ད་ལྟ་གཟིགས་བཞིན་པ། > མདུན་ངོས། > རྩོམ་རིག > འབོལ་རྩོམ།

རྒས་ཉམས་ཀྱི་མངོན་རྟོགས།

སྤེལ་དུས། 2015-05-04 08:47:48   ཡོང་ཁུངས། རང་རེའི་ལས་ཁུངས།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། དབང་རྒྱལ་ཚེ་རིང་།

གཅན་རྣམ་ཐར།

སེམས་པ་འདིའི་ནང་རིམ་ཞིག་ན་སྒྱིད་ལུག་གི་མདུད་པ་སྦོམ་པོ་ཞིག་གིས་ངའི་དབང་རྩ་གལ་ཆེན་ཞིག་དམ་པོར་བསྡམས་ཡོད་པས། ང་ནི་ལོ་རེ་ནས་ལོ་རེར་ཟ་རྒྱུ་འཐུང་རྒྱུ་ལས་སེམས་ལ་ཅི་ཡང་དྲན་རྒྱུ་མེད་པའི་མི་བུ་ཡ་མཚན་ཞིག་ཏུ་གྱུར་དང་འགྱུར་བཞིན་འདུག གང་ནས་བལྟས་ཀྱང་རྟགས་མཚན་མི་ལེགས་པ་ཞིག་གི་སྔ་ལྟས་སྟོན་དང་སྟོན་བཞིན་འདུག་མོད། འོན་ཀྱང་ནང་སེམས་འདི་སྔར་ལས་སོས་དལ་བག་ཕེབས། སྐྱིད་ཉམས་རིང་ལུགས་ཀྱི་ལྟ་བ་འཁྲལ་འཁྲུལ་ཞིག་བློ་ངོར་ཡང་ཡང་ཆགས་ཟིན་པས། རྟེན་འབྱུང་གི་འབྲེལ་བ་འདི་ལ་བརྟེན་ནས་བརྩོན་འགྲུས་ཀྱི་རྟ་མཆོག་རྒྱང་དུ་དོར་ཟིན་ལ། རྣམ་གཡེང་འདུ་འཛི་ཡི་འཕྱོན་མ་སེམས་ཁོང་དུ་ཉར་ནས་སྐྱིད་བདེ་བག་གཡེང་གི་བཟི་སྣང་ཁྲོད་ན། ཅི་ཡང་མ་ཟིན་ཅི་ཡང་མ་འགྲུབ་པར་ཉི་ནུབ་ཀྱི་འཁོར་ཕྱོགས་དང་འགྲོགས་ནས་རྒས་ཉམས་ཀྱི་གདོང་འབག་གྱོན་པར་བྲེལ།

ཁ།

མེས་པོ་ཚོ་བཞུད་ཤུལ་ན། ངན་རེངས་སྐྱག་ལངས་སུ་གྱུར་བའི་གདོན་གཟུགས་གཡོ་ཅན་གྱི་ང་རང་ཚོས་རང་སེམས་རང་གིས་གསོ་བཞིན་དགའ་ཀྲོག་ཀྲོག་ངང་། མེས་པོ་ཚོས་བཞག་པའི་ཤུལ་ནོར་ཐོད་ལ་ཤར་ཏེ་སྒྱིད་ལུག་གི་འདམ་རྫི་ཁྲོད་ན་མེས་པོའི་བླ་རྐང་རྡུང་ནས་འགམ་བཞིན་གཟི་བརྗིད་ཀྱི་མགོ་བོ་བར་སྣང་ལ་གཏད། ཨ་གསར་ལ་དགའ་བའི་ཅོལ་ཆུང་ང་ཚོས་མེས་པོ་ཚོས་བཞག་པའི་ཤུལ་རྫས་མེ་ལ་བསྲེགས་ཀྱང་ཆུ་ལ་བསྐུར་བཞིན། མིག་མདུན་གྱི་ཁེ་ཕན་ཁོ་ནའི་ཆེད་དུ་རང་ཉིད་རང་གིས་བརླགས་ཀྱིན་པའི་བོད་མིའི་བླ་སྲོག་ཀྱང་ཕངས་མེད་དུ་དོར་བར་སྙིང་སྟོབས་དང་ལྡན་པ་ནི་ཅི་འདྲའི་ཡིད་ཕངས་པ་ཞིག་རེད་ཨང་། ཤེས་རིག་གི་བང་མཛོད་གཏོས་དང་མཉམ་པ་དག་མེས་པོའི་ཤུལ་ནོར་ཡིན་པར་ཡིན་ངོ་མི་ཟིན་པར་ཡོད་ཚད་ང་ཚོའི་རང་ཉིད་ཀྱིས་གསར་གཏོད་དང་
གྲུབ་འབྲས་སུ་རློམ་ནས་མེས་པོ་དག་སེམས་ཁོང་ནས་ཡལ་བར་དོར་ཟིན་ན་ག་ལ་འགྲིག ང་ཚོས་མགོ་བོ་ཀྲོག་ཀྲོག་དང་རྣ་བ་ཅོར་ཅོར་བྱས་ཏེ་རྒས་ཉམས་ཀྱི་ཚུགས་ཀ་སྟོན་པར་མཁས་པ་ནི་མིག་ལ་མི་མཛེས་ཤིང་མི་རུང་སྙམ།

