ་གང་དུ་ཡལ་བའང་མ་ཤེས།
ད་ནི་ཕལ་ཆེར་ཉིན་གུང་ཙམ་ཡོལ་ཟིན། སྔར་ཡིན་ན་ཨ་ཁུ་ནོར་བྷ་ཚང་གི་ནོར་གནག་རྣམས་རི་འགོར་བཞུད་ནས་རྩྭ་ཟ་བར་བྲེལ་བཞིན་ཡོད་ཀྱང་། དེ་རིང་དེ་ལས་ལྡོག་སྟེ་ནོར་གནག་རྣམས་རི་མགོར་འགྲོ་བར་སྟ་གོན་ཙམ་ཡང་མི་བྱེད་པར་ནོར་ལྷས་བསྲུང་ནས་འདུག་བཞིན་པར་བལྟས་ན་དེ་ཚོས་ཀྱང་ཨ་ཁུ་ནོར་བྷ་གཅིག་པུ་ཤུལ་དུ་བསྐྱུར་མ་འདོད་པར་ཅུང་ཙམ་འདུག་རོགས་བྱེད་འདོད་པ་དང་ཀུན་ནས་མཚུངས། དྲང་མོར་བཤད་ན་དེ་རིང་གི་གནམ་གཤིས་འདི་ལྟ་བུར་ཁོས་ཀྱང་རང་གི་ནོར་གནག་ཚོའི་ཕོ་བ་ལྟོགས་མིན་ལ་སེམས་ཁུར་བྱེད་ཀྱིན་མེད་པར་རླུང་མགོ་མ་བཞག་ན་ནོར་ནག་རྣམས་ཀྱང་ད་དུང་རི་མགོར་མ་བཞུད་ན་འདོད་ཡོད།

ཡིན་ཡང་། ཅུང་མ་འགོར་བར་ཁོ་ཚང་གི་གཡག་རྒན་ག་ལངས་ཀྱིས་ལྟོགས་མ་བསྲན་པའམ་ཡང་ན་གྲང་ངར་བཟོད་མ་ནུས་པ་གང་ཡིན་ཆ་མ་འཚལ་མོད། དེ་སུག་བཞི་འཁྱར་འཁྱོར་ངང་ནོར་གནག་མང་པོའི་ཁྲོད་ཡར་ལངས་པ་དང་། ཨ་ཁུ་ནོར་བྷས་ཀྱང་སྒོ་སྲུབས་ནས་གཡག་རྒན་ག་ལངས་ཀྱིས་ཅི་ཞིག་བྱེད་མིན་ལ་མིག་གཉིས་འགུལ་ཙམ་ཡང་མི་བྱེད་པར་ཕུར་ཚུགས་སུ་བལྟས་ནས་བསྡད། གཡག་རྒན་ག་ལངས་ད་ལོ་གཅིག་ནས་ཁ་མཐོ་བ་དང་གཉིས་ན་ཤ་ཤེད་ཀྱང་ནོར་གནག་གཞན་པ་ལས་ཤིན་ཏུ་སྡུག་པས། ཨ་ཁུ་ནོར་བྷས་ཀྱང་གཡག་རྒན་ག་ལངས་ཀྱི་འགྲོ་འདུག་ལ་དུས་རྒྱུན་དུ་སེམས་ཁུར་བྱེད་བཞིན་ཡོད། བསམ་ཡུལ་ལས་འདས་པ་ཞིག་ལ་དེ་རིང་གི་གནམ་གཤིས་འདི་འདྲའི་རྩུབ་མོའི་ནང་གཡག་རྒན་ག་ལངས་ནོར་གནག་གཞན་པ་ཚོའི་སྔོན་མ་བྱས་ནས་ཡར་ལངས་པ་དེས་ཨ་ཁུ་ནོར་བྷ་ཅུང་ཧ་ལས་སུ་བཅུག

སྐབས་དེར་གཡག་རྒན་ག་ལངས་ཀྱིས་ཐོག་མར་ལུས་ཡོངས་སྤྲུག་བརྡབ་ཙམ་བྱས་པ་དང་། དེ་ནས་ཨ་ཁུ་ནོར་བྷའི་ཕྱོགས་སུ་འཕོངས་ཤ་སྟོན་བཞིན་གཅིན་ཞིག་བཏང་རྗེས་རྔ་མ་གཡུག་གཡུག་བྱེད་བཞིན་ལམ་ལ་ཆས་མགོ་བརྩམ། དེ་ནས་ནོར་གནག་གཞན་དག་ཀྱང་གཅིག་འཕྲོར་གཅིག་གིས་གཡག་རྒན་ག་ལངས་ཀྱི་རྗེས་འབྲངས་ཤིང་། ཁ་བ་བུ་ཡུག་གདོང་གིས་བསུ་བཞིན་གླང་ཆེན་རྫ་རིའི་སྟག་ལུང་གདོང་ཁ་དམིགས་ནས་བཞུད་སོང་། ཨ་ཁུ་ནོར་བྷ་ཁ་མལ་ནས་འགུལ་ཙམ་ཡང་མི་བྱེད་པར་སྔར་བཞིན་གཡག་རྒན་ག་ལངས་ཀྱིས་སྣེ་ཁྲིད་པའི་ནོར་གནག་རྣམས་མིག་གིས་འཚོ་བཞིན་ཐག་རིང་ལ་བསྐྱལ།

ནངས་མོ་དེར་ནོར་གནག་རྣམས་རི་མགོར་བཞུད་སོང་བ་དང་། ད་ནི་ཤུལ་དུ་ཁོ་གཅིག་པུ་ལས་མ་ལྷག་པས། ཨ་ཁུ་ནོར་བྷ་སྔར་ལས་གྲང་འདར་ཞིག་བརྒྱབ་ཅིང་སྔོན་ཆད་ཡོད་མ་མྱོང་བའི་འདང་རྒྱག་གི་གནས་སུ་ལྷུང་དུ་བཅུག རང་ཉིད་ནི་ཕ་མ་དང་། གཉེན་ཉེ། ཆུང་མ། བུ་ཕྲུག ཐ་ན་གཡག་རྒན་ག་ལངས་སོགས་ཀྱིས་ཀྱང་ཁ་ཡ་མ་བྱས་པར་ས་སྟོང་ཐང་སྟོང་དུ་བསྐྱུར་བའི་བྱིས་པ་ཞིག་དང་འདྲ་བས། སེམས་སུ་དངངས་སྐྲག་དང་སྡུག་བསྔལ་དུས་མཉམ་དུ་སྐྱེས་སུ་བཅུག དེ་ནས་ཁོས་ཐབ་ཁུང་དུ་ཨོང་བ་འགའ་བརྫངས་རྗེས་གྲང་ངར་ལ་མ་འཛེམ་པར་ཁོ་ཚང་གི་ཉེ་སར་ཡོད་པའི་དེའུ་འབུར་ཆུང་ཆུང་དེའི་ཀླད་ལ་བུད་ཅིང་། མིག་གཉིས་ཕྱེ་མ་བཙུམ་གྱིས་གཡག་རྒན་ག་ལངས་སོགས་ནོར་ཁྱུ་རྣམས་བཞུད་སའི་ཁ་ཕྱོགས་དེར་ཡང་ཡང་རྒྱང་ལྟ་བྱས། འོན་ཀྱང་ཁོས་ཇི་ལྟར་བལྟས་ཀྱང་མཐོང་ལམ་དུ་ནག་ཐིག་རེ་གཉིས་འགུལ་ཙམ་འགུལ་ཙམ་བྱེད་པ་ལས་གསལ་བོ་ཞིག་མ་རིག་པས། སེམས་སུ་གཡག་རྒན་ག་ལངས་གཙོ་བྱས་ནོར་གནག་རྣམས་དེ་རིང་ཆར་རླུང་གིས་བདས་ནས་གླང་ཆེན་རྫ་འདབས་སུ་མགོ་འཁོར་ཨེ་འགྲོ་སྙམ་ནས་སེམས་ཁྲལ་བྱས། ཁོས་སྟག་ལུང་གདོང་ཁའི་ཕྱོགས་སུ་ལྟ་བཞིན་བྲེལ་འཚུབ་ངང་ལག་པའི་ནང་གི་ཕྲེང་རྡོག་རེ་རེ་གོ་རིམ་མེད་པའི་ངང་ཡར་འདྲེན་མར་འདྲེན་བྱེད་པ་དང་། གསལ་ལ་མི་གསལ་བའི་ཁ་ཏོན་ཞིག་ངག་ནས་བཟློ་བཞིན་མགོ་བོ་ནང་དུ་སྒུར་ཞོར་འཇིག་ལ་ཉེ་བའི་ཁོ་ཚང་གི་བསང་ཁྲི་ཞིག་རོ་དེར་བསྐོར་བ་ཡང་ཡང་བྱས།

