ད་ལྟ་གཟིགས་བཞིན་པ། > མདུན་ངོས། > རྩོམ་རིག > འབོལ་རྩོམ།

ད་ལོར་ང་ལ་རྒས་རྟགས་མངོན།

སྤེལ་དུས། 2015-08-28 10:00:11   ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། དཔལ་འཛོམས།

གཅན་རྣམ་ཐར།

 མི་ལོ་རིམ་བགྲོད་ཀྱི་གོམ་ཁའི་བར་ན། ངའི་ལུས་སེམས་ལ་རྒས་ཉམས་ཀྱི་རྨ་ཁའི་ཁེངས། ཐོབ་ཤོར་གྱི་མི་ཚེ་ཐུང་བའི་འགྲུལ་བཞུད་ཁྲོད་ན། ང་ཚོར་ཐོབ་པ་ལས་ཤོར་བ་མང་བ་སུས་ཀྱང་བདེན་དཔང་བྱེད་ཐུབ་ལ། སུས་ཀྱང་ཤེས་ཐུབ་ངེས་རེད།

ཡིན་ཡང་།  ང་ཚོས་ཨུ་ཚུགས་ཀྱིས་འཚོ་བར་ཤི་འཐམས་རོ་འཐམས་བྱས་ཏེ། མ་ཤི་བར་དུ་གདོང་མཆོང་མཚམས་མི་འཇོག་པའི་དཔའ་རྟུལ་གྱི་གླེན་རྟགས་སྟོན་ཡག་བྱེད་ཀྱིན་གདའ། ང་ཚོར་མ་འོངས་མཁྱེན་པའི་མངོན་ཤེས་ཡོད་པས། མ་འོངས་པའི་ཆེད་དུ་ང་ཚོས་རང་སྲོག་གཏའ་མར་འཇོག་ཐུབ་ལ། རང་སྲོག་འབེན་ལའང་འཇོག་ཐུབ་པའི་སྙིང་སྟོབས་མངའ་སྲིད།

ཨ། རླབས་ཆེན་གྱི་མིའི་རིགས།  མེས་པོའི་རྐང་རྗེས་ལ་མི་བརྟེན་པའི་ཁེར་ཚུགས་ཀྱི་རང་གཤིས་རྫུན་མ་ཞིག་མངའ་ལ། མེས་པོའི་རྒྱུན་སྲོལ་གཏོར་ཞིང་བརླག་པའི་མ་རབས་ཀྱི་བསྟན་བཤིག་འཛོམས་ཤིང་། ཨ་གསར་ལ་དགའ་ཞིང་ཚུགས་ཐུབ་ཀྱི་རང་གཤིས་མེད་པས་སྒལ་གཞུང་དྲང་མོ་མིན་པའི་འཁྱོག་གཟུགས་ཀྱི་རི་མོའི་རྣམ་ཤེས་ལུས་ལ་གྲུབ་པའི་བེམ་ཤེས་ཚོགས་སྤྱི་ཡི་རིགས།

ཨོ། ལུས་དང་སེམས་རྒས་སླ་ཞིང་། ཁ་ལ་ལྕགས་ཟྭ་རྒྱག་པར་ལོབས་ཤིང་། ལྐོག་ནས་ཤབ་ཤུབ་སྨྲ་བར་དགའ་བའི་མིའི་གཟུགས་འདྲེ་སེམས་བདུད་ཀྱིས་གྲུབ་པའི་རྫུ་འཕྲུལ་མཁན་པོའི་སྤྱོད་པ་ལུས་ལ་གྲུབ་ཅིང་། ཡ་མ་བརླ་ཡི་ཚུལ་འཆོས་སྟོན་པར་མཁས་པའི་གར་མཁན། གདོང་འབག་རྒྱུན་དུ་གྱོན་ཞིང་གདོང་ཤ་མཐུག་ཏུ་ཕྱིན་པའི་མི་ལུས་དུད་འགྲོའི་སྤྱོད་པའི་སེམས་ཅན་ཡ་མཚན་ཅན་དེ་ནི། ང་དང་རིགས་མཐུན་གྱི་མི་ཞེས་པ་དེ་ཡིན་ནོ།།

ད་ལོར་ང་ལ་རྒས་རྟགས་ཀྱི་མཚན་མ་ཀུན་ནས་མངོན་པར་གྱུར།  ལུས་རྒས་སེམས་རྒས། ལྟ་བ་རྒས། རང་གཤིས་རྒས།  སྤྱོད་པ་རྒས། གྲིབ་གཟུགས་རྒས། སྲོལ་ལུགས་རྒས། གྲུབ་འབྲས་རྒས། ཕྱོགས་ཞེན་རྒས། ཕྲག་དོག་རྒས། ཞེ་སྡང་རྒས། གཡོ་སྒྱུ་རྒས། ཚུལ་འཆོས་རྒས། སྙིང་རྒས། ན་ཟུག་རྒས། མིག་ཟུང་རྒས། སེམས་རྒྱུད་རྒས། འཚེ་བ་རྒས། དད་པ་རྒས།  ཞི་བདེ་རྒས། འདོད་ཆགས་རྒས། དྲང་བདེན་རྒས། བརྩོན་འགྲུས་རྒས།  ཡིད་ཆེས་རྒས། དག་སྣང་རྒས།  ཀུན་སྤྱོད་རྒས། བསམ་བློ་རྒས། འཚོ་བ་རྒས། ཧམ་སེམས་རྒས། བདག་འཛིན་རྒས། འགྲན་རྩོད་རྒས། ལེ་ལོ་རྒས།  སྒྱིད་ལུག་རྒས། སྒམ་དