ད་ལྟ་གཟིགས་བཞིན་པ། > མདུན་ངོས། > རྩོམ་རིག > འཕྲིན་གསར།

བོད་ཀྱི་ལོ་རྒྱུས་སྨྲ་བ་རྒྱལ་མོ་འབྲུག་པའི་ཆེད་རྩོམ་ཕྱོགས་བསྒྲིགས་པར་སྐྲུན་དང་འབྲེལ་ཏེ་ཁོང་ལ་བཅར་འདྲི་ཞུས་པ།

སྤེལ་དུས། 2016-06-17 09:45:05   ཡོང་ཁུངས། རང་རེའི་ལས་ཁུངས།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། ལྕགས་ཐར་ཚེ་རིང་།

图2.jpg

ཨ་མདོ་བརྙན་འཕྲིན་ཁང་གི་གསར་འགོད་པ། བཀྲ་ཤིས་སྐྱབས།
བཅར་འདྲི་བས།
   རྒན་ལགས། བཀྲ་ཤིས་བདེ་ལེགས། ན་ནིང་ཁྱེད་ཀྱི་《བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ་》(དག་བཅོས་མ)འགྲེམ་སྤེལ་གྱི་ཐོག་མར་ངས་ཁྱེད་ལ་བཅར་འདྲི་ཞིག་ཞུས་པ་ཡིན་ལ། ད་ཐེངས་ཡང་ཁྱེད་ཀྱི་ཆེད་རྩོམ་ཕྱོགས་བསྒྲིགས་པར་སྐྲུན་བྱས་འདུག་པས། དེ་འཕྲལ་སྔ་བ་གསུམ་གྱི་སྔོན་མ་བྱས་ཏེ་ཁྱེད་ལ་དེའི་སྐོར་གྱི་གནས་ཚུལ་འགའ་བཅར་འདྲི་ཞུ་བསམ་པ་ཡིན། ཐོག་མར་ཁྱེད་ལ་བཀྲ་ཤིས་བདེ་ལེགས་ཞུ།
རྒྱལ་མོ་འབྲུག་པས།
   ཡ་ཡ། བཀའ་དྲིན་ཆེ།
བཅར་འདྲི་བས།

