ད་ལྟ་གཟིགས་བཞིན་པ། > མདུན་ངོས། > རྩོམ་རིག > འཕྲིན་གསར།

དཔལ་དོན་གྲུབ་རྒྱལ་འདས་ནས་ལོ་འཁོར་སུམ་ཅུ་ལོན་པའི་དུས་དྲན་དུ།

སྤེལ་དུས། 2015-12-01 10:35:08   ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། དབང་རྒྱལ་ཚེ་རིང་།

རིག་ལྡན་རྒྱ་མཚོ།

 image.jpeg

དེ་རིང་ནི་དཔལ་དོན་གྲུབ་རྒྱལ་མཆོག་སྤྱི་ལོ1985ལོར་སྐུ་འདས་ནས2015ལོའི་བར་ལོ་འཁོར་སུམ་ཅུ་འགོར་བའི་དུས་དྲན་རེད། ཁོང་གི་མིང་མགོར་དཔལ་སྦྱར་བ་དེ་ཁོང་གི་གསུང་རྩོམ་ཕྱོགས་སྒྲིག་སྐབས་སུ་ཨ་ཁུ་འགྱུར་མེད་ཀྱིས་སྦྱར་བ་རེད་ཟེར། དེའི་ཡར་སྔོན་ལ་དོན་གྲུབ་རྒྱལ་དང་རང་གྲོལ་ཟེར་གི། ཁོང་གི་ལོ་རྒྱུས་མི་མང་པོས་བཤད་འདུག དེ་བས་ངས་བསྐྱར་བཟློས་བྱེད་དགོས་མེད། ཡིན་ཡང་། དེ་རིང་ཚོགས་གཙོས་ཡིན་གཅིག་མིན་གཉིས་བཤད་དགོས་ཟེར་བས། འགན་ཁུར་ཆེད་དུ་གཏམ་ཅིག་བཤད་དགོས་བྱུང་། དཔལ་དོན་གྲུབ་རྒྱལ་ཁོང་སྐུ་འཁྲུངས་པའི་དུས་སྐབས་ནི་དམིགས་བསལ་གྱི་དུས་སྐབས་ཤིག་རེད། རིག་གནས་ཀྱི་སྒང་ནས་བཤད་ན། གནའ་རབས་དང་ཉེ་རབས་ཀྱི་བར་ལ་འཁེལ་ནས་གནའ་རབས་རིག་གནས་དང་དེང་རབས་རིག་གནས་བར་གདངས་རྐང་ཆེན་པོ་ཞིག་ཤོར་བའི་སྐབས་རེད། གདངས་རྐང་དེ་འདྲ་ཅི་ལྟར་ཤོར་ཟེར་ན། ཡོ་རོབ་ཀྱི་ལོ་ངོ་སུམ་བརྒྱའི་རིང་ལ་ག་ལེར་བྱུང་བའི་རིག་གནས་དང་དཔལ་འབྱོར་གྱི་འཕེལ་རིམ་དེ་རྒྱ་ནག་མི་དམངས་ཀྱིས་ལོ་ངོ་སུམ་ཅུའི་རིང་མཆོངས་བསྐྱོད་བྱས་ཟེར་བ་ཇི་བཞིན། རྒྱའི་རིག་གནས་ཀྱི་རླབས་ཤུགས་དྲག་པོས་བོད་ཀྱི་རིག་གནས་ཀྱི་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་པས། བོད་ཀྱང་གནའ་རབས་རིག་གནས་