ད་ལྟ་གཟིགས་བཞིན་པ། > མདུན་ངོས། > རྩོམ་རིག > འཕྲིན་གསར།

བོད་ཀྱི་དེང་རབས་བུད་མེད་རྩོམ་པ་པོའི་དཔེ་ཚོགས་དེབ་ཕྲེང་གཉིས་པ་པར་སྐྲུན་ལེགས་འགྲུབ་བྱུང་།

སྤེལ་དུས། 2016-03-08 15:48:57   ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། དབང་རྒྱལ་ཚེ་རིང་།

当代女作家文丛封面效果图副本.jpg

བོད་ཀྱི་དེང་རབས་བུད་མེད་རྩོམ་པ་པོའི་དཔེ་ཚོགས་དེབ་ཕྲེང་གཉིས་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔེ་སྐྲུན་བྱས་ཏེ་དངོས་སུ་ལེགས་འགྲུབ་བྱུང་བས། རྒྱ་ཆེ་བའི་བོད་རིགས་སྤུན་ཟླ་ཡོངས་དང་ལྷག་པར་དུ་རྒྱལ་སྤྱིའི་བུད་མེད་དུས་ཆེན་ལ་རྟེན་འབྲེལ་མཚོན་བྱེད་དུ་ཕུལ་བ་ཡིན། དཔེ་ཚོགས་འདིའི་ནང་དུ་རྩོམ་ལུས་སྙན་ངག་དང་སྒྲུང་རྩོམ་རིགས་གཉིས་ཀྱིས་གྲུབ་ཡོད་ཅིང་། དེ་དག་ནི་འཆི་མེད་ཀྱི་«ཆུའི་ལང་ཚོ»དང་བདེ་སྐྱིད་སྒྲོལ་མའི་«བྱུར་དམར་འཁྲི་ཤིང»ཚེ་རིང་འཚོའི་«ཨ་མའི་བཞོ་ཟེའུ»ཚེ་སྒྲོན་སྐྱིད་ཀྱི་«ཞེན»བོད་གཞུག་སྐྱིད་ཀྱི་«སྐྱ་རེངས»བཅས་ཡིན། དཔེ་ཚོགས་འདི་ནི་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་དཔལ་མོ་ལགས་ཀྱིས་གཙོ་སྒྲིག་གནང་ཞིང་དངོས་སུ་འགོ་བརྗོད་བྲིས་ཡོད། ཁོང་གིས་དཔེ་ཚོགས་འདིའི་འགོ་བརྗོད་ནང་དུ་“ཐེངས་འདིའི་དཔེ་ཚོགས་ཀྱི་རྩོམ་པ་པོའི་དཔུང་ཁག་བཟང་ལ་སྟོབས་ཤུགས་ཆེ། ལྷག་པར་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་བསྟན་བཅོས་སྣ་ཚོགས་ཀྱི་དགོངས་གཞི་མཚོན་བྱེད་ཚེག་བར་མང་ཉུང་མི་འདྲ་བའི་སྙན་ངག་དང་སྒྲུང་རྩོམ་གྱི་དཔེ་ཆ་རིགས་གཉིས་ཡོད་པ་དང་ཚིག་གི་སྦྱོར་བ་མི་འདྲ་བའི་འབྲི་ཐབས་སྤྱད་པར་སྙན་ཆ་ལྡན་ལ་སྡེབ་སྦྱོར་ལེགས་པའི་ཁྱད་ཆོས་ཐོན་ཡོད་པས་དགའ་འོས་པ་དང་རྗེས་སུ་ཡི་རང་བྱ་འོས་པ་ཞིག་རེད།”ཅེས་གདེང་འཇོག་མཐོན་པོ་གནང་ཡོད་པས། རྒྱ་ཆེའི་ཀློག་མཁན་ཡོངས་ལ་གཟིགས་རྟེན་དུ་ཕུལ་བ་དགེ་གྱུར་ཅིག །