དེ་ནས་ངས་ཐོག་མར་ཤེས་འདོད་པ་ནི། ཁྱེད་ཀྱིས་དུས་ཡུན་རིང་པོར་བོད་ཀྱི་ལོ་རྒྱུས་སྐོར་ལ་ཞིབ་འཇུག་གནང་བ་དང་། དེའི་སྐོར་གྱི་དཔྱད་རྩོམ་བྲིས་པའང་ཧ་ཅང་མང་ཡང་ད་བར་དུ་ཆེད་རྩོམ་ཕྱོགས་བསྒྲིགས་པར་སྐྲུན་མ་བྱས་པ་འདྲ།
རྒྱལ་མོ་འབྲུག་པས།
   རེད་ལགས། ང་ཐོག་མར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ལ་ལས་ཀ་སྤོས་པ་ནས་ད་ལྟའི་བར་དུ་གཙོ་བོ་དཔེ་སྐྲུན་ཁང་འདིའི་བོད་ཡིག་དཔེ་དེབ་སྐོར་ལ་འཆར་གཞི་བཟོ་བ་དང་ཇུས་འགོད་བྱས་པ་ཡིན། དེ་སྔོན་ང་ཚོས་བོད་རིགས་གཞོན་སྐྱེས་སློབ་དཔོན་ཆེན་མོའི་ཐོབ་ཐང་ཡོད་མཁན་སྐོར་ཞིག་གི་ཆེད་རྩོམ་ཕྱོགས་བསྒྲིགས་ཀྱི་དཔེ་ཚོགས་ཤིག་པར་སྐྲུན་བྱས་ཤིང་། ད་བར་དུ་དེང་དུས་ཀྱི་མཁས་པ་བཅུ་གྲངས་ལྷག་གི་ཆེད་རྩོམ་པར་སྐྲུན་བྱས་པར་ཀློག་མཁན་གྱི་དགའ་བསུ་ཐོབ། ངས་ཀྱང་བོད་ཀྱི་ལོ་རྒྱུས་སྐོར་ལ་ཞིབ་འཇུག་བྱས་དང་བྱེད་བཞིན་ཡོད་པས་དཔྱད་རྩོམ་འགའ་རེ་ཡོད་མོད། འོན་ཀྱང་ང་དཔེ་སྐྲུན་ཁང་གི་འགན་འཛིན་པ་ཡིན་བཞིན་དུ་རང་གི་དཔྱད་རྩོམ་རྣམས་སྔོན་ལ་པར་སྐྲུན་བྱས་ན་རང་གའི་འགྲོ་སྟངས་དང་ཅུང་མི་མཐུན་པས་ད་བར་དུ་དམིགས་སུ་འགྱངས་པ་ཡིན། ད་ལོ་རྒྱལ་ཁབ་ཕྱི་ནང་ན་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་གཉིས་འཚོག་རྒྱུའི་གྲ་སྒྲིག་བྱེད་བཞིན་པའི་སྒང་ལ། རང་གིས་ཀྱང་ལོ་རྒྱུས་ལ་ཞིབ་འཇུག་ལོ་མང་བྱས་པའི་འབྲས་བུ་ཚོགས་འདུ་གཉི་ཀའི་སྟེང་ནས་རྒྱལ་ཁབ་ཕྱི་ནང་གི་མཁས་པ་ཚོར་མཚམས་སྦྱོར་དང་བགྲོ་གླེང་བྱེད་ཆེད་རང་ཉིད་ཀྱི་ཆེད་རྩོམ་ཕྱོགས་བསྒྲིགས་འདི་ད་ལོའི་དཔེ་སྐྲུན་འཆར་གཞིའི་ནང་བཞག་ནས་པར་སྐྲུན་བྱས་པ་ཡིན།
བཅར་འདྲི་བས།
   རེད་ལགས། ད་ལན་གྱི་དེབ་འདིའི་ནང་ཁྱེད་ཀྱི་དཔྱད་རྩོམ་ཁ་ཚང་བསྡུས་ཨེ་ཡོད། དེའི་སྐོར་ནས་ངོ་སྤྲོད་ཅིག་གནང་རོགས།
རྒྱལ་མོ་འབྲུག་པས།
   ངའི་ཆེད་རྩོམ་ཕྱོགས་བསྒྲིགས་འདིའི་ནང་ཕལ་ཆེར་དུས་སྐབས་བཞི་ཙམ་དུ་ཕྱེས་ནས་ང་རང་གི་དཔྱད་རྩོམ་དང་རྩོམ་ཡིག་ཁ་ཚང་བསྡུས་ཡོད། དེ་ལས་དུས་སྐབས་དང་པོ་ནི་ང་རང་གཞོན་སྐྱེས་སྐབས་ཀྱི་ཆེད་རྩོམ་ཁ་ཤས་བསྡུས་ཡོད་པ་དཔེར་ན། 《རྒྱལ་པོ་གྲི་གུམ་བཙན་པོ་ཡབ་སྲས་དང་སྐབས་དེའི་བྱུང་བ་མདོར་བསྡུས་》ཞེས་པ་དང་། 《རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་འཁྲུངས་ཡུམ་ངོ་མ་ཡང་སྙིང་སུ་རེད་དམ》ཞེས་པ། 《རྒྱལ་བ་ཚངས་དབྱངས་རྒྱ་མཚོར་དཔྱད་པ་》ཞེས་པ་དང་། 《གླིང་གེ་སར་དང་སྒྲུང་གེ་སར་》ཞེས་པ་སོགས་དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུའི་ནང་ང་རང་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་དུ་ཡོད་སྐབས་བྲིས་པ་ཤ་སྟག་ཡིན། གཙོ་བོ་སྐབས་དེར་མཁས་བླུན་གཉིས་ཀས་བོད་ཀྱི་ལོ་རྒྱུས་སྐོར་ལ་ལྟ་བ་འགྲིག་མིན་གང་བྱུང་མང་བྱུང་སྤེལ་བ་མཐོང་ནས་རང་གི་ལྟ་ཚུལ་ཙམ་བྲིས་པ་ཡིན་ལ། དེ་དག་དེང་སང་བལྟས་ན་ཆེད་རྩོམ་དེ་དག་གི་ལྟ་བ་དང་རང་ལུགས་ཕྱོགས་ལ་ཕལ་ཆེར་འཁྲུལ་བ་མེད་མོད། འོན་ཀྱང་དུས་སྐབས་དེར་དེང་སང་ལྟ་བུ་མིན་པར་དཔེ་ཆ་ཤིན་ཏུ་དཀོན་ལ་རྒྱུ་ཆ་ཡང་དབེན་པས། ད་སྐབས་བལྟས་ན་ཡིག་ཆའི་རྒྱབ་རྟེན་མང་པོ་ཞིག་རག་མ་ཐུབ་པའི་སྐྱོན་དང་གནས་ཚུལ་འགའ་རེ་ཡོད།
བཅར་འདྲི་བས།
   རེད་ལགས། དེ་དུས་དཔྱད་གཞིའི་ཡིག་ཆ་མ་ཟད་སྤྱིར་བཏང་གི་དཔེ་དེབ་དང་དུས་དེབ་སོགས་ཀྱང་ཧ་ཅང་དཀོན་པས་གཡར་རེས་བྱས་ཏེ་ཀློག་གི་འདུག །དེང་སང་དཔེ་དེབ་ལ་ལག་ཐོགས་མི་དགོས་པ་ལྟ་བུ་འདུག་པས་སྐལ་བ་བཟང་། རྒན་ལགས་ཀྱིས་དུས་སྐབས་གཉིས་པ་གསུམ་པ་སོགས་མུ་མཐུད་དུ་གསུང་རོགས།
རྒྱལ་མོ་འབྲུག་པས།
   ཡ་རེད། ང་སྤྱི་ལོ་༡༩༨༨ལ་དེང་སང་གི་ལས་ཁུངས་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཁོངས་གཏོགས་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ལ་ལས་གནས་སྤོས་པ་ཡིན། ང་ལས་ཁུངས་འདིར་སླེབས་དུས་བོད་ཀྱི་རིག་གཞུང་གི་ལས་གཞིའི་རྣམ་གྲངས་རྒྱ་ཆེ་ཞིང་གལ་ཆེ་བ་ཞིག་སྟེ། བོད་ཡིག་གི་བཀའ་བསྟན་གཉིས་དཔེ་སྡུར་བྱས་ནས་པར་སྐྲུན་བྱ་བའི་གྲ་སྒྲིག་གི་སྒང་ཡིན། ཐོག་མར་ངས་པེ་ཅིན་ནས་བསྟན་འགྱུར་དཔེ་སྡུར་མའི་པར་སྐྲུན་སྐོར་གྱི་བྱ་བ་བསྒྲུབས་པ་ཡིན་ལ། སྤྱི་ལོ་༡༩༩༦ལ་ལས་ཀའི་དགོས་མཁོ་ལྟར་གོང་རིམ་གྱིས་ཁོ་བོ་ཁྲིན་ཏུའུ་ལ་མངགས་ནས་བཀའ་བསྟན་དཔེ་སྡུར་མའི་ལས་ཀའི་འགན་གཙོ་བོ་འཁུར་དགོས་བྱུང་། དེའི་སྐབས་ལ་བྱ་བའི་དགོས་མཁོར་གཞིགས་ནས་བཀའ་བསྟན་ལོ་རྒྱུས་ལ་ཞིབ་འཇུག་བྱ་དགོས་བྱུང་བས་སྔ་ཕྱིར་《བཀའ་བསྟན་གྱི་པར་གཞི་ཁག་དང་བསྟན་འགྱུར་དཔེ་སྡུར་མའི་སྐོར་གླེང་བ་》ཞེས་པ་དང་། 《བཀའ་བསྟན་བོད་དུ་བསྒྱུར་བའི་ལོ་རྒྱུས་ལ་དཔྱད་པ་》ཞེས་པ། 《བཀའ་བསྟན་འབྲི་བཤུ་ པར་འདེབས་ཤོག་བཟོའི་ལག་རྩལ་སྐོར་ལ་དཔྱད་པ་》སོགས་དཔྱད་རྩོམ་འགའ་རེ་བྲིས་པ་ཡིན། འདིའི་ནང་ནས་དཔྱད་རྩོམ་ཕྱི་མ་དེར་༢༠༡༠ལོར་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ཇོ་མོ་གླང་མའི་བྱ་དགའ་ཨང་གཉིས་པའང་ཐོབ་མྱོང་།