དུས་རབས་ཀྱི་འགྲན་རྩོད་བར་ན་ང་ཚོའི་ཡོད་ཚད་ཅིག་རླུང་ནང་གི་མར་མེ་བཞིན་གཟིམ་ལ་ཉེ་བའི་དུས་འདིར། ཡབ་མེས་ཚོའི་མཛད་རྗེས་དང་སྙིང་སྟོབས་ལ་སློབ་སྦྱོང་བྱས་ནས། ཉམས་པ་སླར་གསོ་དང་མི་ཉམས་གོང་སྤེལ་དུ་གཏོང་མཁན་ནི་ཆེས་ཉུང་ཉུང་མ་གཏོགས་མེད་པར། དེ་ལ་ལྡོག་སྟེ་ཚང་མས་རྒས་ཉམས་ཀྱི་ཉམས་འགྱུར་ཁྲོད་ན་འགན་འཁྲི་ཡི་འདུ་ཤེས་རྒྱང་དུ་དོར་ནས་ལྟད་མོ་བ་དང་འཁྲབ་སྟོན་པའི་ཚབ་དང་། ཡང་ན་བསམ་གཟས་ཏེ་མེས་པོའི་ཤུལ་བཞག་གི་སྲོལ་རྒྱུན་རིག་གནས་སྣ་ཚོགས་རྐང་བརྫིས་ཡང་བརྫིས་སུ་གཏོང་བཞིན་རྒྱལ་ཁའི་འཛུམ་མདངས་གདོང་ལ་མངོན་ནས་དགའ་སྤྲོའི་བཟི་འདུག ཆགས་འཇིག་གི་མངོན་རྟགས་གནའ་ནས་ང་ཚོའི་མཐོང་ཡོད་ནའང་། སྒྱིད་ལུག་གི་རང་གཤིས་ངང་ལ་གྲུབ་ནས་གནའ་བོའི་ཡར་ཀླུང་གི་སྤྲ་མི་ལའང་མི་དོ་བའི་ཚད་ལ་ལྷུང་གིན་འདུག སྤྲ་ནས་མི་རུ་གྱུར་ནས་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་རྔམས་ཁ་མཐུག་པ་བདེན་ནའང་། ང་ཚོ་བོད་མི་རྣམས་ལོ་རྒྱུས་ལྡོག་བཞུར་གྱི་ཐན་རྟགས་མངོན་དུ་འཆར་ནས་ཕྱིར་མི་སྤྲ་རུ་འགྱུར་བའི་དུས་རབས་ལ་ཞེན་ཆགས་སྐྱེས་ཀྱིན་འདུག

ང་།

ཡབ་མེས་ཀྱིས་བཞག་པའི་རིན་བྲལ་རྩ་ཆེན་གྱི་རིག་གནས་ཤུལ་བཞག་རྣམས་བདག་པོར་རྒྱག་པའི་འགན་ཁུར་ཕྲག་དུ་མི་ལེན་པར་གཞན་བརྟེན་གྱི་སྲིན་འབུ་རུ་འགྱུར་བའི་ལས་ལ་གཞོལ་ཆེ་དྲགས་པས། ང་ཚོས་མི་རིང་བར་རང་གི་རིག་གནས་གཞན་གྱི་བདག་པོ་དང་བཀོལ་སྤྱོད་བྱེད་པ་མཐོང་ཚེ། མགོ་ལག་པའི་སྐྱོར་ནས་གདོང་སྨད་དེ་སྙིང་རླུང་སྟོད་ལ་འཚངས་བཞིན་གཞན་གྱི་ལག་ལ་རེ་དགོས་པའི་དུས་ཤིག་མི་འགྱངས་བར་སླེབས་སྲིད་དོ།། དེ་ཚེ་ད་གཟོད་རང་གི་རིག་གནས་ཀྱི་རིན་ཐང་རྟོགས་པ་ན་འཕྱི་དྲགས་པས་བློ་འགྱོད་སྐྱེས་པ་ལས་རང་གི་རིག་གནས་ལ་བདག་པོ་རྒྱག་པའི་དབང་ཆ་ཡོད་མི་སྲིད། དེར་བརྟེན། ང་ཚོའི་སུས་ཀྱང་ད་དུང་རྒས་ཉམས་ཀྱི་ཚུགས་ཀ་མི་སྟོན་པར་སྒྱིད་ལུག་གི་འདུན་པ་རིང་དུ་དོར་ནས། རང་གི་རྩ་ཆེན་གྱི་རིན་ཐང་ངོས་ལེགས་པོར་ཟིན་དུ་བཅུག་སྟེ། གང་ནུས་ཀྱིས་རྒྱུད་འཛིན་དང་དར་སྤེལ་གཏོང་བར་སེམས་ཤུགས་དང་རྒྱུ་ཤུགས་གང་རུང་འདོན་དགོས་པར་འདུག ད་དུང་རང་ཉིད་རང་གིས་ངོས་མ་ཟིན་པར་གནས་སྐབས་ཀྱི་མིག་མདུན་ཁོ་ན་སེམས་སུ་ཉར་ནས་སྐྱིད་བདེ་བག་ཕེབས་ཀྱི་ལེ་ལོའི་བཟི་སྣང་གི་ཁྲོད་དུ་མགོ་འཁོར་ནས་བསྡད་ན། ཕ་ཤུལ་བུ་ཡིས་འཛིན་མི་ཐུབ་པར་ཡོད་ཚད་འཇག་སྐྱ་རླུང་གིས་འཁུར་བ་བཞིན་ང་ཚོར་ཅི་ཡང་ཡོད་མི་སྲིད། ལག་ལེན་གསེར་གྱི་ཐིགས་པ་རི་ལ་བྲོས། ཁ་བཤད་ཆུ་ཡི་ཝུ་བ་གྲོང་ལ་རྒྱུགས་ཏེ། ང་ཚོ་དང་མཉམ་དུ་རྒས་ཉམས་ཀྱི་སྒེག་ཉམས་བསྟན་ནས་རང་ཉིད་རང་གིས་བསྒགས་གསོད་གཏོང་བའི་ལས་ལ་བྲེལ་བཞིན་པ་དང་མཚུངས་སོ།།

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།