ཀྱི་ངོ་བོ་བཟུང་ནས་མུ་མཐུད་དུ་གནས་མ་ཐུབ་པ་རེད། དེང་སྐབས་བལྟས་ན་གནའ་དེང་བར་གྱི་འགལ་འབྲེལ་ནི་ལས་སླ་བོ་ཞིག་ཏུ་འདོད་ཀྱང་། སྐབས་དེར་དེ་འདྲའི་སླ་མོ་ཞིག་མ་ཡིན་པར་བསམ་བློའི་བར་ཐག་ཧ་ཅང་ཆེ་སྟེ། ལྷ་དང་མིའི་བར་ཐག དངོས་ཡོད་དང་སྒྱུ་འཕྲུལ་གྱི་བར་ཐག ངལ་རྩོལ་དང་ལས་དབང་གི་བར་ཐག་སོགས་ཧ་ཅང་རྙོག་འཛིང་ཆེ་བས། གཞན་རྗེས་མ་ཆོད་པར་རྗེས་ལུས་སུ་གྱུར། ཅི་ཞིག་རྗེས་སུ་ལུས་པ་ཡིན་ནམ་ཞེ་ན། བོད་ལ་དེང་རབས་ཀྱི་རིག་གནས་ཐོག་མར་བྱུང་སྟེ་ཆད་ལྷག་གིས་ཁེངས་ཡོད། ཕལ་ཆེར་ཚང་མ་ཆད་ཡོད་ཀི དཔྱད་རྩོམ། ལྷུགས་རྩོམ། སྙན་ངག སྒྲུང་རྩོམ། མཐའ་ན་བྱིས་སྒྲུང་། ཚང་མ་ཆད་ཀི། དེ་བས། དོན་གྲུབ་རྒྱལ་དང་ཁོང་ལྟ་བུའི་སྐྱེ་བུ་མང་པོ་ནི་མགོ་ལ་མེ་ཤོར་ན་གསོད་ཁོམ་མེད་པའི་དཔེ་ལྟར་གྱུར་ནས་བརྩོན་པ་བསྐྱེད་དགོས། དཔྱད་རྩོམ་བྲིས་ན་ལྷུགས་རྩོམ་ཆད་ཀི། ལྷུགས་རྩོམ་བྲིས་ན་སྒྲུང་གཏམ་ཆད་ཀི སྒྲུང་གཏམ་བྲིས་ན་སྙན་རྩོམ་ཆད་ཀི ད་དུང་བོད་ལ་མེད་པ་བསྒྱུར་དགོས་ཀི དེའི་མི་ཚད་དམངས་ཁྲོད་རིག་གནས་དང་བྱིས་སྒྲུང་ཀྱང་བསྡུ་སྒྲིག་བྱེད་དགོས་ཀི ཁོང་གིས་ལག་པས་བྱ་བཟུང་ན་རྐང་པས་ཉ་འཛིན་དགོས་པའི་ཚད་ལ་སླེབས་འདུག ད་ལྟ་ང་ཚོས་ཕྱིར་དྲན་ཅིག་བྱས་ན། གལ་སྲིད། ཁོང་གིས་དཔྱད་རྩོམ་ཁོ་ན་བྲིས་བསྡད་པའི་དབང་དུ་བཏང་ན། ཧ་ལས་པའི་བརྩམས་ཆོས་མང་པོ་ཐོན་སྲིད་པ་སྨོས་མེད་རེད། དེང་སང་ཆེད་ལས་ཅན་ཟེར་ནས་མཁས་པ་སྣ་གཅིག་གི་འཇོན་ཐང་ཧ་ཅང་ཆེ། དཔལ་དོན་གྲུབ་རྒྱལ་གྱིས་ཀྱང་སྒྲུང་རྩོམ་ཁོ་ན་བྲིས་པའི་དབང་དུ་བཏང་ན། ཁོང་གི་འབྲི་རྩོམ་གྱི་ཚད་ཧ་ཅང་མཐོན་པོར་སླེབས་ཡོད་པ་སྨོས་ཅི།