དེ་ནས་བཀའ་བསྟན་དཔེ་སྡུར་མའི་ལས་གཞིའི་གྲུབ་པའི་ཚེ་དུས་རབས་ཉེར་གཅིག་པའི་ནང་སླེབས་སོང་། འདིའི་སྐབས་ལ་གཅིག་ནས་དཔེ་ཆ་དང་རྒྱུ་ཆ་མང་དུ་འདུག་པས་དཔྱད་རྩོམ་འབྲི་རྒྱུ་ཅུང་སླ་ཡང་། ལས་ཁུངས་ཀྱི་ལས་ཀ་མང་བས་དཔྱད་རྩོམ་མང་པོ་ཞིག་འབྲི་རྒྱུའི་ཁོམ་ལོང་བྱུང་མ་སོང་། སྐབས་དེ་ལ་དཔེར་ན། 《མངའ་རིས་གུ་གེ་རྒྱལ་པོའི་ཐོག་མའི་ལོ་རྒྱུས་ལ་དཔྱད་པ་》ཞེས་པ་དང་། 《ལི་ཡུལ་ཞེས་པའི་ཡུལ་མིང་ལས་འཕྲོས་པའི་གཏམ་》ཞེས་པ་སོགས་སྐབས་རེར་བོད་ཀྱི་མཁས་པ་ཚོས་ཐུགས་མཉམ་མ་བཞག་པའི་སྐོར་ལ་དཔྱད་པ་འགའ་རེ་བྱས་པ་ཡིན།
བཅར་འདྲི་བས།
   རེད་ལགས། ཁྱེད་རང་གི་ཞིབ་འཇུག་གི་འབྲས་བུ་ཅུང་ཟད་སྨིན་པའི་དུས་ནི་དུས་སྐབས་གང་ལ་ངོས་འཛིན་རྒྱུ་ཡིན་ལགས།
རྒྱལ་མོ་འབྲུག་པས།
   དེ་ནི་དུས་སྐབས་ཆེས་ཕྱི་མ་ཡིན་དགོས། དེ་ནི་ང་རང་ལ་མཚོན་ན་ཞིབ་འཇུག་གི་འབྲས་བུ་ཅུང་བཟང་པོ་རེ་ལོན་སོང་བསམ་པའི་སྐབས་ཀྱང་ཡིན། དུས་སྐབས་འདིའི་ནང་གཙོ་བོ་ང་རང་གིས་བྲིས་པའི་《བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ་》ཞེས་པའི་དེབ་ནང་དུ་ཐག་མ་ཆོད་པ་དང་། ཡང་ན་ཡིག་ཚོགས་ཀྱི་རྐྱེན་པས་ཁ་གསལ་མ་བྱུང་བའི་རིགས་ཁག་ཅིག་ལ་ཞིབ་མོ་རྣམ་འཐག་གི་ཚུལ་གྱིས་དཔྱད་རྩོམ་གལ་ཆེན་འགའ་བྲིས་པ་ཡིན། དཔེར་ན་《བོད་ཀྱི་ལོ་རྒྱུས་སྟེང་གི་བེ་རི་དང་བེ་རི་རྒྱལ་པོའི་སྐོར་ལ་དཔྱད་པ་》ཞེས་པ་ལྟ་བུ་ནི་ད་སྔ་བོད་རྒྱའི་མཁས་པ་སུས་ཀྱང་ཐུགས་མཉམ་མ་བཞག་པའི་སྐོར་ཡིན་ལ་དཔྱད་པ་ཅུང་ཟབ་མོ་བྱས་ཡོད་བསམ་གྱི་འདུག །དེ་མིན་ད་དུང་དཔེར་ན་《བོད་ཀྱི་ལོ་རྒྱུས་སྟེང་གི་སུམ་པ་དང་སུམ་པའི་རྒྱལ་ཁམས་སྐོར་ལ་དཔྱད་པ་》ཞེས་པ་དང་། 《བོད་ཀྱི་ལོ་རྒྱུས་སྟེང་གི་སྒ་འ་ཞ་དང་འ་ཞའི་རྒྱལ་ཁམས་སྐོར་ལ་དཔྱད་པ་》ཞེས་པ་དང་། 《བོད་ཀྱི་ལོ་རྒྱུས་སྟེང་གི་ལྡོང་མི་ཉག་དང་མི་ཉག་རྒྱལ་ཁམས་ཀྱི་སྐོར་ལ་དཔྱད་པ་》ཞེས་པ་སོགས་ང་རང་གིས་དཔེ་ཆར་བལྟས་ཚོད་དང་བསམ་བློ་བཏང་ཚོད་ཕལ་ཆེར་མཁས་པ་རྣམ་པའི་སྤྱན་ལམ་དུ་བསྟར་ཡོད་པ་འདི་ཡིན།
བཅར་འདྲི་བས།
   ལགས་སོ། །བཀའ་དྲིན་ཆེ། དེ་མིན་པའི་དཔྱད་རྩོམ་གཞན་གང་གི་སྐོར་བྲིས་ཡོད་ལགས།
རྒྱལ་མོ་འབྲུག་པས།
   སྤྱིར་བོད་ཀྱི་ལོ་རྒྱུས་སྐོར་ལ་ཞིབ་འཇུག་བྱ་རྒྱུ་ཤིན་ཏུ་མང་ལ། སྒོས་སུ་དེང་སང་བོད་ཀྱི་ལོ་རྒྱུས་དང་རིག་གནས། ཆོས་ལུགས་དང་དམངས་སྲོལ་སོགས་གང་ས་གང་ལ་ཤེས་མི་ཤེས་ཚང་མས་ས་བཤད་རྡོ་བཤད་མང་པོ་བྱེད་བཞིན་ཡོད་ལ། དེའི་ནང་ན་ཡང་དག་པ་འགའ་རེ་ལོས་ཡོད་ཀྱང་། ཡང་ཁ་ཤས་ཀྱིས་བོད་ཡིག་བོད་སྐད་མི་མཁྱེན་པས་བཤད་ཉེས་དང་འགྲེལ་ལོག་བརྒྱབ་ཡོད་པ་གང་ས་གང་ནས་མཐོང་གིན་འདུག་པས། སྐབས་འགར་ཡང་དེ་ཚོར་བསམ་བློ་མི་གཏོང་ཐབས་མེད་རེད། དཔེར་ན་ངའི་རྩོམ་ཡིག་《བོད་རིག་པའི་མིང་དོན་ལས་འཕྲོས་པའི་གཏམ་》ཞེས་པ་དང་། 《བོད་རྒྱའི་ལོ་རྒྱུས་ཡིག་ཚང་ཁྲོད་དུ་འབྱུང་བའི་ལོ་རྒྱུས་ཀྱི་ཐ་སྙད་འགའ་ལ་དཔྱད་པ་》ཞེས་པ་ལྟ་བུ་ཡོད་ལ། འདིའི་ནང་དང་པོས་དེང་སང་ཚང་མས་བོད་རིག་པར་འབོད་པའི་གནས་ཚུལ་སྐོར་ལ་རང་གི་ལྟ་ཚུལ་དང་། ཕྱི་མའི་ནང་བོད་རྒྱའི་ཡིག་ཚང་ཁྲོད་དུ་བོད་ཀྱི་ལོ་རྒྱུས་བཀོད་པའི་མིང་དང་ཐ་སྙད་ཁ་ཤས་སྐོར་ལ་རང་གིས་ལོ་མང་པོར་བསམ་བློ་བཏང་བའི་འབྲས་བུ་གསར་དུ་བཀོད་ཡོད། དཔེར་ན། རྒྱའི་ཡིག་ཚང་དུ་བཀོད་པའི་“白狼”དང་“白兰”ཟེར་བ། ད་སྔ་སུས་ཀྱང་དེའི་བོད་མིང་ངོ་མ་གང་ཡིན་ངོ་མ་འཕྲོད་ནས་མོ་སྟོན་ཕག་མགོ་མང་དུ་གནང་འདུག་པ་ལ། ཁོ་བོས་བོད་རྒྱའི་ཡིག་ཚང་བསྡུར་ནས་དེ་ནི་བི་རིའམ་བེ་རི་ཡིན་ཚུལ་ལུང་དང་རིགས་པས་ཉུང་བསྡུས་ཤིག་བསྒྲུབས་ཡོད་པ་དང་། ཡང་དཔེར་ན་རྒྱའི་ཡིག་ཚང་ནང་བོད་ཀྱི་ལོ་རྒྱུས་ཐ་སྙད་“浑末,温末”ཟེར་བ་ཞིག་བྱུང་བ་དེར་ཚང་མས་ཐུགས་མཉམ་མ་བཞག་པར་ཡི་གེ་སྣ་ཚོགས་འབྲི་ལ། ཁོ་བོས་ལོ་མང་རིང་དཔྱད་བསྡུར་བྱས་འབྲས་སུ་མིང་དེ་འབངས་ཞེས་པའི་སྒྲ་ལས་བྱུང་ཚུལ་བསྒྲུབས་ཡོད་པ་ལྟ་བུ་ཡིན། ཁོ་བོའི་བསམ་ཚུལ་འགའ་རེ་ནོར་ཡོད་ཀྱང་སྲིད་མོད་དེར་སྐྱོན་མི་འདུག་སྙམ་སྟེ། མ་མཐའ་ཡང་ཚང་མས་དེའི་སྐོར་ལ་དོ་སྣང་དང་དཔྱད་པ་གཏོང་བའི་སྐུལ་སློང་ཙམ་དུ་སོང་ནའང་རེ་བ་འགྲུབ་སོང་བསམས།
བཅར་འདྲི་བས།
   བཀའ་དྲིན་ཆེ། ཁྱེད་ཀྱིས་ནམ་ཡང་བོད་ཀྱི་ལོ་རྒྱུས་ཀྱི་གནད་འགག་ཡོད་ས་དང་སྟོང་ཆ་ཡོད་སར་ཐུགས་གཞིག་མང་པོ་གནང་གིན་འདུག་པས། དེ་ནི་ཕྱི་རབས་གཞོན་སྐྱེས་ཚོའི་མིག་དཔེའི་འགྲོ་འོས་པ་ཞིག་རེད། དེ་མིན་རྩོམ་ཡིག་གི་ཁ་གྲངས་དང་དེབ་ཀྱི་མཐུག་ཚད་འགྲན་ན་མིག་ལྟོས་ལ་ཅུང་གནོད་ཀྱི་འདུག
རྒྱལ་མོ་འབྲུག་པས།