当代女作家文丛封面-水之韵副本.jpg

པདྨ་འཚོ(འཆི་མེད)། ལོ་རབས་དྲུག་ཅུ་བའི་སྨད་ཙམ་ལ་རེབ་གོང་ས་དཀྱིལ་སྡེ་བར་སྐྱེས། རང་ལོ་བདུན་པ་ནས་ཕ་ཡུལ་གྱི་སློབ་གྲྭ་ཆུང་འབྲིང་ཁག་རིམ་པར་བརྒྱུད་ཅིང་། ༡༩༨༧ལོར་མཚོ་སྔོན་མི་རིགས་སློབ་ཆེན་མོའི་བོད་སྐད་ཡིག་སྡེ་ཁག་ནས་མཐར་ཕྱིན་ཏེ་ད་ལྟའི་བར་དུ་ཕ་ཡུལ་ན་བོད་ཡིག་དགེ་རྒན་གྱི་ལས་ཀ་གཉེར་གྱིན་ཡོད། རང་གི་དགའ་ཕྱོགས་ཀྱིས་སློབ་ཁྲིད་ཀྱི་བྱ་བའི་ཞོར་ཏུ་རྩོམ་ཡིག་མང་ཙམ་བྲིས་ཏེ་བོད་ཁུལ་གྱི་དུས་དེབ་སྣ་ཚོགས་སུ་བཀོད་ཅིང་། ༡༩༩༧ལོར་སྐབས་གཉིས་པའི་སྦྲང་ཆར་རྩོམ་རིག་བྱ་དགའ་ཐོབ། ༢༠༠༦ལོར་ལ་རྩེ་དཔེ་མཛོད་ཁང་གིས་རྒྱལ་སྤྱིའི་བོད་མོའི་རྩོམ་རིག་ཚོགས་འདུར་ཆེད་དུ་གདན་འདྲེན་ཞུས། ༢༠༠༨ལོར་མཚོ་སྔོན་བོད་སྐད་བརྙན་འཕྲིན་འཆད་ཁྲིད་མུན་སེལ་སྒྲོན་མེ་ལེ་ཚན་ལས«བོད་རིགས་བུད་མེད་ཀྱི་ཐོབ་ཐང་གླེང་བ»ཞེས་པ་འཆད་ཁྲིད་བྱས། ༢༠༡༢ལོར་སྐབས་གསུམ་པའི་གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ་ཐོབ་པ་དང། ལོ་དེར་སྙན་དེབ་ཐོག་མ་«ཟླ་བའི་རྨི་ལམ་»འགྲེམས་སྤེལ་བྱས་ཤིང་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱིས་སྙན་དེབ་དེ་རྒྱ་ཡིག་ཏུ་བསྒྱུར། ༢༠༡༥ལོར་སྐབས་གཉིས་པའི་འབྲོང་རྩོམ་རིག་གི་མིང་འདོན་བྱ་དགའ་ཐོབ་པ་དང་། ༢༠༡༦ལོར་སྙན་དེབ་གཉིས་པ«ཆུའི་ལང་ཚོ»བཀྲམས་པ་རེད།

当代女作家文丛封面-红珊瑚树副本.jpg

བདེ་སྐྱིད་སྒྲོལ་མ། རྨ་ལྷོ་སོག་རྫོང་གི་འབྲོག་ཁྱིམ་ཞིག་ནས་སྐྱེས། ༡༩༩༠ལོར་ནུབ་བྱང་མི་རིགས་སློབ་གླིང་བོད་ཡིག་སྡེ་ཁག་ནས་མཐར་ཕྱིན་རྗེས་སྔ་གཞུག་ཏུ་སློབ་འབྲིང་དགེ་རྒན་དང་། སྲིད་གཞུང་དྲུང་ཡིག སྲིད་འཛིན་ལས་ཀ་སོགས་གཉེར་མྱོང་། བརྩམས་ཆོས་སྐོར་ཞིག་དབྱིན་ཇི་དང་། སོག་པོ། ཧྥ་རན་སི། ཉི་ཧོང་། རྒྱ་ནག་སོགས་ཀྱི་ཡི་གེར་བསྒྱུར་ཡོད། རིམ་བཞིན་སྙན་ངག་དེབ«སྙན་ངག་གི་མིག་ཆུ»དང་། ལྷུག་རྩོམ་དེབ«ཆར་ཟམ་ཟིམ། སྨུག་ལང་ལོང» སྙན་ངག་དེབ«རྩྭ་ཐང་གི་བརྩེ་བ»རང་གིས་རྒྱ་ཡིག་ཏུ་བསྒྱུར་བའི«བདེ་སྐྱིད་སྒྲོལ་མའི་སྙན་ངག་གཅེས་བཏུས»སྙན་ངག་དེབ«བྱུར་དམར་འཁྲི་ཤིང»ཞེས་པ་སོགས་པར་སྐྲུན་བྱས་ཡོད། «སྦྲང་ཆར»རྩོམ་རིག་བྱ་དགའ་དང་མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་བྱ་དགའ་ཐོབ་མྱོང་། ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་ཡིན། ད་ལྟ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང«རང་གྲོལ»དུས་དེབ་ཀྱི་རྩོམ་སྒྲིག་པའི་འགན་ཁུར་ཡོད།