image1.jpg

ཡིན་ཡང་དུས་སྐབས་དེར་ཁོང་ལ་དེ་འདྲའི་དུས་ཚོད་ག་ལ་ཡོད། དེང་སྐབས་ལ་ལ་ཞིག་གིས་དཔལ་དོན་གྲུབ་རྒྱལ་ལ་མིང་འདྲ་མིན་སྣ་ཚོགས་འདོགས་པ་དང་། ཁོང་གི་གདོང་ལ་གྲིབ་མ་བགོ་བར་འདོད་མཁན་མང་པོ་ཡོད་ཀི། དེ་དག་ཕལ་ཆེ་བ་ཕྱི་རྒྱལ་ནས་ནར་སོན་པ་མ་ཡིན་པར་བོད་ནས་ཕྱི་རྒྱལ་ལ་བྲོས་པའི་མི་རེ་གཉིས་རེད། ཕྱི་རྒྱལ་ནས་ཁ་ངན་ལངས་ལ་སོང་བ་མ་གཏོགས་ཕྱིར་བོད་དུ་ཡོང་ནས་སྐད་ཆ་དེ་འདྲ་བཤད་ཐུབ་རྒྱུ་ན་བཟང་གི། སྐད་ཆ་དེ་འདྲ་ཕྱི་རྒྱལ་ནས་བཤད་མི་དགོས་པར་ནང་ནས་བཤད་ནའང་འགྲིག་འདུག སྐྱོན་མེད་དེ། ཆབ་སྲིད་ལ་མི་འགལ། སྐྲག་མི་དགོས། ཕྱི་ནས་སྐད་ཆ་དེའི་རིགས་ལ་ཤུགས་རྒྱག་དགོས་དོན་ཡོད་ནི་མ་རེད། ངས་བསམ་ན་ཁོ་ཚོས་རང་དབང་ལ་གོ་བ་བླངས་པ་ཡང་དག་མིན་པ་འདྲ། རང་དབང་གི་གོ་དོན་ནི་རང་གི་ཁེ་ཕན་གྱི་དབང་ཆ་བརྩོན་ལེན་བྱེད་རྒྱུ་དེ་ཡིན། དེ་རིང་དཔལ་དོན་གྲུབ་རྒྱལ་གྱི་དུས་དྲན་དང་འབྲེལ་བྱིས་པའི་རྩོམ་རིག་བཤད་འཆར་རེད། གོང་ནས་བཤད་པ་ལྟར་དུ། བྱིས་པའི་རྩོམ་རིག་འདི་དཔལ་དོན་གྲུབ་རྒྱལ་གྱིས་ཤུགས་རྒྱག་འདོད་པའི་ཚན་པ་ཞིག་རེད། རྒྱུ་མཚན་མ་བཤད་ཀྱང་ཤེས་ཏེ་རྒྱལ་ཁབ་དང་མི་རིགས་ཤིག་ལ་མཚོན་ན་བྱིས་པ་ནི་མ་འོངས་པ་རེད་ཟེར་བ་ལྟར། བོད་འདི་དཔལ་འབྱོར་ཅན་དང་རིག་གནས་ཅན་ཏུ་འགྱུར་དགོས་ན་སོ་སོའི་བྱིས་པ་གསོ་སྐྱོང་ཡག་པོ་བྱེད་རྒྱུ་གཙོ་བོ་ལོས་ཡིན། དཔལ་དོན་གྲུབ་རྒྱལ་གྱིས་མི་བུ་ཞེས་པ་ཞིག་གླེང་ཡོད་ཚོད་རེད། མདོར་ན་བྱིས་པ་གསོ་སྐྱོང་བྱེད་པ་ནི་མི་བུ་གསོ་སྐྱོང་བྱེད་པ་ཉིད་ཡིན།