    རེད་ཡ། ཁྱེད་ཀྱིས་གསུངས་པ་བཞིན་སྤྱིར་བཏང་ཡིན་ན་རྩོམ་ཡིག་དང་དཔྱད་རྩོམ་མམ་ཆེད་རྩོམ་ལ་ཁྱད་པར་ཤིན་ཏུ་ཆེ་མོད། འོན་ཀྱང་དེང་སང་ཚང་མས་དུས་དེབ་སོགས་སུ་རྩོམ་ཡིག་རེ་བཀོད་བཀོད་ཚང་མ་དཔྱད་རྩོམ་ལ་བརྩིས་ནས་རྩོམ་པ་པོ་ངོ་སྤྲོད་ཀྱི་ཡི་གེར་ལྟ་དུས་མང་ཆེ་བས་དཔྱད་རྩོམ་ལྔ་བཅུ་དྲུག་ཅུ་བརྒྱ་རེ་སྤེལ་ཡོད་ཟེར་མཁན་འདུག །དེ་ལ་ང་རང་ཅུང་ཟད་ཡ་མཚན་སྐྱེ་གི་འདུག །ང་ཚོར་མཚོན་ན་ལས་ཁུངས་ཀྱི་བྱ་བ་བསྒྲུབས་རྗེས་ད་དུང་དཔྱད་རྩོམ་འདི་འདྲ་མང་པོ་ཞིག་སྤེལ་དགོས་ན་ཕལ་ཆེར་ལོ་ རེར་དཔྱད་རྩོམ་ཁ་ཤས་སྤེལ་དགོས་འདུག །སྤྱིར་དཔྱད་རྩོམ་ཞེས་པ་དེ་རིག་གཞུང་ཐད་སྔོན་བྱོན་ནམ་ད་ལྟའི་མཁས་པ་ཚོས་ཐུགས་མཉམ་མ་བཞག་ས་དང་རྩལ་དུ་མ་ཐོན་པའི་སྐོར་གྱི་གནད་དོན་འདོན་པ་དང་དེ་ལ་ལུང་རིགས་གཉིས་ཀྱི་སྒོ་ནས་རང་ལུགས་འཐད་ལྡན་གྱི་ལྟ་བ་གང་ཞིག་འདོན་པ་དང་གནད་དོན་གང་ཞིག་ཐག་གཅོད་པ་ཞིག་ཡིན་ན་བཟང་མོད། མང་ཆེ་བས་རྒྱུན་ཤེས་བསྐྱར་ཟློས་དང་གཞན་རྩོམ་བཤུ་འབྲི་གནང་བ་མ་གཏོགས་གནད་དོན་གང་ཞིག་ཐག་ཆོད་པ་དང་དཀའ་གནད་གང་ཞིག་སེལ་བ་ཉུང་བར་སྣང་། དེའི་སྟབས་ཀྱིས་ཁོ་བོར་མཚོན་ན་ད་བར་དུ་དཔྱད་རྩོམ་ཡིན་ཟེར་རྒྱུ་ཕལ་ཆེར་བཅུ་ལྷག་མ་གཏོགས་མེད་ལ་དེའི་འཕྲོ་མ་རྣམས་རྩོམ་ཡིག་དང་ངོ་སྤྲོད་སྐོར་སོགས་ཡིན། སྔ་མའི་རྩོམ་ཡིག་རྣམས་ཚང་མ་རང་གི་ཐོག་མའི་རྩོམ་ཤ་སྟག་ཡིན་པས་ད་ལན་ཆེད་རྩོམ་གྱི་མཇུག་ཏུ་བསྣན་ཡོད། དེ་ལས། 《ཀིརྟི་དགོན་ཆེན་གསུམ་དང་འབྲེལ་བའི་བླ་དབོན་རིམ་བྱོན་གྱི་བྱུང་བའི་སྐོར་》དང་། 《ཟིན་བྲིས་གནད་བསྡུས་ལ་ལྟ་ཚུལ་སྨྲ་བ》ཞེས་པའི་རྩོམ་ཡིག་ཕྱི་མ་འདི་ང་རང་གིས་ཐོག་མར་སྤེལ་བའི་རྩོམ་ཡིག་གི་རྩོམ་ཕུད་ཡིན་ལ་དེང་སང་བལྟས་ན་རིན་ཐང་ཅི་ཡང་མེད་ཚོད་དུ་འདུག་ཀྱང་། སྐབས་དེ་དུས་ལ་མཚོན་ན་ཕལ་ཆེར་ལྟ་བ་གསར་གཏོད་དང་ནང་སྒོས་སུ་ལོག་སྤྱོད་ལྟ་ཚུལ་ལ་ཐད་ཀར་དགག་གཞག་བྱེད་ཕོད་པ་གསར་བུའི་གསར་རྟགས་བསྟན་ཐུབ་འདུག་བསམས་ནས་རང་གི་སྣང་བའང་ཅུང་སྐྱིད་པོ་འབྱུང་། དེ་མིན་《བོད་ཡིག་དུས་དེབ་ཐད་ཀྱི་ལེགས་ཉེས་བཤད་པ་》དང་། བྱམས་པ་འབུམ་གླིང་དང་ཏུན་ཧོང་སངས་རྒྱས་སྟོང་སྐུའི་བྲག་ཕུག་གི་མཐོང་ཐོས་སོགས་ནི་སྐབས་དེའི་གནས་བསྐོར་གྱི་གནས་ཚུལ་དང་དཔེ་སྒྲིག་གི་ཉམས་མྱོང་ངོ་སྤྲོད་བྱས་པ་ཙམ་ཡིན།
བཅར་འདྲི་བས།
   ལགས་སོ། །དེས་ན་ཁྱེད་ཀྱིས་ད་བར་བོད་ཀྱི་ལོ་རྒྱུས་དང་སྒོས་སུ་ལོ་རྒྱུས་ཐ་སྙད་ཁ་ཤས་ཀྱི་སྐོར་ལ་རང་གི་ལྟ་ཚུལ་གསར་པ་མང་པོ་ཞིག་བཏོན་ཡོད་པ་དེ་དག་ཁྱེད་རང་གིས་རང་གི་ལྟ་བ་ཚང་མ་ཡང་དག་པར་འདོད་ཀྱིན་ཨེ་ཡོད།
རྒྱལ་མོ་འབྲུག་པས།
   ཡ་ཡ། གང་ནས་གང་ནས། མི་ཞིག་གིས་ཤེས་པ་དང་གོ་བ་ཧ་ཅང་གིས་ཉུང་ཉུང་དང་ཞན་པོ་ཡིན་ལ། དེ་མ་ཟད་སངས་རྒྱས་ཀྱིས་ཀྱང་བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟག་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན་ཞེས་གསུངས་ཡོད་པས་ན། ང་ཚོ་སོ་སོ་སྐྱེ་བོ་ཞིག་ལ་མཚོན་ན་ཡང་དག་ཡིན་ཟེར་རྒྱུ་ཤིན་ཏུ་ནས་ཀྱང་དཀའ། དཔེར་ན་ངའི་རྩོམ་ཡིག་《མདོ་སྨད་བྱང་ཤར་མཐའི་དཔོན་ཀླུ་སྐྱབས་ཀྱི་རིགས་རྒྱུད་སྐོར་ལ་དཔྱད་པ་》ཞེས་པ་འདིའི་ནང་རང་གི་འདོད་ཚུལ་ཙམ་བྲིས་པ་ལས། ད་དུང་ཡིག་ཚང་རྙིང་པ་དང་ལོ་རྒྱུས་དངོས་ཀྱི་གནས་ཚུལ་མང་པོ་དཔྱད་མ་ཐུབ་པ་མང་བས་རང་གི་བློ་ལ་དེ་འདྲ་མ་བབས་པའི་རྩོམ་ཞིག་ཡིན། ངས་ཞུས་ཟིན་པ་བཞིན་གཙོ་བོ་ཚང་མས་ཐུགས་མཉམ་འཇོག་ཆེད་དང་ཞིབ་འཇུག་གི་ཐབས་ལམ་གཙོ་བོ་རེ་རེས་བོད་ཡིག་ལ་བརྟེན་དགོས་པའི་སྐུལ་མར་འགྲོ་བསམས་པ་དེ་ཡིན།
བཅར་འདྲི་བས།
   ཡ་ཡ། བཀའ་དྲིན་ཆེ། ན་ནིང་ཁྱེད་ཀྱིས་《བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ་》(དག་བཅོས་མ)ཞེས་པ་པར་སྐྲུན་བྱས་ནས་དེང་སང་ཚང་མས་དགའ་བསུ་བྱས་དང་བྱེད་བཞིན་ཡོད་པ་དང་། ད་ལན་ཁྱེད་ཀྱི་ཆེད་རྩོམ་ཕྱོགས་བསྒྲིགས་པར་སྐྲུན་བྱས་པར་ཡང་གྲུབ་འབྲས་ཧ་ཅང་བཟང་པོ་ཞིག་ཐོན་ངེས་སྙམ། ཕྱིན་ཆད་ཁྱེད་ཀྱིས་ཕྱག་ལས་ཀྱི་ཕྱོགས་གང་ཞིག་ལ་ཐུགས་གཞིག་གནང་གིན་ཡོད། དཔྱད་རྩོམ་དང་དཔེ་ཆ་གསར་པ་རེ་འབྲི་རྒྱུའི་འཆར་གཞི་ཨེ་ཡོད།
རྒྱལ་མོ་འབྲུག་པས།
   ད་ང་རང་ལ་མཚོན་ན་ལོ་ཚོད་ལྔ་བཅུ་རྟེན་མ་དང་དྲུག་ཅུ་སྔས་མགོ་བྱས་ཡོད་པས། བླ་རྒན་ལོ་གཅིག་ཞིག་གིས་མེ་ཏོག་ལོ་གཉིས་ཤིག་འདེབས་འདང་མེད་མོད། ཡང་ཕྱོགས་གཅིག་ནས་བསམས་ན་དྲིན་ཆེན་ཕ་མ་དང་བཀའ་དྲིན་མཚུངས་མེད་ཀྱི་དགེ་རྒན་རྣམ་པ་དང་ལྷག་པར་དུ་གཏན་དགེའི་གྲོགས་པོ་མང་པོའི་རེ་བཞག་དང་ལྷག་བསམ་གྱི་སྐུལ་མ་དང་དུ་བླངས་ནས་རང་དགར་སྡོད་རྩིས་མེད། དཔེར་ན་ད་ལོ་ངས་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་ལ་གྲ་སྒྲིག་བྱས་པའི་རྩོམ་ཡིག་ནི་བོད་ཀྱི་རིགས་རུས་ཀྱི་སྐོར་ཡིན་ལ། དེ་མ་ཟད་འདི་དང་འདི་ལྟ་བུ་ད་དུང་མུ་མཐུད་ནས་དཔེ་བལྟ་དཔེ་ཀློག་དང་འབྲེལ་རིག་གཞུང་གཞན་པ་གང་མཁོ་རེ་སྦྱང་ཨེ་ཐུབ་བསམ་གྱིན་ཡོད། གཙོ་བོ་ནི་མི་སེམས་དལ་ན་ལུས་པོ་བདེ་ཟེར་བའི་དཔེ་བཞིན་ སེམས་རྒྱུད་ལྷོད་ལྷོད་ཀྱི་ངང་ནས་མི་ཚེ་སྟོང་ཟད་དུ་མི་གཏོང་བར་དུས་ཚོད་གང་ཡོད་ལ་དཔེ་ཆ་གང་ཐུབ་རེ་ཀློག་བསམ་གྱིན་ཡོད་ལ། འབྲི་དགོས་རྒྱུ་དང་འབྲི་འོས་པའི་སྐོར་ལ་རང་ལ་བསམ་ཚུལ་ཡག་པོ་ཕན་པ་ཅན་འདྲ་བྱུང་ན་རྩོམ་དང་དཔེ་ཆ་ཡང་འབྲི་སྲིད་བསམས། ཁྱེད་ལ་བཀའ་དྲིན་ཆེ་ཞུ། རྗེས་མར་ཡང་ང་ཚོ་འབྲེལ་གཏུག་བྱ་ཡོང་།
བཅར་འདྲི་བས།
   ཡ་ཡ། རྒན་ལགས་བཀའ་དྲིན་ཆེ། ང་རང་བོད་ཀྱི་ལོ་རྒྱུས་དཔེ་ཀློག་ལ་ཧ་ཅང་དགའ་མཁན་ཞིག་ཡིན་པའི་ཆ་ནས་ངས་འདི་ནས་ང་དང་འདྲ་བར་བོད་ཀྱི་ལོ་རྒྱུས་ལ་དོ་སྣང་དང་སྤྲོ་བ་ཡོད་པའི་ཀློག་མཁན་ཡོངས་ཀྱི་ཚབ་ཞུས་ཏེ་ཁྱེད་ལ་བཀའ་དྲིན་ཤིན་ཏུ་ཆེ་ཞུས་པ་ཡིན། ཡང་བསྐྱར་བཀྲ་ཤིས་བདེ་ལེགས། སྐུ་ཚེ་རིང་།