“ཀི་་་་་་་་”ནོར་ཁྱུ་རྣམས་ཡུན་ནས་ཡུན་གྱིས་ཁོ་དང་བར་ཐག་ཇེ་རིང་ནས་ཇེ་རིང་དུ་གྱུར་བ་དང་རེ་ཞིག་ཅི་ཡང་མ་མཐོང་བས་ཨ་ཁུ་ནོར་བྷས་ཤེད་ཤུགས་ཆེན་པོས་སྐད་འབོད་ཐེངས་ཤིག་བྱས། ཁོའི་བསམ་པར་གལ་ཏེ་ཀི་སྒྲ་འདི་ཆར་རླུང་གིས་ཁྱེར་ནས་ཁོའི་ནོར་ཁྱུ་ཡོད་སར་བསྐྱལ་ཐུབ་ཚེ། གཡག་རྒན་ག་ལངས་ཀྱིས་ནོར་ཁྱུ་རྣམས་སྣེ་ཁྲིད་ནས་ཕྱིར་འཁོར་འོང་སྙམ། ཏག་ཏག་སྐབས་འདིར་ཨ་ཁུ་ནོར་བྷས་ཆེས་ཡིད་རྟོན་དང་རེ་ལྟོས་བྱ་སའང་གཡག་རྒན་ག་ལངས་ལས་གཞན་སུ་ཡང་མིན།

“ཀི་་་་་་་་”ཁོའི་མཐོང་ལམ་དུ་སྔར་བཞིན་གཅིག་ཀྱང་མ་སྣང་བས། ཁོས་སྔར་བཞིན་གྲེ་བ་སངས་ནས་སླར་ཡང་ཀི་འབོད་ཐེངས་ཤིག་བྱས། འོན་ཀྱང་། ཀི་འབོད་དེས་ཁོའི་གློ་ལུ་འཕར་ནས་ཅུང་ཙམ་མིན་ན་དབུགས་ཀྱང་འགག་ལ་ཁད་ཅིག་བྱས་པས། ཁོ་ཐང་དུ་བཙོག་ནས་ཅུང་ཙམ་ངལ་གསོ་དགོས་བྱུང་། རྒྱུན་ལྡན་མ་ཡིན་པའི་དེ་རིང་གི་གནམ་གཤིས་དང་། ནོར་ཁྱུ་རྣམས་གར་སོང་ཆ་མེད་དུ་གྱུར་བ། ད་རུང་གློ་ལུ་འཕར་བ་སོགས་རྐྱེན་དུ་མའི་དབང་གིས་ཨ་ཁུ་ནོར་བྷའི་སེམས་སུ་དེ་རིང་ནི་ལྟས་མི་ལེགས་པའམ་བཀྲ་མི་ཤིས་པའི་ཉིན་མོ་ཞིག་རེད་སྙམ་ནས་ཁོ་ལ་རྣམ་རྟོག་དང་ཐེ་ཚོམ་མང་པོ་སྐྱེས་སུ་བཅུག
སྔར་ཡིན་ན་དེའུ་འབུར་འདི་ཨ་ཁུ་ནོར་བྷས་སྐྱབས་གནས་དཀོན་མཆོག་གསུམ་པོ་དང་ཡུལ་ལྷ་གཞི་བདག་ལ་བསང་མཆོད་བྱེད་པ་དང་། སེམས་ཁམས་དྭངས་དུས་ས་ལྟ་ཡུལ་ལྟ་བྱ་སའི་གནས་ཁྱད་པར་བ་ཞིག་ཀྱང་ཡིན་མོད། དེ་རིང་དེའུ་འབུར་འདིའི་གྲང་རླུང་གི་རྒྱུ་བ་རྒོད་ཅིང་། ཁོའི་རྐང་མཐིལ་ནས་ཀྱང་ཙག་བསེར་བུ་རྒྱུག་ནས་ན་ཟུག་བཟོད་བླགས་མེད་པ་དེས་ཨ་ཁུ་ནོར་བྷའི་ཕུ་ཐུང་དུ་ཡིབ་པའི་ལག་ཟུང་གཉིས་ཀྱང་ཁབ་ཁོབ་ཏུ་གྱུར་ནས་ཁོ་རང་བསྲན་མི་ཚུགས་པའི་གནས་སུ་བསྐྱལ།

ཁོས་ཡང་བསྐྱར་མིག་དབང་ཡོད་ཚད་གཅིག་ཏུ་བསྡུས་ནས་ནོར་ཁྱུ་རྣམས་བཞུར་སའི་ཕྱོགས་སུ་ཡང་བསྐྱར་ཐེངས་ཤིག་བལྟས། འོན་ཀྱང་། ད་ནི་མཐོང་ལམ་དུ་མངོན་པའི་ནག་ཐིག་དེ་དག་ཀྱང་གཅིག་ཀྱང་མི་སྣང་བས། ཁོས་གཡག་རྒན་ག་ལངས་ལ་བཅངས་པའི་ཡིད་ཆེས་དང་རེ་བ་ཡང་རིམ་གྱིས་སྟོང་ཟད་དུ་འགྱུར་མགོ་བརྩམ། ཁོའི་སེམས་སུ་གཡག་རྒན་ག་ལངས་ཀྱིས་དེ་རིང་གི་གནམ་གཤིས་འདིའི་གོ་སྐབས་དང་བསྟུན་ནས་ནོར་ཁྱུ་གཞན་དག་གི་སྣེ་ཁྲིད་དེ་ས་ཆ་གཞན་ཞིག་ཏུ་ཁོ་དང་གཏན་བྲལ་བྱས་སོང་སྙམ་ནས་སེམས་སུ་གཡག་རྒན་ག་ལངས་ལ་སྡང་སེམས་ཆེན་པོ་འཛིན་དགོས་བྱུང་།