QQ图片20151201105137.jpg

མི་བུ་ཞེས་པར་མི་མང་པོས་འགྲེལ་བརྗོད་སྣ་ཚོགས་བྱེད་ཀི། ལ་ལས་མི་བུ་ནི་སྐྱེ་བུ་དམ་པ། སྐྱེ་བུ་ཆེན་པོ། ས་སྐྱོང་དང་རྒྱལ་པོ་སོགས་ལ་གོ་བར་འདོད། ཡིན་ཡང་འདི་ནས་མི་བུ་ཟེར་དུས། ལྷ་མ་ཡིན་པ། འདྲེ་མ་ཡིན་པ། མི་ཡི་བུ་ཡིན་པ་དེ་གཞིར་བཞག་གི་ཐོག་ནས། མི་བུ་ཞེས་པ་ངལ་རྩོལ་བྱེད་མཁན་གྱི་བུ་ཡིན་པ་ཞིག་གོ་དགོས་ཏེ། ལུས་ཤུགས་ངལ་རྩོལ་དང་ཀླད་ཤུགས་ངལ་རྩོལ་ལ་བརྟེན་ནས་རང་གི་འཚོ་གནས་འཕེལ་རྒྱས་སུ་གཏོང་མཁས་པ། འཇིག་རྟེན་ཆོས་ཉིད་དང་མཐུན་པའི་འཚོ་ཐབས་ལ་འབད་མཁན་གྱི་མིང་ལ་མི་བུ་ཟེར་གྱི་འདུག བྱིས་པའི་རྩོམ་རིག་གི་དམིགས་བྱའང་དེ་འདྲའི་མི་བུ་གསོ་སྐྱོང་བྱེད་རྒྱུ་ཉིད་རེད། གནའ་མི་ཚོས་མི་བུ་ཅི་ལྟར་གསོ་སྐྱོང་བྱས་མྱོང་བར་ཕྱིར་དྲན་ཅིག་བྱས་ན། གནའ་བོའི་བོད་སྤྱི་ཚོགས་ཀྱི་སྒྲིག་གཞི་ནི་སྒྲུང་ལྡེའུ་བོན་གསུམ་ལས་གྲུབ་ཅེས་སྒྲུང་ཐོག་མར་བརྩིས་འདུག སྐབས་དེའི་སྒྲུང་ཟེར་བ་དེང་སང་གི་སློབ་གསོའི་སྡེ་ཁག་ལྟ་བུ་རེད། སྐབས་དེར་བཙན་པོའི་རྒྱལ་རབས་དཔལ་འབྱོར་དང་དམག་དོན་སོགས་ཕྱོགས་གང་ཐད་ནས་ཧ་ཅང་སྟོབས་ཆེན་པོར་གྱུར་པའང་རྒྱབ་ན་སློབ་གསོའི་སྒྲིག་གཞི་སྟོབས་ཆེན་ཞིག་ཡོད་པས་ཡིན་ལ། དེ་ཡང་གཙོ་བོ་སྒྲུང་གི་སྒྲིག་གཞི་དེར་བརྟེན་ནས་མི་བུ་གསོ་སྐྱོང་བྱེད་རྒྱུ་གཙིགས་ཆེན་ཏུ་བཟུང་འདུག སྒྲུང་གིས་རྣམ་པ་མི་འདྲ་བ་གསུམ་གྱི་ཐོག་ནས་མི་བུ་གསོ་སྐྱོང་བྱེད་པ་སྟེ། དང་པོ་ནི། བྱིས་པ་ལོ་བཞི་ནས་དྲུག་གི་བར་དུ། སྲོག་ཆགས་ཁོ་ནའི་སྒྲུང་བཤད་པ་རེད། དཔེར་ན་རི་བོང་གིས་སེང་གེ་ཁྲོམ་པའི་ནང་ལ་མཆོངས་སུ་བཅུག་པ།