图1.jpg

图3.jpg

 

 (བཅར་འདྲི་བ། ཨ་མདོ་བརྙན་འཕྲིན་ཁང་གི་གསར་འགོད་པ། བཀྲ་ཤིས་སྐྱབས། )

  2016.6.10ཉིན།

ཟུར་བཀོད། 

ལས་ཀ་སྣ་གཅིག་ནན་གྱིས་མཐའ་རུ་སྐྱེལ། 

-------བོད་ཀྱི་ལོ་རྒྱུས་སྨྲ་བ་རྒྱལ་མོ་འབྲུག་པ་ལ་《བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ》དག་བཅོས་མ་པར་སྐྲུན་སྐོར་བཅར་འདྲི་བྱས་པ།
གསར་འགོད་པ། བཀྲ་སྐྱབས། ཨ་མདོ་བོད་སྐད་བརྙན་འཕྲིན་ཁང་།

1.རྒན་འབྲུག་པ་ལགས་བདེ་མོ། ཁྱེད་ཀྱིས་བརྩམས་པའི་《བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ》ཡིན་ན།བོད་ཀྱི་ལོ་རྒྱུས་ལ་སྤྲོ་བ་ཡོད་པའི་རྒྱ་ཆེའི་ཀློག་པ་པོ་དང་ནང་སྒོས་སུ་སློབ་གྲྭ་ཆེ་འབྲིང་ཁག་གི་བོད་ཀྱི་ལོ་རྒྱུས་སློབ་གཉེར་དང་ཞིབ་འཇུག་གནང་མཁན་དགེ་སློབ་ཀུན་ལ་ཆེས་ཆ་ཡོད་རྒྱུས་ཡོད་ཀྱི་དེབ་ཅིག་རེད།ཁ་སང་ཁྱེད་ཀྱི་ལོ་རྒྱུས་ཀྱི་དེབ་འདི་པར་གཞི་གསར་བ་ཐོན་པའི་གནས་ཚུལ་ཐོས་འཕྲལ་ཆེད་དུ་འདིའི་སྐོར་ནས་རྒྱུས་ལོན་ཞིག་བྱེད་བསམ་པ་ཡིན།ཐེངས་འདིར་པར་གཞི་སྔོན་མ་དང་བསྡུར་ན་མི་འདྲ་སའམ་ཁྱད་ཆོས་ག་རེ་ཡོད་པའི་སྐོར་ངོ་སྤྲོད་ཅིག་གནང་རོགས།