གཡག་རྒན་ག་ལངས་ནི་ཨ་ཁུ་ནོར་བྷ་ཆུང་དུས་སུ་ཁོའི་རྩེད་གྲོགས་སུ་གྱུར་བའི་བེའུ་སྙིང་རྗེ་བོ་ཞིག་ཡིན་ལ། དེ་བེའུ་ཆུང་ཆུང་ཡིན་དུས་སྟབས་མ་ལེགས་པར་བདག་མེད་དྭ་ཕྲུག་ཏུ་གྱུར་བས། ཨ་ཁུ་ནོར་བྷས་ཀྱང་དེ་རང་གི་བུ་བཞིན་གཅེས་ནས་འོངས་པ་དང་། གཡག་རྒན་ག་ལངས་ཀྱང་ནར་སོན་ནས་དུད་འགྲོ་བསམ་ཤེས་སུ་གྱུར་དུས་ཨ་ཁུ་ནོར་བྷའི་དྲིན་ལན་རྟོགས་སོང་བ་བཞིན་ནངས་མོ་རེ་རེར་ཨ་ཁུ་ནོར་བྷ་མལ་ལས་མ་ལངས་གོང་མཚམས་ནས་ནོར་ཁྱུ་རྣམས་སྣེ་ཁྲིད་དེ་རི་མགོར་འགྲོ་བ་དང་། ས་རུབ་ཚེ་ཡང་ནོར་ཁྱུ་ཚོའི་སྣེ་ཁྲིད་ནས་རང་ཁྱིམ་དུ་ལོག་པ་ཞིག་ཡིན། དེ་དུས་ཨ་ཁུ་ནོར་བྷའི་སེམས་སུའང་གལ་ཏེ་གཡག་རྒན་ག་ལངས་ལ་གཟུགས་སྟོབས་དང་ཤ་ཤེད་ཅི་ལྟར་རྒྱས་རུང་ཁོས་གཏན་ནས་གཞན་ལ་མི་བཙོང་པ་དང་ཐ་ན་རང་གི་བཤའ་ཟོག་ཀྱང་མི་བྱེད་པའི་དམ་བཅའ་བརྟན་པོ་བཞག

ཅུང་ཙམ་འགོར་རྗེས། ཁོ་རེ་ཐག་ཆད་དེ་དེའུ་འབུར་ལས་མར་བབས་ཤིང་ཁང་བའི་ནང་སླེབས་པ་ན། ད་ཅི་ཐབ་ཁུང་དུ་བརྫངས་པའི་ཨོང་བ་རྣམས་ཀྱང་སྔ་མོ་ནས་འབར་ཚར་ཏེ་ད་ནི་མེ་རོ་ཙམ་ཡང་མ་ལྷག་པར་ཐལ་བ་ཐལ་རྐྱང་དུ་གྱུར་འདུག་པས། ཁོའི་སེམས་སྔར་ལས་ཇེ་འཁྱགས་སུ་གྱུར། ཕྱི་དྲོ་ཙམ་ལ་ཁ་བ་འབབ་ཚད་ཇེ་མང་དང་ཇེ་འགྱོགས་སུ་གྱུར་ཅིང་། གྲང་རླུང་ཡང་མཚམས་མ་ཆད་པར་གཡུགས་པས། ཨ་ཁུ་ནོར་བྷས་སྒོར་བུད་ན་རང་ཉིད་ཙག་གིས་ཁེངས་འགྲོ་བར་སྐྲག་ནས་ཁྱིམ་དུ་མེ་སྒོང་བཞིན་ཞོར་ཏུ་གཡག་རྒན་ག་ལངས་ཀྱིས་ནོར་ཁྱུ་རྣམས་སྣེ་ཁྲིད་ནས་རང་འགུལ་ངང་ཕྱིར་འཁོར་བར་རེ་སྒུག་ཚད་མེད་བྱས། ཐེངས་མང་པོར་ཁོ་སྒོར་བུད་ནས་ནོར་ཁྱུ་རྣམས་བཞུར་སའི་ཁ་ཕྱོགས་དེར་ཡང་ཡང་རྒྱང་ལྟ་བྱས་མོད། སྔར་བཞིན་ནོར་གནག་ཚོའི་གྲིབ་གཟུགས་ཙམ་ཡང་མ་མཐོང་བས། སེམས་སུ་སྔར་ལས་འཚུབ་ཆ་ལངས་ནས་ཁང་བའི་ནང་ཡར་འགྲོ་མར་འགྲོ་བྱས།

ལོ་ངོ་མང་པོའི་རིང་གླང་ཆེན་རྫ་འདབས་ནས་ནོར་གནག་འཚོས་མྱོང་བའི་ཨ་ཁུ་ནོར་བྷ་ལའང་ཕྱུགས་ཟོག་འཚོ་སྐྱོང་གི་ཉམས་མྱོང་ཆེན་པོ་ཡོད་རབས་བཤད་མོད། དེ་རིང་ལྟ་བུའི་སེམས་ཁྲལ་འདི་འདྲ་ཞིག་ད་རག་བར་ཡོད་མ་མྱོང་། ཁོའི་ཡུན་གནས་ཀྱི་འཚོ་བ་དང་ཁ་རྒྱབ་ལྟོ་གོས་ཡོད་ཚད་ཀྱང་ནོར་གནག་འདི་དག་ལ་བརྟེན་ཡོད་ཅིང་། ཁོའི་ཕ་དྲིན་ཆེན་ཚེ་ལས་འདས་དུས་ཀྱི་ཁ་ཆེམས་ཀྱང་གླང་ཆེན་རྫ་འདབས་ནས་ནོར་གནག་རྣམས་འཚོ་སྐྱོང་བྱ་རྒྱུ་དེ་ཡིན་པས། ཁོས་ཕ་དྲིན་ཆེན་གྱི་ཁ་ཆེམས་ཟློག་མ་ནུས་པར་སྔོན་ཆད་ནས་ད་ལྟའི་བར་གླང་ཆེན་རྫ་འདབས་གཏན་སྲུང་བྱེད་དགོས་བྱུང་། འོན་ཀྱང་། ལོ་འདི་འགར་གླང་ཆེན་རྫ་འདབས་ཀྱི་གནམ་གཤིས་ལ་འགྱུར་བ་ཆེན་པོ་བྱུང་ནས་དབྱར་དུས་མ་གཏོགས་གྲང་ངར་གྱིས་རུས་རྐང་གཟེར་བའི་ན་ཟུག་སྟེར་བ་དང་། རྩྭ་ཆུའི་ལོངས་སྤྱོད་ཀྱང་ལོ་རེ་ནས་ལོ་རེར་མངོན་གསལ་གྱིས་ཉམས་རྒུད་དུ་འགྱུར་མགོ་ཚུགས་པས། ད་སྐབས་ཨ་ཁུ་ནོར་བྷ་མ་གཏོགས་རུ་བ་གཞན་དག་གླང་ཆེན་རྫ་འདབས་ནས་འདུག་མ་བཟོད་པར་ས་ཆ་གཞན་དུ་གནས་སྤར་བ་དེས་ཁོ་ལའང་སེམས་ཁྲལ་དང་གནོན་ཤུགས་ཆེན་པོ་ཞིག་བྱིན་སོང་།

ཉིན་འདིར་གླང་ཆེན་རྫ་འདབས་དང་ཨ་ཁུ་ནོར་བྷ་ཚང་གི་ཁོར་ཡུག་ཡོད་ཚད་ཁ་བས་གཡོགས་ཤིང་གྲང་ངར་གྱིས་ཡོངས་སུ་བསྡམས་སོང་། ཨ་ཁུ་ནོར་བྷས་ནོར་ཁྱུ་རྣམས་རང་ཁྱིམ་དུ་ལོག་པར་སྔར་བཞིན་རེ་ཞིང་སྒུག་ཡོད། ཁོས་ཐབ་ཀའི་ཡར་སྒྱིད་ནས་མཚམས་རེར་ཁ་ཏོན་མཚམས་མེད་དུ་འདོན་པ་དང་། ལན་རེར་སྒྲ་ཞིག་རྣ་ལམ་དུ་གྲགས་ཚེ་གཡག་རྒན་ག་ལངས་ཀྱི་ངུར་སྒྲ་ཨེ་ཡིན་བསམ་ནས་ཁ་རོག་གེར་རྣ་བ་བླགས་ནས་ཉན། འོན་ཀྱང་དེ་ནི་ཁོས་མཉམ་འཇོག་བྱེད་རྒྱུ་མང་དྲགས་པས་སྒྲ་ལོག་གོ་བ་ལས་དོན་དངོས་ཤིག་མིན།