QQ图片20151201105131.jpg

རྟ་འདམ་ལ་འཛེར་བ་སྤྱང་ཀིས་བླངས་པ་ལྟ་བུ། ཚང་མ་སྲོག་ཆགས་སྣ་གཉིས་རེའི་བར་གྱི་དོན་དག་རེད། དེ་ལས་མི་གཤིས་བསྐྱེད་བསྲིང་བྱེད་ཅིང་། ཆུང་དུས་ནས་མི་གཤིས་ལ་བསམ་བློ་གཞན་གྱིས་ཤན་ཤུགས་ཅི་ཡང་མེད་པར་དངོས་ཡོད་སྤྱི་ཚོགས་དང་དམ་དུ་སྦྲེལ་ནས། གཞན་ཕམ་པར་བྱེད་པའི་བློ་རིག་དང་ཐབས་ཤེས་སྦྱོང་དུ་འཇུག་གི་ཡོད། སྒྲུང་གི་རིགས་གཉིས་པའི་ནང་ནས་སྲོག་ཆགས་ཀྱི་ནང་ལ་མི་བསྲེས་ཡོད། སྒྲུང་དེའི་རིགས་ནི་བྱིས་པ་ལོ་བདུན་ནས་དགུའི་བར་ལ་བཤད། གྲོང་ཆོག་པར་མགོ་བསྐོར་བ་ལྟ་བུ་རེད། སྒྲུང་འདིའི་རིགས་ཀྱི་ནང་སྲོག་ཆགས་དང་མི་འབྲེལ་འདྲིས་བྱེད་དུ་བཅུག་སྟེ་གཏམ་རྒྱུད་བང་རིམ་ཅན་ཏུ་བཏང་སྟེ་བྱིས་པར་རང་ཁེ་གཙོ་བོར་འཛིན་རྒྱུ་བཤད་འདུག རིགས་གསུམ་པ་ནི་སྲོག་ཆགས་མ་འདྲེས་པའི་མི་ཁོ་ནའི་གནའ་གཏམ་རེད། དེ་འདྲའི་གནའ་གཏམ་གྱི་ནང་ལ་སྐབས་རེར་མ་སངས་ཡ་རི་ཁ་ཁྲ་ཟེར་བའི་ཡ་མཚན་ཅན་རེ་གཉིས་ཐོན་སྲིད་ཀྱང་། མང་ཆེ་བ་མི་རྐྱང་རྐྱང་བར་གྱི་དོན་དག་ཡིན་ལ། དེའི་ནང་སྤྱི་ཚོགས་ཐོག་གི་ལེགས་ཉེས་བླང་དོར་གཙོ་བོར་བཟུང་སྟེ་སྤྱི་ཚོགས་ཀྱི་ཀུན་སྤྱོད་སྐོར་གཙོ་བོར་བཤད་འདུག དོན་ལ་རྒྱལ་སྲིད་ཇི་ལྟར་སྐྱོང་ཐབས་སྐོར་གྱི་བློ་གྲོས་བཤད་ཡོད། སྒྲུང་འདིའི་རིགས་ལོ་བཅུ་ནས་བཅུ་གཉིས་བར་གྱི་ཉན་བྱ་ཡིན་ལ། ལོ་བཅུ་གསུམ་ཐོག་ལྡེའུའི་གནས་སྐབས་ཏེ། དམག་གྲས་སུ་འཇུག་དགོས། གནའ་བོའི་བོད་ཀྱི་སློབ་གསོ་འདི་འདྲ་ཞིག་རེད། སློབ་གསོ་དེའི་དམིགས་བྱ་གཙོ་བོའང་མི་བུ་བསྐྱེད་བསྲིང་བྱེད་རྒྱུ་དེ་རེད། དཔལ་དོན་གྲུབ་རྒྱལ་གྱིས་ཁོང་གི་མཐར་མ་ཕྱིན་པའི་མི་ཚེ་ཐུང་ངུའི་རིང་ལ་བོད་མི་རིགས་འདིར་ཕྱོགས་གང་ཐད་ཀྱི་གནད་འགག་གི་ལམ་ག་ཚང་མ་བསྟན་ཡོད། ཁོང་གི་མཐར་ཐུག་གི་དམིགས་ཡུལ་ནི་བོད་ཀྱི་མི་རབས་གསར་བའི་བསམ་བློར་ལྷ་དང་འདྲེས་དབང་བསྒྱུར་མི་བྱེད་པར། ངལ་རྩོལ་ལ་བརྟེན་ནས་རང་ཉིད་ཀྱི་འཚོ་གནས་ལེགས་བསྒྱུར་དང་། འཕེལ་རྒྱས། གསར་གཏོད་གཏོང་མཁས་པ་ཞིག་ཏུ་འགྱུར་བའི་སྨོན་འདུན་རེད། བདག་གིས་བྱིས་སྒྲུང«ཙིག་ཕྲུག་གི་ཉེན་ཁའི་ཟིན་ཐོ»ཞེས་པའང་སློབ་ཆུང་གི་ལོ་རིམ་ལྔ་བ་དྲུག་པ་ནས་སློབ་འབྲིང་སློབ་མའི་ཆུ་ཚད་ལ་བསྟུན་ཡོད་ཅིང་། དེས་སློབ་མ་ཚོའི་བོད་ཡིག་གི་ཆུ་ཚད་མཐོར་འདེགས་ལ་རོགས་རམ་འདྲ་བྱེད་ཨེ་ཐུབ་སྙམ་ནས་བྲིས་པ་ཡིན་ལ། ཡིག་སྐྱོན་དང་ཚིག་སྐྱོན་མང་པོ་ཡོད་སྲིད་པས་ཀུན་གྱིས་ལེགས་བཅོས་གནང་རོགས་ཟེར་རྒྱུ་ཡིན། བཀའ་དྲིན་ཆེ།

image2.jpg

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།