ལན། འོ་ཡ། ཐེངས་འདིར་པར་དུ་བསྐྲུན་པའི་དེབ་ནི་《བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ་》དག་བཅོས་མ་ཞེས་པ་སྟེ། པར་གཞི་ཐེངས་གསུམ་པ་གསར་དུ་བསྒྲིགས་པ་ཞིག་ཡིན།དེབ་ཀྱི་ནང་དོན་ཁ་ཚང་ལ་མགོ་ནས་མཇུག་བར་ཡང་བསྐྱར་དག་བཅོས་དང་ཁ་སྣོན་ཕྲན་བུ་རེ་བརྒྱབ་ཡོད་པ་དང་།བསྐྱར་ཞུས་དང་ཞུ་དག་ནན་མོ་བརྒྱུད་ཡོད། སྔོན་ཆད་ཀྱི་པར་གཞི་ཁག་ལའང་ཞིབ་ཚགས་ཀྱིས་ནོར་བ་དག་བཅོས་དང་།གསར་པ་ཁ་སྣོན། མཆན་བུ་གསར་འདེབས་སོགས་བྱས་ཡོད་མོད། ད་རུང་ཡང་ལོ་རྒྱུས་ཀྱི་ཡིག་ཆ་ཁུངས་བཙུན་ཐོད་གཏུགས་དགོས་ས་དང་།ཞིབ་འཇུག་གི་འབྲས་བུ་གསར་བུས་བསྐྱར་བཅོས་དགོས་ས།རྒྱལ་ཕྲན་དང་ས་གནས་ལོ་རྒྱུས་ཁ་སྐོང་དགོས་ས་སོགས་མང་པོ་ཞིག་མཐོང་བས་ཐེངས་འདིར་དེ་བཞིན་ཡང་བསྐྱར་ཞུ་དག་བྱས་པ་ཡིན།

2.རེད་ལགས། ང་ཚོས་རྒྱུས་ལོན་ལྟར་ན།དེབ་འདི་པར་གཞི་ཐེངས་གསུམ་དང་པར་གྲངས་ཁྲི་ཁ་ཤས་པར་སྐྲུན་ཟིན་པས་ད་ལྟ་བོད་ཡིག་དཔེ་དེབ་ཁྲོད་རྒྱུགས་ཆེ་བའི་དེབ་ཞིག་ཏུ་གྱུར་ཡོད་ཟེར། དེ་ན་བོད་ཡིག་དཔེ་དེབ་ཁྲོད་མིང་མཛོད་འགའ་རེ་ལས་གཞན་དེབ་འདི་འདྲ་ནང་བཞིན་པར་གཞི་ཡང་ཡང་གསར་དུ་བསྒྲིགས་བཞིན་པ་ཧ་ཅང་ཉུང་།རྒན་ལགས་ཀྱིས་དེབ་འདི་ལ་ཡང་ཡང་ཞུ་དག་བསྐྱར་བཅོས་གནང་དགོས་དོན་གང་ཡིན་པ་དང་། དེབ་ཀྱི་ནང་དོན་ལ་ཞུ་དག་ཁྲོད་དུ་འགྱུར་ལྡོག་ཕྱིན་ཡོད་དམ།

ལན། དེབ་འདི་སྤྱི་ལོ་༡༩༩༥པར་མི་རིགས་དཔེ་སྐྲུན་ཁང་གིས་པར་གཞི་དང་པོ་པར་སྐྲུན་འགྲེམ་སྤེལ་བྱས་པ་དང་།སྤྱི་ལོ་༢༠༠༤པར་ཡང་བསྐྱར་ཞུ་དག་བྱས་ནས་པར་གཞི་གཉིས་པ་པར་སྐྲུན་བྱས། ད་བར་ཚར་གྲངས་མང་པོ་ཞིག་བཀྲམ་ཟིན་ན་ཡང་།དམངས་ཁྲོད་དུ་ད་དུང་ལྐོག་ནས་པར་སློག་བརྒྱབ་ཏེ་ཚོང་རྒྱག་པའི་གནས་ཚུལ་ཡང་བྱུང་བ་ལ་བརྟགས་ན་དེབ་འདི་ཀློག་མཁན་མང་ཚོད་འདུག ལྷག་པར་སྔ་གཞུག་ཏུ་ལྷོ་ནུབ་མི་རིགས་སློབ་ཆེན་དང་།ནུབ་བྱང་མི་རིགས་སློབ་ཆེན། མཚོ་སྔོན་དགེ་འོས་སློབ་ཆེན།སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ། དཀར་མཛེས་ལས་བྱེད་སློབ་གྲྭ་སོགས་ཀྱི་བསླབ་དེབ་དང་ཁྲིད་གཞིར་བཟུང་བར་མ་ཟད་ཞིབ་འཇུག་སློབ་མའི་རྒྱུགས་གཞིའི་བསླབ་དེབ་དུའང་བདམས་ཡོད་པས།ཁོ་བོའི་དེབ་འདིས་རང་རིགས་གཞོན་སྐྱེས་གསར་སློབ་པ་མང་པོ་ཞིག་ལ་མི་རིགས་ཤིག་གི་བྱུང་འཕེལ་དར་རྒུད་རིམ་པར་ངོ་སྤྲད་ནས་རིགས་ཀྱི་འདུ་ཤེས་དང་རིག་གནས་བསམ་བློ་ཡར་སྐྱེད།ལོ་རྒྱུས་ཤེས་འདོད་དང་ཞིབ་འཇུག་སོགས་ཀྱི་ཐད་ལ་ཕན་ཐོགས་གང་ལ་གང་འཚམ་ཞིག་ཡོད་ངེས་པར་བསམ་ཞིང་སེམས་དགའ་བ་དང་།ཡང་བསྐུལ་མཁན་དགེ་སློབ་མང་པོ་བྱུང་བ། རྒྱལ་ཡོངས་དང་བོད་རིག་པའི་ཞིབ་འཇུག་བྱ་དགའ་སོགས་ཀྱི་གཟེངས་བསྟོད་ཀྱི་སྐུལ་མ་ཡང་ཡང་བྱས་པ་སོགས་ཀྱི་རྐྱེན་བྱས་ཏེ་པར་གཞི་གསར་དུ་བསྒྲིགས་པ་ཡིན།བསྒྲིགས་དུས་ཀྱང་ལོ་རྒྱུས་སློབ་ཁྲིད་དང་བོད་ཀྱི་ལོ་རྒྱུས་གསར་སློབ་ཀྱི་གཞོན་སྐྱེས་རྣམས་ལ་གཙོ་བོར་དམིགས་ཏེ་རང་རེའི་སྔོན་རབས་ལོ་རྒྱུས་ཀྱི་གཞུང་གི་སྤྱི་ཁོག་ལྟར་དུ།རྒྱལ་རབས་རིམ་བྱུང་དང་ཆོས་སྲིད་ཀྱི་བྱུང་བ་གཞུང་རྟར་བྱས་ཤིང་།གཞན་རིགས་ལོ་རྒྱུས་ཀྱི་ཡིག་ཚང་གིས་ཟུར་བརྒྱན། ལྷག་པར་བོད་ཀྱི་ལོ་རྒྱུས་བོད་དབུས་གཙང་གི་རྒྱལ་བློན་དང་ཆོས་འབྱུང་ཁོ་ན་གཙོ་བོར་བཟུང་སྟེ་ཆོས་ལུགས་རྐྱང་རྐྱང་འབྲི་བའི་སྲོལ་ལས་བརྒལ་ཏེ།བོད་མདོ་དབུས་ཁམས་གསུམ་དང་ཡུལ་དེ་དག་ཏུ་བྱུང་བའི་རྒྱལ་ཕྲན་དང་།ཐ་ན་ཉེ་གནས་བོད་དང་འབྲེལ་གཏུག་ཟབ་པའི་མི་རིགས་གཞན་དག་དང་བོད་ས་གནས་ཁག་གི་ལོ་རྒྱུས་བཅས་ཀྱང་རིམ་བཞིན་ཁ་གསབ་དང་ངོ་སྤྲོད་བྱས་ཡོད།