ཁོ་ཐད་ཀར་གླང་ཆེན་རྫ་འདབས་ཉུལ་ནས་རང་གི་ནོར་ཁྱུ་རྣམས་བཙལ་དུ་འགྲོ་འདོད་ཀྱང་། གྲང་ངར་དང་ཁ་ཆར་བུ་ཡུག་གི་རྐྱེན་པས་ཁོས་སྔར་བཞིན་རང་མལ་བསྲུང་ནས་བསྡད། ཁོའི་སེམ་སུ་གལ་ཏེ་ནོར་ཁྱུ་རྣམས་དུས་གཏན་དུ་ཕྱིར་འོང་མེད་ཚེ། ད་ལོའི་དགུན་ཤ་དང་། ཁ་ཐུལ་དགོན་པར་དེ་སྔོན་ཁས་བླངས་ཟིན་པའི་འབུལ་བ། དེ་མིན་སང་ཉིན་གྱི་འཚོ་བ་སོགས་ཐ་ན་རང་ཉིད་ཀྱི་ཚེ་གང་གི་འཚོ་རྟེན་ཡང་གཞི་ནས་མེད་སོང་བ་ཡིན་པས། ཨ་ཁུ་ནོར་བྷས་འདང་བརྒྱབ་ཀྱིན་བརྒྱབ་ཀྱིན་ཁོའི་སེམས་ཁྲལ་སྔར་ལས་ཀྱང་ཇེ་ཆེར་གྱུར་ལ། ཉིན་གང་བོར་ཇ་ཁམ་གང་ཡང་མ་འཐུང་བར་ནོར་ཁྱུ་རྣམས་ཀྱི་བདེ་སྡུག་དང་རང་ཉིད་ཀྱི་ལས་དབང་ལ་འཁང་ར་བྱས།

སྐབས་དེར་ཉི་མའང་གྲང་ངར་གྱིས་མ་བཟོད་པར་སྤྲིན་རུམ་འཇབ་ནས་ནུབ་རའི་ཕག་ཏུ་ལོག་སོང་བ་འདྲ། སྨག་རུམ་སྲབ་མོ་ཞིག་གླང་ཆེན་རྫ་འདབས་དང་ཨ་ཁུ་ནོར་བྷ་ཚང་གི་ལྷས་འདབས་ལ་དལ་གྱིས་འབབ་མགོ་ཚུགས། ཨ་ཁུ་ནོར་བྷ་སྒོར་བུད་ནས་གཡག་རྒན་ག་ལངས་གཙོ་ཡིན་པའི་ནོར་ཁྱུ་རྣམས་བཞུར་སའི་ཁ་ཕྱོགས་དེར་ཡང་བསྐྱར་རྒྱང་ལྟ་ཐེངས་ཤིག་བྱས། མཐོང་ལམ་ཡོད་ཚད་སྔར་ལྟར་ནག་རོག་གེར་འདུག་པ་ལས་གཅིག་ཀྱང་མ་མཐོང་བས། ཁོས་དོ་ནུབ་རང་ཉིད་གཅིག་པུ་ཁེར་རྐྱང་དུ་ལུས་སོང་སྙམ་ནས་སེམས་སུ་འཇིགས་སྣང་གི་ཚོར་བ་ཞིག་ངང་ངམ་ཤུགས་ཀྱིས་སྦྱིན་སོང་།

དེ་ནས་ཁོ་ཐབས་ཟད་ཅིང་འུ་ཐུག་ནས་ཕྱིར་ཁྱིམ་དུ་འཛུལ་དུས་ཁང་བའི་ནང་ཐམས་ཅད་མུན་ནག་འཐིབས་ཏེ་གསལ་བོ་ཞིག་མ་མཐོང་བས། ཁོས་མཆོད་སྒམ་སྟེང་དུ་ལག་སྙོབ་བྱེད་བཞིན་མར་མེ་རྐོང་བུ་གང་ཡོད་པ་དེའི་ཞལ་ཕྱེས་པ་ན། དེ་མ་ཐག་རང་ཁྱིམ་ལ་ཡང་འོད་སྣང་ཙམ་སྤྲོས་ཐུབ་པ་བྱུང་། དེ་ནས་ཁོས་མཆོད་མདུན་དུ་པུས་མོ་གཉིས་ས་ལ་བཙུགས་ཤིང་ལག་ཟུང་ཐལ་མོ་སྙིང་ཁར་སྦྱར་ཏེ་མིག་གཉིས་དམ་དུ་བཙུམ་ནས་ནོར་ཁྱུ་རྣམས་ཕྱིར་རང་ཁྱིམ་དུ་ལོག་པར་གསོལ་འདེབས་བྱས།

དེ་ལྟར་ཁོས་གསོལ་བ་རྩེ་གཅིག་ཏུ་འདེབས་དུས་གར་འོངས་མི་ཤེས་པའི་བསེར་བུ་ཞིག་གློ་བུར་དུ་ཁང་བའི་ནང་ལྡང་ནས་མཆོད་སྒྲོམ་སྟེང་གི་མཆོད་མེ་གཟིམས་པ་དང་། ཁང་བའི་ནང་སླར་ཡང་མུན་ནག་ཏུ་གྱུར་བས། ཁ་ནང་ནས་རང་དབང་མེད་པར་ཨ་གནམ་རྒན་མ་ཞེས་འབོད་ཞོར་ཐང་དུ་ལྷུང་བའི་མཆོད་རྐོང་ལ་ལག་པས་བསྙབ་ཅི་ཐུབ་བྱས། ཁོས་ལག་ཏུ་ཚུད་པའི་མཆོད་རྐོང་ལ་རེག་རེག་བྱེད་ཞོར་འདི་ངོ་མ་ཐན་ལྟས་རེད་ཅེས་ཆིག་ལབ་རྒྱག་བཞིན་མཆོད་མེ་ཕྱིར་ཁ་མལ་དུ་བཞག་ཅིང་། ཡང་བསེར་བུ་གཡུགས་ནས་མཆོད་མེ་གཟིམ་འགྲོ་བར་དོགས་ཏེ་རེ་ཞིག་ལག་པ་གཉིས་དང་ལུས་པོ་ལ་བརྟེན་ནས་རླུང་བུའི་རྒྱུ་ཕྱོགས་རྣམས་མཆོད་མེའི་ཉེ་སར་བཏུད་དུ་མ་བཅུག་པར་མཉམ་བཞག་ནས་བསྡད།

སྤྱིར་ཨ་ཁུ་ནོར་བྷ་མི་ལོ་ལོན་བསམ་ཤེས་ཤིག་ཡིན་ཡང་། དོ་དགོང་ལྟ་བུའི་འཇིགས་དངངས་ཤིག་ཁོའི་མི་ཚེ་འདིར་གཏན་ནས་བྱུང་མ་མྱོང་། འདང་བརྒྱབ་ཀྱིན་བརྒྱབ་ཀྱིན་ཁོས་དེ་རིང་གི་དོན་དག་འདིའི་འབྱུང་རྐྱེན་མཐའ་དག་གནམ་གཤིས་ལ་འབྲེལ་བ་ཆེན་པོ་མེད་པར་ཡོད་ཚད་གཡག་རྒན་ག་ལངས་ལན་འདུག་བསམ་ནས་སླར་ཡང་གཡག་རྒན་ག་ལངས་ལ་ལེ་བདའ་དང་དམོད་མོ་བྱས། དེ་ལྟར་ཕལ་ཆེར་ནམ་སྨད་ཙམ་ལ་སླེབས་དུས་ཨ་ཁུ་ནོར་བྷ་ད་གཟོད་འདར་སིག་སིག་གིས་དྲོད་ཡལ་བའི་ཚ་ཐབ་སྟེང་གན་རྐྱལ་དུ་ལོག་ཅིང་། ཁོག་སྟོད་ལས་མི་ཁེབས་པའི་སློག་པ་དེས་རང་ལུས་གཅུད་ནས་ཉལ་དགོས་བྱུང་།
ཡུན་རིང་ཞིག་ལ་ཁོ་གཏན་ནས་གཉིད་མ་ཁུགས། ཁོས་དོ་ནུབ་རང་གི་ནོར་གནག་རྣམས་ཕྱིར་རང་ཁྱིམ་དུ་མ་ལོག་པར་ཤ་འཁོན་ལྟ་བུའི་སྡང་སེམས་བཟུང་ནས་མིག་གཉིས་ཤེད་ཀྱིས་བཙུམས་ཏེ་གཡག་རྒན་ག་ལངས་དང་དངངས་སྐྲག་ཚང་མ་རང་སེམས་ནས་བརྗེད་དུ་འཇུག་བསམ་མོད། ཁོའི་མིག་ལམ་དུ་གཡག་རྒན་ག་ལངས་དང་ནོར་ཁྱུ་གཞན་རྣམས་ཀྱི་སྣང་བརྙན་སྔར་བས་ཇེ་གསལ་ནས་ཇེ་གསལ་དུ་གྱུར་ཏེ་གཏན་ནས་གཡོལ་མ་ཐུབ།