当代女作家文丛封面-妈妈的挤奶桶副本.jpg

ཚེ་རིང་འཚོ། ༡༩༨༠ལོར་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀླུ་ཆུ་རྫོང་མ་ངེ་སྡེ་བ་ནས་སྐྱེས། ༢༠༠༠ལོར་ཀན་ལྷོ་བོད་རིགས་འབྲིང་རིམ་ཆེད་གཉེར་སློབ་གྲྭ་ནས་མཐར་ཕྱིན་ཏེ་སློབ་ཆུང་དགེ་རྒན་གྱི་བྱ་བ་ལོ་བཅུ་ལྷག་ལ་གཉེར། ད་ལྟ་ཀླུ་ཆུ་རྫོང་བོད་རིགས་སློབ་འབྲིང་དུ་དགེ་རྒན་གྱི་བྱ་བ་གཉེར་གྱིན་ཡོད། མི་རིགས་ཀྱི་སློབ་གསོའི་ལས་གནས་ཁྲོད་མོས་རང་གི་ནུས་ཚོད་དང་ལྷག་བསམ་རྣམ་དག་གིས་སློབ་མའི་མི་གཞི་གཙུག་ཏུ་བཟུང་ནས་སློབ་ཁྲིད་བྱེད་བཞིན་ཡོད་ལ། ད་སྔ་བྱ་བའི་ལས་གནས་ཁྲོད་ཁུལ་རིམ་པ་དང་རྫོང་རིམ་པ། སློབ་གྲྭའི་ནང་ཁུལ་སོགས་ནས་སྔོན་ཐོན་གྱི་གཟེངས་རྟགས་ཀྱང་གང་མང་བླངས་མྱོང་། ལས་ཀའི་བྲེལ་གསེང་བར་ནས་སེམས་ཚོར་དབྱངས་ལ་འདྲེན་རྒྱུ་ནི་མོའི་དགའ་ཕྱོགས་ཤིག་ཏུ་གྱུར་ཡོད། མོས«གངས་རྒྱན་མེ་ཏོག»དང«གངས་རིའི་བུ་མོ» «མཛོད་གཡང་ཕྱུག་མོའི་རེ་སྙེག» སོགས་སྤྱི་སྒེར་གྱི་དུས་དེབ་སོགས་སུ་སྙན་ཚིག་གི་མེ་ཏོག་གཏོར་མྱོང་ལ། དྲ་ཚོམས«སྙན་ངག་གི་ཕ་ཁྱིམ»ལོ་དེབ་སོགས་སུ་ཡང་སྙན་ངག་གི་དབྱངས་རྟ་བཀྲོལ། ཉིས་སྟོང་བཅུ་གཉིས་ལོར«སྦྲང་ཆར»རྩོམ་སྒྲིག་ཁང་དང«གངས་རིའི་བུ་མོ»རྩོམ་སྒྲིག་པས་མཉམ་འབྲེལ་བྱས་པའི«སྐབས་དང་པོའི་བུད་མེད་རྩོམ་པ་པོའི་གསབ་སྦྱོང»ལ་ཞུགས་ནས་དགེ་རྒན་མང་པོའི་མཛུབ་སྟོན་དང་མོས་པ་མཐུན་པའི་གྲོགས་མོ་མང་པོའི་དགའ་ཕྱོགས་བར་ནས་ཡིད་ཆེས་དང་བརྩོན་སེམས་ཀྱི་རི་མོ་ཇེ་གསལ་ཏུ་གྱུར་བས་སྙན་ངག་ལ་ལག་འཇུ་ལྷོད་མ་མྱོང་བས། ད་ལོར་སྙན་དེབ་ཐོག་མ«ཨ་མའི་བཞོ་ཟེའུ»ཞེས་པ་མི་ཡུལ་ལ་ཟས་རིན་ཙམ་དུ་ཕུལ་བའོ། །