3. རེད་ལགས།དེབ་འདི་སྔ་ཕྱིར་པར་གཞི་གསུམ་པར་སྐྲུན་གནང་བ་ནི་ཕྱོགས་གཅིག་ནས་རྒྱ་ཆེའི་ཀློག་མཁན་མང་པོའི་དགོས་མཁོ་ཡིན་པ་གཞིར་བཞག་དང་།ཡང་ཕྱོགས་གཞན་ཞིག་ནས་བསམ་ན་ཁྱེད་ཀྱིས་དེབ་མང་པོ་རྩོམ་པའམ་དེབ་གཞན་ལས་རྒྱས་ཤོས་ཤིག་རྩོམ་པ་སོགས་མ་བྱས་པར་དེབ་གཅིག་ལ་ཡང་ཡང་ཞུ་དག་གནང་དགོས་པ་ནི་ངས་བསམ་ན་ཁྱེད་ཀྱི་ཀུན་སློང་ངམ། སྤྱོད་ཚུལ་ལམ། ལྟ་སྟངས་ཤིག་དང་འབྲེལ་བ་མེད་འགྲོ་བསམ་གི་འདུག་ལགས།ཁྱེད་ལ་བསམ་ཚུལ་ག་འདྲ་འདུག

ལན། རེད་ལགས། རིག་གཞུང་ཞིབ་འཇུག་སོགས་བྱ་བ་གང་དང་གང་ཞིག་རྩོམ་ཀྱང་།ནན་ནན་བཅག་བཅག་གིས་བསྒྲུབ་རྒྱུ་ཆེས་གལ་ཆེ་ཞིང་། ལས་ཀ་སྣ་གཅིག་གཟབ་ནན་གྱིས་བསྒྲུབ་རྒྱུ་ནི་ལས་ཀ་སྣ་བརྒྱ་བསྒྲུབས་པ་ལས་ཀྱང་གལ་ཆེ།ཡིན་ནའང་འཚོ་བ་དངོས་ཀྱི་ནང་ལས་ཀ་སྣ་གཅིག་ལ་འགྲུས་གཅིག་ཏུ་བརྩོན་རྒྱུ་ཡང་ཧ་ཅང་དཀའ།སྤྱིར་བཏང་བྱ་བ་ཡོད་ཚད་སྤྱོད་ཚུལ་གྱིས་ཐག་གཅོད་ཅིང་དེའི་རྗེས་སུ་འགྲོ་བ་ཞིག་རེད་སྙམ།གང་ལ་ཟེར་ན། ལས་གང་དང་གང་ཡང་མཐར་ཐུག་རིག་གནས་ཡོན་ཚད་ཀྱིས་མ་ཡིན། ཆེད་ལས་ལག་རྩལ་གྱིས་ཀྱང་མ་ཡིན།གཟབ་ནན་གྱི་སྤྱོད་ཚུལ་གྱི་རྗེས་སུ་འགྲོ་ཞིང་དེས་ཐག་གཅོད་དོ་སྙམ།

ཁོ་བོས་དེབ་འདི་ཐོག་མར་མཚོ་སྔོན་སློབ་གསོ་ཞེས་པའི་དུས་དེབ་སྟེང་མུ་འགོད་བྱས་ཤིང་རྗེས་ནས་པར་སྐྲུན་དང་ཕྱིས་སུ་པར་གསར་བསྒྲིགས་པ་སོགས་སྔ་རྗེས་སུ་མི་ལོ་སུམ་ཅུ་ལྷག་ཕྱིན་ཅིང་།ཐོག་མར་འབྲི་དུས་རང་དང་སྐལ་བ་མཉམ་པའི་བོད་རིགས་གཞོན་སྐྱེས་རྣམས་ལ་བོད་ཀྱི་ལོ་རྒྱུས་ཁ་ཚང་གོ་བདེའི་སྤྱི་དོན་ཞིག་གི་ཚུལ་དུ་ཚིག་ཉུང་ལ་དོན་བསྡུས་པ་དང་ས་བཅད་རྣམས་རྒྱས་བསྡུས་འཚམས་པ་ཞིག་བསམ་ནས་འབྲི་ཁུལ་བྱས་པ་ཡིན་ཡང་།རང་ངོས་ནས་མཐོང་རྒྱ་ཐོས་རྒྱ་ཆུང་ཞིང་འཆད་རྩོམ་གྱི་ནུས་པ་ཞན་པས་པར་གཞི་དང་པོའི་ནང་ནོར་འཆུག་མང་པོ་བྱུང་ཡོད་པ་དང་།ཡང་ཕྱིས་སུ་གཟབ་ནན་གྱིས་དག་གསལ་བྱས་ཁུལ་གྱིས་པར་གཞི་གཉིས་པ་སྤེལ། དེབ་ཆུང་འདི་ལོ་འགའི་རིང་པར་གྲངས་མང་བ་ལ་བསམས་ན་ཀློག་མཁན་རྣམས་ཀྱིས་གཟིགས་འདོད་དང་དགའ་བསུ་ཐོབ་པ་མཚོན་འདུག་མོད།འོན་ཀྱང་རང་ལ་མཚོན་ན་གནོང་དགོས་པ་ཞིག་ནི་ཞིབ་འཇུག་མཐའ་མ་ཆོད་པ་དང་ཡང་ན་མ་དག་རྒྱུན་འབྱམས་ཀྱི་རྗེས་སུ་འབྲངས་པས་ལོ་ཚིགས་ནོར་བ་དང་པར་ཡིག་སྒྲིག་ནོར་དང་པར་ཞུ་མི་གཙང་བ་དང་ཐ་ན་དག་ཆའམ་དུས་གསུམ་འཁྲུལ་བ་ལྟ་བུ་སོགས་བྱུང་བའི་དབང་གིས།ཀློག་མཁན་རྣམས་དང་སྒོས་སུ་བློ་གསལ་གཞོན་ནུ་དག་ལ་ཤུགས་རྐྱེན་མ་ལེགས་པ་ཞིག་བཞག་སོང་བ་ལ་སྙིང་ཐག་པ་ནས་བཟོད་གསོལ་ཞུ་རྒྱུ་དང་།ད་ལན་བསྐྱར་པར་བྱེད་སྐབས་ཁོ་བོས་ཡང་ལུང་ཚིག་འགའ་རེའི་འབྱུང་ཁུངས་གསར་འགོད་དང་ཟུར་བཀོད་རེའུ་མིག་ནོར་བ་དག་བཅོས།དོན་དག་གསལ་དགོས་རིགས་ལ་ཁ་སྣོན་དང་ཞིབ་འཇུག་གི་འབྲས་བུ་གསར་པ་བཅས་ལྷན་ཐབས་སུ་འཇུག་ཁུལ་བྱས་ཡོད།

4.ལགས་སོ།།རྒན་ལགས་ཀྱིས་གསུང་པ་ནང་བཞིན་རིག་གཞུང་ཞིབ་འཇུག་སོགས་ལས་གང་རྩོམ་ཀྱང་གཟབ་ནན་གྱི་སྤྱོད་ཚུལ་འདི་ཤིན་ཏུ་ནས་ཀྱང་གལ་ཆེ།ཁྱེད་རང་གིས་ལས་ཁུར་གྱི་དོན་ཆེ་ཕྲ་མང་པོའི་གསེང་ནས་དེབ་འདིའང་སྔ་ཕྱིར་ཞུ་དག་བསྐྱར་བཅོས་ཡང་ཡང་བྱས་ནས་བོད་ཀྱི་ལོ་རྒྱུས་ལ་འཇུག་མཁན་རྣམས་ལ་སྦྱངས་བྱའི་དཔེ་དེབ་ཧ་ཅང་ལེགས་པོ་ཕུལ་ཡོད། མ་འོངས་པར་ཁྱེད་ཀྱི་དེབ་འདི་ལ་ད་རུང་ཁ་གསབ་དང་བསྐྱར་བཅོས་ཞུ་དགོས་ན་ཅི་ལྟར་ཞུ་འཆར་ཡོད་དམ།