འདི་ལྟར་ཨ་ཁུ་ནོར་བྷ་སེམས་ཁྲལ་དང་སྡུག་བསྔལ་གྱིས་ཀུན་ནས་གཟིར་ཏེ་རེ་ཞིག་རྨི་ལམ་གྱི་ཞིང་དུ་ཆས་སོང་། རྨི་ལམ་དུ་ཁོས་གཡག་རྒན་ག་ལངས་གཅིག་པུ་ནངས་མོ་དེར་ནོར་ཁྱུ་རྣམས་བཞུད་སའི་གནས་སུ་འཁྱར་འཁྱོར་ངང་ཚུར་རང་ཁྱིམ་གྱི་ཕྱོགས་སུ་བསྙེགས་ནས་འོངས་པ་མཐོང་བས། སྐད་ཅིག་ཙམ་ལ་ཁོའི་སེམས་ནང་གི་ཁོང་ཁྲོ་དང་སྡུག་བསྔལ་ཚང་མ་ཡང་འཇའ་ལྟར་ཡལ་སོང་། སྐབས་དེར་ཁོའི་སེམས་ཧ་ཅང་དགའ་ནས་གཡག་རྒན་ག་ལངས་ཀྱི་སྔུན་ལ་བུད་ཅིང་། གཡག་རྒན་ག་ལངས་དང་ཁོ་གཉིས་ཀྱི་བར་ཐག་ཀྱང་རིམ་གྱིས་ཇེ་ཉེ་ནས་ཇེ་ཉེར་གྱུར་བས། ཁོ་ཡུན་རིང་མ་འཕྲད་པའི་གྲོགས་པོ་ཞིག་ལ་མཇལ་ཐུབ་སོང་བ་བཞིན་སེམས་ནང་གི་དགའ་ཚོར་ནི་ཆུ་ཁོལ་དྲོན་མོ་བཞིན་ལྷོག་ལྷོག་ངང་འཕྱུར་དུ་བཅུག

ཡིན་ཡང་། ཁོ་མདུན་ཕྱོགས་སུ་རྒྱུགས་མ་འདུར་གྱིས་ག་ཙམ་བསྐྱོད་ཀྱང་གཡག་རྒན་ག་ལངས་སྔར་མལ་དུ་ཀྲོང་ངེར་ལངས་ནས་འགུལ་ཙམ་ཡང་མི་བྱེད་མོད། ཁོ་རང་ཉིད་ལ་ཡིད་མ་ཆེས་པར་ད་དུང་དབུགས་ཧད་ཧད་ངང་མདུན་ཕྱོགས་སུ་བསྙེགས་ཅི་ཐུབ་བྱས། དེ་ལྟར་ཁོ་མདུན་ཕྱོགས་སུ་ཅི་ཙམ་བསྐྱོད་ཀྱང་གཡག་རྒན་ག་ལངས་དང་ཁོ་གཉིས་དབར་གྱི་བར་ཐག་ལ་འགྱུར་བ་ཅི་ཡང་མེད་པར་སྔར་བཞིན་ཁ་མལ་དུ་བསྡད་འདུག་པས། རེ་ཞིག་ཁོ་ཐང་ཆད་ནས་ས་རུ་བཙོག་ཅིང་། གཡག་རྒན་ག་ལངས་ཀྱི་ཕྱོགས་སུ་ལྟ་བཞིན་ཀོ་བཤུ་རྒྱུ་འདིས་བསམ་གཟས་ནས་རང་ལ་བརྙས་བཅོས་བྱེད་བཞིན་འདུག་བསམ་ནས་སླར་ཡང་སྙིང་རླུང་སྟོད་ལ་འཚང་བཞིན་གལ་ཏེ་ད་ཐེངས་གཡག་རྒན་ག་ལངས་དངོས་སུ་ལག་ཏུ་ཆུད་ཚེ་ཅིས་ཀྱང་སྐྱིན་པ་ཚ་ནག་ཅིག་ལེན་དགོས་སྙམ།

ཁོས་ཅུང་ཙམ་ངལ་སོས་རྗེས་སླར་ཡང་ཡར་ལངས་ནས་མུ་མཐུད་དུ་གཡག་རྒན་ག་ལངས་ཕྱོགས་སུ་སོང་། འོན་ཀྱང་། ཁོ་སོང་གིན་སོང་གིན་གཡག་རྒན་ག་ལངས་ཇེ་ཆུང་ནས་ཇེ་ཆུང་དུ་གྱུར་ཞིང་མཐར་ཁོའི་མིག་ལམ་ནས་གཏན་དུ་ཡལ་སོང་། སྐབས་དེར་ཁོས་རང་ཉིད་ལ་མིག་འཁྲུལ་བྱུང་སོང་བ་ཨེ་ཡིན་སྙམ་ནས་ལག་པས་མིག་ཟུང་གཉིས་ཀ་ཕུར་ཕུར་འགའ་བྱས་རྗེས་སླར་ཡང་བལྟས་མོད། དངོས་གནས་མཐོང་ལམ་དུ་གཡག་རྒན་ག་ལངས་ཀྱི་གྲིབ་གཟུགས་ཙམ་ཡང་མི་སྣང་བས། སེམས་སུ་ད་ཐེངས་ཀྱང་རང་ཉིད་ལ་ལྷ་འདྲེ་དང་གཞི་བདག་གང་རུང་ཞིག་གིས་གནོད་པ་བྱེད་བཞིན་འདུག་སྙམ་ནས་དངངས་སྐྲག་སྐྱེས།