当代女作家文丛封面-恋副本.jpg

ཚེ་སྒྲོན་སྐྱིད་དམ་མུ་ཏིག་དཀར་པོ། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་འབའ་རྫོང་དུ་སྐྱེས། ༡༩༩༧ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཡིག་སྡེ་ཁག་ནས་མཐར་ཕྱིན། ༡༩༩༧ནས༢༠༡༤ལོའི་བར་ཡུལ་ཤུལ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོ་རུ་དགེ་རྒན་གྱི་བྱ་བ་གཉེར། ཞོར་དུ་ཡུལ་ཤུལ་ཁུལ་གཙང་སྟོད་ཞབས་འདེགས་ཚོགས་པ་རུ་རྒྱུན་ལས་ལས་འཛིན་དང་དྲུང་ཡིག་གི་འགན་འཁུར་མྱོང་། སྔ་གཞུག་ཏུ་བོད་ཁུལ་གྱི་དུས་དེབ་དང་ཚགས་པར་སྟེང་དུ་སྒྲུང་གཏམ་དང་སྙན་ངག་མང་པོ་བྲིས་ཏེ་ཀློག་པ་པོས་དགའ་བསུ་ཆེན་པོ་ཐོབ་ལ། ༢༠༠༥ལོར་སྒྲུང་ཐུང་ཕྱོགས་བསྒྲིགས«སྐྱོ་སྣང་གི་ཟློས་གར»ཞེས་པ་དཔེ་སྐྲུན་བྱས།

当代女作家文丛封面-黎明副本.jpg

བོད་གཞུག་སྐྱིད། 1983ལོར་མདོ་སྨད་ཁྲི་ཀ་ནས་སྐྱེས། 2006ལོར་མཚོ་སྔོན་སློབ་ཆེན་གསོ་རིག་སློབ་གླིང་ནས་དངོས་གཞི་སློབ་མཐར་ཕྱིན། 2011ལོར་ཨ་རིའི་སློབ་གྲྭ་ཆེན་མོJohns Hopkinནས་ཟླ་བ་དྲུག་རིང་རྒྱལ་སྤྱིའི་ཐུན་མོང་འཕྲོད་བསྟེན་རིག་པར་སློབ་གཉེར་བྱས། 2013ལོར་མཚོ་སྔོན་གསོ་རིག་སློབ་ཆེན་ནས་རམ་འབྱམས་ཞིབ་འཇུབ་སློབ་མའི་དམ་བཅའ་བླངས། དེ་དུས་བར་གསེང་གི་དུས་ཚོད་སྤྱད་ནས་ཐེངས་དུ་མར་གཞི་རིམ་སྐྱེས་མ་ཚོར་འཕྲོད་བསྟེན་བདེ་ཐང་གི་རྒྱུན་ཤེས་བརྒྱུད་སྒྲོག་བྱས། གཞན་ཆེད་ལས་ཀྱི་ཞོར་ནས་རང་གི་དགའ་ཕྱོགས་ཀྱང་མ་དོར་བར་«སྦྲང་ཆར»དང«གངས་རྒྱན་མེ་ཏོག»«གངས་རིའི་བུ་མོ»སོགས་དུས་དེབ་སྟེང་བརྩམས་ཆོས་སྣ་མང་བཀོད་ཡོད། 2011ལོར་རྒྱལ་ཡོངས་བྱམས་བུད་མེད་རྩོམ་རིག་བྱ་དགའ་ཨང་དང་པོ་ཐོབ། 2015ལོར«སྤྱོད་ལམ་དང་ཁྲིམས་ལུགས»ཞེས་པའི་ཁ་བྱང་གཅིག་པའི་འབོལ་རྩོམ་འགྲན་བསྡུར་ཁྲོད་བྱ་དགའ་ཨང་གཉིས་པ་ཐོབ་མྱོང་། བརྩམས་ཆོས་ལ«བུ་མོ་ཚོ། མགོ་བོ་དགྱེ»«བཞེངས་མ་ནུས་པའི་བོད་ལ་བྲིས་པ»སོགས་ཡོད། ད་ལྟ་མཚོ་སྔོན་གསོ་རིག་ཞིབ་འཇུག་གླིང་ནས་གནའ་དཔེའི་ཞིབ་འཇུག་གི་ལས་ཀར་འཇུས་ཡོད།

 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།