ལན། གོང་དུ་ཞུས་པ་བཞིན་ད་རུང་ཡང་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་གི་འབྲས་བུ་གསར་བུས་བསྐྱར་བཅོས་དགོས་ས་དང་ཁུངས་བཙུན་གྱི་ཡིག་ཆ་གསར་རྙེད་སོགས་ལ་བརྟེན་ནས་རྒྱལ་ཕྲན་དང་ས་གནས་ལོ་རྒྱུས་ཁ་སྐོང་དགོས་ས་ཡོད་ངེས་ལ།ལྷག་པར་རིགས་རུས་ས་ཁོངས་དང་གནའ་རྫས་རྟོག་དཔྱོད།བོད་དང་འདབས་འབྲེལ་གྱི་མི་རིགས་གཞན་གྱི་ལོ་རྒྱུས་ཡིག་ཆ་ཞིབ་འཇུག་སོགས་ལ་བརྟེན་ནས་དུས་རབས་བདུན་པའི་ཡར་སྔོན་གྱི་ལོ་རྒྱུས་སྐོར་དང་ཕྱིས་ཀྱི་ལོ་རྒྱུས་ཀྱི་དོན་རྐྱེན་ཁག་ལ་ད་རུང་གསལ་ཁ་འབྱེད་དགོས་ས་དང་ཁ་སྐོང་བྱེད་དགོས་རིགས་མང་པོ་འདུག་པས་རྗེས་སོར་དུས་ཚོད་ཡོད་ན་ད་དུང་ལེགས་བཅོས་བྱ་རྒྱུ་མང་།
མཇུག་མཐར།

བཅར་འདྲི་བ། རྒན་ལགས་ཐུགས་རྗེ་ཆེ། སྐུ་ཚེ་རིང་།
རྒྱལ་མོ་འབྲུག་པ།འདིར་ཁྱེད་ཀྱིས་བཅར་འདྲི་གནང་བ་དང་ཚང་མས་སེམས་ཁུར་རོགས་རམ་གནང་བར་བཀའ་དྲིན་ཆེ་ཞུ།

རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས།

རྒྱལ་མོ་འབྲུག་པ་ལགས་ནི་༡༩༥༧ལོའི་ཟླ་༦པར་མདོ་སྨད་བསང་ཆུ་རྫོང་རྒྱལ་མོ་དགོན་ཞང་(དེང་སང་གི་ཀན་སུའུ་ཞིང་ཆེན་གཙོས་གྲོང་ཁྱེར་གྱི་ཁོངས་)དུ་འཁྲུངས། ད་ལྟ་ཁོང་གིས་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་དབུ་འཛིན་དང་། རྩོམ་ཞུས་པ་ཆེན་མོ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་གཞུང་དམིགས་བསལ་གསབ་ཕོགས་ཐོབ་པའི་ཆེད་མཁས་པ། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་རིག་གཞུང་ཨུ་ཡོན་ལྷན་ཚོགས་ཀྱི་ཁོངས་མི། ཀྲུང་གོའི་བོད་བརྒྱུད་ནང་བསྟན་མཐོ་རིམ་སློབ་གླིང་གི་གདན་ཞུས་ཞིབ་འཇུག་པ།ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྐྱོབ་དང་དར་སྤེལ་མཐུན་ཚོགས་ཀྱི་ལས་འཛིན། རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་གྱི་འདེམ་དབང་ཡོད་པའི་ཁོངས་མི་སོགས་ཀྱི་འགན་གཅིག་ལྕོགས་སུ་བཞེས་ཡོད།ཁོང་གིས་དུས་ཡུན་རིང་པོར་བོད་ཡིག་དཔེ་སྐྲུན་གྱི་ཕྱག་ལས་གནང་ཞོར་དུ་བོད་ཀྱི་ལོ་རྒྱུས་ཕྱོགས་ལ་སློབ་སྦྱོང་དང་ཞིབ་འཇུག་གནང་ནས་《བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ་》ཞེས་པའི་པར་གཞི་དང་པོ་དང་གཉིས་པ་དེ་སྔ་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམས་སྤེལ་བྱས་པ་དང་། དུས་མཚུངས་སུ་རིག་གཞུང་ཞིབ་འཇུག་ཐད་ཀྱི་དཔྱད་རྩོམ་གང་མང་ཞིག་ཀྱང་བོད་རིག་པའི་རིག་གཞུང་དུས་དེབ་གཙོ་གྲས་སུ་སྤེལ་ཡོད།


དེབ་ཀྱི་ནང་དོན་མདོར་བསྟན།

དེབ་འདིའི་ནང་བོད་ཀྱི་ལོ་རྒྱུས་གླེང་བའི་སྔོན་འགྲོ་ཞེས་པ་ས་བཅད་དང་པོ་བྱས་ཤིང་།བོད་གནའ་རབས་ཀྱི་ལོ་རྒྱུས་བཤད་པ་དང་།བོད་སིལ་བུའི་སྐབས་ཀྱི་ལོ་རྒྱུས་བཤད་པ།དཔལ་ལྡན་ས་སྐྱ་བའི་སྐབས་ཀྱི་ལོ་རྒྱུས་བཤད་པ། དཔལ་ཕག་མོ་གྲུ་པའི་སྐབས་ཀྱི་ལོ་རྒྱུས་བཤད་པ་དང་།དེའི་ནང་དུ་རིན་སྤུངས་པ་དང་གཙང་པ་རྒྱལ་པོའི་དུས་ཀྱི་ལོ་རྒྱུས་བཤད་པ། དགའ་ལྡན་ཕོ་བྲང་བའི་སྐབས་ཀྱི་ལོ་རྒྱུས་བཤད་པ་བཅས་ཡོངས་སུ་ས་བཅད་བདུན་གྱི་བདག་ཉིད་ཅན་ཏེ།ནང་གསེས་སུ་སོ་སོར་ལེ་ཚན་དུ་མས་བོད་ཀྱི་སྣོད་བཅུད་ཆགས་ཚུལ་ནས་མིའི་འགྲོ་བ་བྱུང་ཚུལ་དང་།བོད་གདོད་མའི་དུས་ཀྱི་གནས་ཚུལ།སྔ་རབས་བཙན་པོ་རིམ་བྱུང་གི་ལོ་རྒྱུས་དང་སྐབས་དེའི་རྒྱལ་ཕྲན་སུམ་པ་དང་ཞང་ཞུང་གི་སྐོར་དང་།བོད་ཆེན་པོའི་རྒྱལ་རབས་རིམ་བྱུང་གི་མཛད་འཕྲིན་དང་ཞར་བྱུང་འཇང་དང་འ་ཞའི་སྐོར།བོད་སིལ་བུའི་སྐབས་ཀྱི་བསྟན་པ་དར་ནུབ་དང་དབུས་གཙང་དང་མངའ་རིས།མདོ་སྨད་བཅས་སུ་བྱོན་པའི་བཙན་པོའི་གདུང་རྒྱུད་གྱེས་ཚུལ་དང་།ཞར་བྱུང་གླིང་ཚང་དཔོན་པོ་དང་མི་ཉག་རྒྱལ་རབས་བཅས་ཀྱི་སྐོར་དང་། ས་སྐྱ་བའི་སྐབས་སུ་ཧོར་བོད་བར་གྱི་འབྲེལ་གཏུག་དང་ས་པཎ་ཁུ་དབོན་གྱི་མཛད་རྗེས།ཕག་གྲུའི་སྐབས་སུ་བོད་སྤྱིའི་གནས་ཚུལ་ལས་དབུས་གཙང་དང་སྒོས་སུ་མདོ་སྨད་དང་ཁམས་ཕྱོགས་ཀྱི་གནས་ཚུལ་བཤད་པ་ཞེས་ལེ་ཚན་ལོགས་སུ་བཏོན་ནས་གླེང་ཡོད་པ་དང་།དེ་མིན་དགའ་ལྡན་ཕོ་བྲང་བའི་སྐབས་ཀྱི་བོད་སོག་མཆོད་ཡོན་བར་གྱི་འགལ་འབྲེལ་སོགས་རེ་རེ་བཞིན་ཞིབ་ཅིང་གསལ་བར་བྲིས་ཡོད་པ་ནི་དེབ་འདིའི་བརྗོད་བྱའི་ཁྱད་ཆོས་གཙོ་བོར་ངེས་སོ།།

640.jpg

4522542.jpg计划规模.jpg

2542542.jpg

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།