དེ་ལྟར་ཁོས་རང་གི་ཉེ་འཁོར་དུ་ཞིབ་ལྟ་ཐེངས་ཤིག་བྱེད་དུས་མ་གཞི་ཁོ་ཡོད་ས་ནི་ས་སྟོང་ལུང་སྟོང་ཞིག་ཡིན་པ་དང་། ད་ནི་གནས་གང་ཞིག་ཡིན་པའང་གསལ་བོར་མི་ཤེས་པས་ཁོ་ཁ་ཕྱིར་འཁོར་ནས་རང་ཁྱིམ་དུ་འབྲོ་རྩིས་བྱས། ཡིན་ཡང་། ད་ལྟ་རང་ཁྱིམ་ཡང་མཐོང་ལམ་དུ་མ་སྣང་བས་ཁོ་རང་རྦད་དེ་འཇིགས་སྐྲག་གིས་ཁེངས་ཤིང་། རེ་ཞིག་གོམ་ཁ་གང་ཞིག་ལ་བསྒྱུར་དགོས་པའང་མ་ཤེས། ཏག་ཏག་སྐབས་འདི་ལ་གར་འོངས་མི་ཤེས་པའི་སྤྱང་ལྟོགས་སྐོར་ཞིག་ཡུན་གྱིས་འཇབ་འོངས་ཏེ་ཨ་ཁུ་ནོར་བྷའི་མཐའ་བསྐོར་སོང་། སྤྱང་ཀི་དེ་དག་གིས་ཁ་ཆེ་ཆེར་གདངས་ཤིང་མཆེ་བ་ཕྱིར་མངོན་པ་དང་། ལྕེ་སྣར་བཞིན་དལ་བ་དལ་བུར་ཡུན་གྱིས་ཨ་ཁུ་ནོར་བྷའི་ཉེ་སར་བཏུད་ཅིང་། ཁོ་རང་ཁམ་དང་ཁམ་བུ་བྱས་ནས་བཀྲེས་ལྟོགས་སེལ་བར་རྔམ་འདུག
ཁོས་དབུགས་ཀྱང་ལེན་མ་ཕོད་པར་སྙིང་གི་འཕར་ལྡིང་ཡང་ཇེ་འགྱོགས་ནས་ཇེ་འགྱོགས་སུ་གྱུར། ཁོའི་བསམ་པར་དེ་རིང་སྤྱང་ལྟོགས་འདི་དག་གི་ཁ་ཟས་སུ་ཅིས་ཀྱང་འགྱུར་ངེས་སོ་སྙམ་པ་དང་། ཨག་རྒྱངས་ཐེངས་ཤིག་བྱས་ནས་འབྲོ་རྩིས་བྱེད་དུས། སྤྱང་ཀི་རྣམས་དུས་གཅིག་ཏུ་ཁོའི་ཕྱོགས་སུ་མཆོངས་འོངས་ནས་ཁོ་ལ་སྡེར་འདྲད་དང་སོ་འདེབས་ཡང་ཡང་བྱས། ཏག་ཏག་ཨ་ཁུ་ནོར་བྷ་སྤྱང་ཚོགས་ཀྱི་ཁ་ཟས་སུ་འགྱུར་ཚར་དུས། གློ་བུར་དུ་གར་འོངས་མི་ཤེས་པའི་གཡག་རྒན་ག་ལངས་སྤྱང་ཚོགས་ཀྱི་ཁྲོད་དུ་བརྒྱུགས་ནས་རྭ་རྩེ་གཡུག་གཡུག་དང་། རྐང་ལག་བཞི་བས་ས་འདྲད་དང་ཁ་ནང་ནས་ངུར་སྒྲ་སྒྲོག་པས། སྤྱང་ཚོགས་རྣམས་འཇིགས་ནས་རང་རང་སར་ཁ་འཐོར་དུ་བཏང་ཞིང་ཨ་ཁུ་ནོར་བྷ་ཡང་ལས་དྲང་ནས་སྲོག་ཉེན་ལས་ཐར་བར་བྱས།
མཚམས་དེར་སྐྲག་སྣང་གིས་དྲན་མེད་དུ་བརྒྱལ་བའི་ཨ་ཁུ་ནོར་བྷ་རེ་ཞིག་འགུལ་ཙམ་འགུལ་ཙམ་བྱས་པ་དང་། མིག་ཕྱེ་ནས་རང་ལུས་ལ་ལག་པས་རེག་རེག་བྱེད་དུས་སྒྱིད་པ་དང་ཕུ་ཐུང་མེད་པའི་དཔུང་ཡ་ནས་ཁྲག་དམར་འཛར་བ་དེས་ཁོ་ལ་འཁྱག་སིབ་སིབ་དང་ན་ཟུག་གི་ཚོར་བ་ཞིག་ཡུན་གྱིས་བྱིན། དེ་ནས་ཁོས་ཁ་ནང་ནས་རང་དབང་མེད་པར་གཡག་རྒན་ག་ལངས་་་་གཡག་རྒན་ག་ལངས་ཞེས་འབོད་བཞིན་ཡར་རྒྱུགས་མར་རྒྱུགས་བྱེད་སྐབས་ཁོ་ད་གཟོད་གཉིད་ལས་སད་ཅིང་ལུས་ཡོངས་རྔུལ་ཆུས་བརླན་འདུག་པ་དང་དོན་དག་ཡོད་ཚད་ཀྱང་འཇིགས་སྣང་གི་རྨི་ལམ་ཞིག་ཡིན་པ་ངང་གིས་རྟོགས།
སྐབས་དེར་ནམ་ཡང་གསལ་འདུག་པས་ཁོས་ད་གཟོད་ནོར་ཁྱུ་རྣམས་ཡིད་ལ་དྲན་ནས་མྱུར་དུ་མལ་ལས་ལྡིང་ཞིང་སྒོར་རྒྱུགས་ནས་ལྷས་འདབས་སུ་ལྟ་དུས། གཡག་རྒན་ག་ལངས་དང་ནོར་ཁྱུ་གཞན་རྣམས་ཀྱང་མདང་ནུབ་གཏན་ནས་ཕྱིར་ལོག་མི་འདུག་པས། ཁོ་འཚུབ་ཆ་ཆེན་པོ་ལངས་ཤིང་། ནོར་ཁྱུ་རྣམས་གང་དུ་བཞུད་སོང་སྙམ་ནས་སློག་པ་ཚིལ་སྟུག་དེར་སླར་ཡང་སྐ་རགས་བཅིངས་ཏེ་ཞོགས་པའི་གྲང་ངར་དང་བསྡོངས་ནས་ཨ་ཁུ་ནོར་བྷ་མགྱོགས་མྱུར་ངང་གླང་ཆེན་རྫ་འདབས་ཉུལ་ནས་ནོར་ཁྱུ་རྣམས་བཙལ་དུ་ཕྱིན།
ལམ་བར་དུ་ཁོས་རྐང་བ་གཉིས་ཁ་བར་ཟུག་པའི་སག་སག་གི་སྒྲ་ལས་ཅི་ཡང་མི་ཐོས་ལ། མཐོང་ལམ་ཡོད་ཚད་ཀྱང་མདང་དགོང་ཁ་བས་བསྐྲུན་པའི་འཇིག་རྟེན་དེ་ཁོ་ན་ལས་གཞན་ཅི་ཡང་མི་སྣང་། གཡག་རྒན་ག་ལངས་དང་ནོར་ཁྱུ་རྣམས་དོན་ངོ་མ་གང་ཞིག་ཏུ་བསྐོང་ཡོད་དམ། དངོས་གནས་ཐག་རིང་ཐག་རིང་ཞིག་ཏུ་མགོ་འཁོར་ནས་བཞུར་སོང་བ་ཡིན་ནམ། ཡང་ན་ཟོག་རྐུན་སུ་ཞིག་གི་ལག་ཏུ་ཆུད་ནས་ས་ཆ་གཞན་ཞིག་ཏུ་དེད་སོང་བ་ཡིན། ངའི་མགོ་ལ་འདི་འདྲའི་ཆག་འཇིགས་དང་དཀའ་སྡུག་འོངས་དོན་ག་རེ་ཡིན་ནམ། ཁོས་དེ་ལྟར་སྙམ་བཞིན་ནོར་ཁྱུ་རྣམས་མདང་དགོང་ཕྱིར་རང་ཡུལ་དུ་མ་འཁོར་བའི་དོན་དག་དེ་སུས་ཀྱང་རྟོགས་དཀའ་བའི་གསང་བ་ལྐོག་གྱུར་ཞིག་ཏུ་འགྱུར་མགོ་བརྩམས།
ཡུན་གྱིས་ཨ་ཁུ་ནོར་བྷ་སྟག་ལུང་གདོང་ཁ་དང་བར་ཐག་ཇེ་ཉེ་ནས་ཇེ་ཉེར་གྱུར། ལམ་བར་དུ་ཁོ་དོན་དག་འདྲ་མིན་སྣ་ཚོགས་ཀྱི་ནང་དུ་མགོ་འཁོར་བས། མཚམས་ཤིག་ཏུ་ཁོ་གློ་བུར་དུ་ཁངས་ཤུད་བརྒྱབ་ནས་ཐག་ཚད་ཅིག་ལ་ཁངས་འགྲིལ་བྱས་ཤིང་། སྟག་ལུང་གདོང་ཁར་ཐོན་ལ་ཉེ་བའི་བར་ཐག་དེ་སླར་ཡང་ཇེ་རིང་དུ་གྱུར། ཁོ་སེམས་གཏིང་ནས་འཚིག་པ་ཟ་བཞིན་ཁང་ཤུད་བརྒྱབ་པའི་ས་དེར“ཕའེ་ཕའེ”ཟེར་བཞིན་མཆིལ་མ་འགའ་གཏོར་བ་དང་དེ་ནས་རྐང་རྡུང་ཅིག་བྱས་པ་ན་དཔྱི་མགོ་ནས་བསྲན་མི་ཚུགས་པའི་ཟུག་གཟེར་ཅིག་ལངས་ནས་ཅུང་མིན་ན་ཐང་དུ་འགྱེལ་ལ་ཁད་ཅིག་བྱས། དེ་ནས་ཁོས་མ་ཁ་སོ་བཏབ་ཅིང་། ཡུད་ཙམ་བསྲན་རྗེས་གྱོལ་མ་འགྲོས་ཀྱིས་མུ་མཐུད་དུ་སྟག་ལུང་གདོང་ཁ་དམིགས་ནས་སོང་།
དེ་ནས་ཅུང་མ་འགོར་བར་ཁོ་རང་སྟག་ལུང་གདོང་ཁར་ཐོན་པ་དང་། སྐབས་དེར་གླང་ཆེན་རྫ་འདབས་ཀྱང་ཁོའི་ལག་མཐིལ་དུ་བླངས་པ་བཞིན་གསལ་བོར་མཐོང་ཐུབ། ཡིད་ཕངས་པ་ཞིག་ལ་ཁོའི་ནོར་ཁྱུ་རྣམས་མཐོང་ལམ་དུ་མེད་པས། ཁ་ནང་ནས་ཧོ་་་ཧོ་་་ཧོ་ཞེས་སྐད་འབོད་ཐེངས་འགའ་བྱས། འོན་ཀྱང་། སྔར་བཞིན་གྲགས་འགུལ་གཅིག་ཀྱང་མེད་པར་ཡོད་ཚད་དལ་ཅག་གེར་འདུག་པས། ཁོ་གཅིག་པུ་སླར་ཡང་སྟག་ལུང་གདོང་ཁ་ནས་ཁེར་རྐྱང་དུ་འགྲེང་དགོས་བྱུང་།
ད་ནངས་ནངས་ཇ་ཁམ་གང་ཡང་མ་འཐུང་བར་ནོར་གནག་རྣམས་བཙལ་དུ་ཕྱིན་པ་དེས་ད་ལྟ་ཁ་ལྕེའང་བསྲད་ནས་ཕོ་བའང་ལྟོགས་པས། ཁོས་པུས་མོའི་ལྷ་ང་ས་རུ་བཙུགས་ཤིང་། ཁ་བ་སྤར་མོ་གང་ལག་མཐིལ་དུ་བླངས་ནས་ལྕེ་ལྡག་ཙམ་བྱས་པ་ན། ཁ་ནང་དུ་དྲོད་གྲང་གཉིས་ལྷན་དུ་འཕྲད་པས། སོ་གཏིང་ལ་བསྲན་མི་ཐུབ་པའི་ཟུག་གཟེར་ཅིག་བསླངས་ཤིང་། ཟུག་གཟེར་དེ་རིམ་གྱིས་ཁོའི་ལུས་ཀྱི་རྩ་ལམ་རེ་རེར་ཁྱབ་པས། ཁོས་རང་དབང་མེད་པར་ཁོག་འདར་ཞིག་རྒྱག་ཞོར་མྱུར་དུ་ལག་མཐིལ་ན་ཡོད་པའི་ཁ་བ་སྤར་མོ་གང་དེ་ཤེད་ཀྱིས་ས་རུ་གཏོར་དགོས་བྱུང་། དེ་ནས་ཁོས་མུ་མཐུད་དུ་ཕྱོགས་མཚམས་མང་པོར་ཁ་གཏད་ནས་སྐད་འབོད་རེ་བྱས། ཡང་རྣ་བ་བླགས་ནས་སྒྲ་ཞིག་རྣ་ལམ་དུ་གྲགས་པར་རེ་བ་ཆེན་པོ་བྱས། འོན་ཀྱང་། ཁོའི་རྣ་ལམ་དུ་ནོར་གནག་གི་ངུར་སྒྲ་ཕར་ཞོག་དེ་ལས་གཞན་པའི་སྒྲ་གཅིག་ཀྱང་མ་ཐོས་པས་སེམས་པ་སྔར་བས་ཇེ་སྡུག་ཏུ་གྱུར།
སྐབས་དེར་ཁོས་ཕ་དྲིན་ཆེན་གྱིས་སྔོན་ཆད་རང་ཉིད་ལ་གདམས་པའི་ཁ་ཆེམས་དྲན་པ་དང་། ད་དུང་ནོར་ཁྱུ་རྣམས་ཀྱང་བདག་བྱེད་མ་ཐུབ་པར་ཐ་ན་ཤི་རོ་ཙམ་ཡང་ལག་སོན་མ་བྱུང་བས། ད་ནི་ཕ་དྲིན་ཆེན་གྱི་རེ་བ་ཡོད་ཚད་སྟོང་ཟད་དུ་བཏང་སོང་སྙམ་ནས་སེམས་སུ་ནོངས་འགྱོད་དྲག་པོ་སྐྱེས། དེ་ལྟར་ཁོ་སེམས་སྡུག་གིས་མནར་ནས་དལ་བ་དལ་བུར་སྟག་ལུང་གདོང་ཁ་ནས་མར་འབབ་གྲབས་བྱས། མཚམས་དེར་ཁོའི་རྣ་ལམ་དུ་གར་འོངས་མི་ཤེས་པའི་སྒྲ་ཞིག་གྲགས་བྱུང་། ཁོའི་རྣམ་རིག་གློ་བུར་དུ་ཇེ་གསལ་དུ་གྱུར་ཞིང་ཡར་ལྟ་མར་འགའ་བྱས་པ་དང་དེ་ནས་རྣ་བ་བླགས་ཏེ་ཞིབ་ཏུ་ཉན། སྔར་བཞིན་གྲགས་འགུལ་ཅི་ཡང་མེད་པ་དང་མཐོང་ལམ་ཡོད་ཚད་ཀྱང་རབ་རིབ་ནས་རབ་རིབ་ཏུ་གྱུར།
རྒས་གཉེར་བབས་པའི་ཨ་ཁུ་ནོར་བྷའི་ཐོད་པ་དང་ངོ་གདོང་ལ་དེ་སྔ་ཡོད་མ་མྱོང་བའི་སྐྱོ་ཉམས་ཤིག་མངོན་ཞིང་། དལ་བ་དལ་བུར་ཁོས་ལྗིད་ཏིག་ཏིག་གི་གོམ་པ་སྟག་ལུང་གདོང་ཁ་ནས་ཐུར་དུ་སྤོ་བཞིན་ཕྱིར་ཁྱིམ་དུ་ལོག་ན་དགའ་སྙམ། ད་ནི་ཨ་ཁུ་ནོར་བྷས་སྔོན་ཆད་ནང་བཞིན་རང་གི་ནོར་ཁྱུ་རྣམས་དེད་ནས་རང་ཁྱིམ་དུ་ལོག་པའི་དགའ་བ་དང་དྲོད་ཁོལ་དེ་གང་ནས་རྙེད། དུས་ཡུན་སྐད་ཅིག་མར་ཁོས་རང་གི་ནོར་ཁྱུ་རྣམས་བོར་ནས་འདི་ལྟར་སྤྲང་བོ་སྤྲང་ནག་ཞིག་ཏུ་འགྱུར་སྲིད་པ་ང་ཚོ་སུ་ཞིག་གི་བློ་ངོར་འཆར་ཐུབ། ཁོར་མཚོན་ན་འདི་ནི་བསམ་དབང་དྲན་དབང་མེད་པར་རང་ཐོག་ཏུ་འཁོར་སྲིད་པའི་ལས་དབང་བཙན་པོ་ཞིག་ཡིན་པའང་སྨོས་ཅི་དགོས། ཁོ་རེ་ཐག་གཏིང་ནས་ཆད་དེ་ལག་སྟོང་མཆན་ལ་བཙུར་ནས་རང་ཁྱིམ་གྱི་ཕྱོགས་སུ་ལྟ་ཞོར་སེམས་སུ་ད་ནི་ཡུན་གྱིས་ལྟོགས་སྐོམ་མྱང་བཞིན་འཆི་རྒྱུར་སྒུག་པ་ལས་ཐབས་གཞན་མེད་སོང་སྙམ་ནས་སེམས་སྡུག་ཆེན་པོ་བྱས།
དེ་ལྟར་ཁོ་ཐབས་ཟད་དེ་རང་ཁྱིམ་གྱི་ཕྱོགས་སུ་གོམ་པ་རེ་རེ་བཞིན་བསྲིངས་ནས་སོང་། ལམ་ཕྱེད་ཙམ་སོང་ནས་ཁོས་ངལ་ཞིག་གསོ་སྙམ་ནས་ཐང་དུ་བཙོག་བསམ་དུས་གློ་བུར་དུ་ཁོའི་མདུན་ཐད་ན་ཡོད་པའི་ཁུག་གཞོང་ནས་ཁ་བས་གཡོགས་པའི་དངོས་པོ་ཞིག་འགུལ་ཙམ་འགུལ་ཙམ་བྱས་པས། ཁོས་རང་གི་མིག་འབྲས་ལ་འཁྲུལ་སྣང་བྱུང་བ་ཨེ་ཡིན་སྙམ་ནས་གསལ་བོར་ལྟ་དུས། དངོས་གནས་དངོས་པོ་ཞིག་ཁོའི་མཐོང་ལམ་དུ་ཡོད་འདུག དེ་ནས་ཁོ་འཕྲལ་མར་དངོས་པོ་དེའི་ཕྱོགས་སུ་རྒྱུགས་པ་ན་དེ་ནི་གཞན་མ་ཡིན་པར་ནོར་ཁྱུ་སྐོར་ཞིག་པ་ཡིན་པ་དང་། ཨ་ཁུ་ནོར་བྷ་གློ་རྡེག་ཏུ་ཚུར་རྒྱུགས་ནས་སླེབས་པ་དེས་ནོར་ཁྱུ་རྣམས་འདྲོགས་ནས་ཡར་ལངས་ཏེ་འབྲོ་རྩིས་བྱས། ཁོས་ཞིབ་ཏུ་ལྟ་དུས་མ་གཞི་ནོར་ཁྱུ་རྣམས་ཏག་ཏག་རང་ཚང་གི་སྒོ་ཟོག་ཡིན་པས། ཁ་ནང་ནས་དབང་མེད་པར་ཨ་སྐྱིད་ལ་ཨ་སྐྱིད་ལ། ད་རྙེད་དང་ནི་རེད་ཟེར་ཞོར་སེམས་སུ་གནོན་མི་ཐུབ་པའི་དགའ་སྣང་དང་དྲོད་ཁོལ་ཅིག་རྒྱས་ནས་གནོར་ནག་རེ་རེར་ཡང་བསྐྱར་ཞིབ་ལྟ་དང་ཚང་རྩིས་བྱས་ཤིང་། གནམ་རྒན་མས་སྙིང་རྗེས་གཟིགས་ནས་ནོར་ཁྱུ་རྣམས་རང་ཉིད་ལ་དབང་དུ་བཅུག་སོང་སྙམ།
ཁོས་ཡང་དང་བསྐྱར་དུ་ཞིབ་ལྟ་དང་ཁ་གྲངས་ལེན་སྐབས་གཡག་རྒན་ག་ལངས་གཏན་ནས་མིག་ལམ་དུ་མ་འཆར་བས་དེར་ཅི་ཞིག་བྱུང་སོང་སྙམ་ནས་ཁོས་ཁུག་གཞོང་དེའི་ཉེ་འཁོར་དུ་ཡང་ཡང་བཙལ་དགོས་བྱུང་། ལྟ་ཕྱོགས་ཤིག་གིས་ཁོས་གཡག་རྒན་ག་ལངས་ད་ཅི་ནོར་ཁྱུ་རྣམས་དངངས་འདྲོགས་ལངས་སའི་ཁ་མལ་ན་གཡས་ལོགས་སུ་འཁོར་ནས་ཉལ་འདུག་པ་མཐོང་བས། ཁོ་མྱུར་དུ་གཡག་རྒན་ག་ལངས་ཀྱི་ཕྱོགས་སུ་བརྒྱུགས་ནས་ལག་པས་རེག་རེག་འགའ་བྱེད་དུས། གཡག་རྒན་ག་ལངས་ལ་ཚོར་བ་ཅི་ཡང་མེད་པར་སྔ་མོ་ནས་ཁོ་དང་གཏན་བྲལ་བྱས་སོང་བ་གཞི་ནས་རྟོགས། ཁོས་ཡུད་ཙམ་ལ་ཅི་ཞིག་བྱེད་དགོས་པའང་མ་ཤེས་པར་གཡག་རྒན་ག་ལངས་ཀྱི་འགྲམ་པར་བྱིལ་བྱིལ་བྱེད་བཞིན་འདང་རྒྱག་གི་གནས་སུ་ལྷུང་།
ཨ་ཁུ་ནོར་བྷས་རང་གི་མིག་མདུན་དུ་ལྷགས་པའི་གཡག་རྒན་ག་ལངས་ཀྱི་བེམ་པོར་ལྟ་བཞིན་ད་གཟོད་མདང་ནུབ་རྨིས་པའི་རྨི་ལམ་མཚར་བོ་དེ་ཡིད་ལ་དྲན་ཞིང་། སེམས་སུ་གལ་ཏེ་གཡག་རྒན་ག་ལངས་ཀྱི་ཁ་མཐོ་བ་དང་ཚེ་ཚད་ལ་ཐོན་པ་མིན་ན། དེས་རང་ལ་རྒྱབ་འགལ་མི་བྱེད་པར་སྔར་བཞིན་ནོར་ཁྱུ་རྣམས་སྣེ་ཁྲིད་ནས་རང་ཁྱིམ་དུ་ལོག་སྲིད་པ་ཁོ་ཐག་ཡིན་པས། ཁོས་གཡག་རྒན་ག་ལངས་མདང་དགོང་ཕྱིར་མ་ལོག་པར་སྡང་སེམས་དང་དམོད་མོ་བྱས་པ་སོགས་དྲན་ནས་རང་དབང་མེད་པར་མིག་སྐྱིབས་ནས་མཆི་མ་འཛུམ་བཞིན་གནས་དེར་ཡུན་རིང་ལུས།


༼གསལ་བཤད།  སྟག་ལུང་གདོང་ཁ་ཅེས་པ་ནི་གླང་ཆེན་རྗ་འདབས་སུ་ཡོད་པའི་ལ་མགོ་ཞིག་ཡིན།༽

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།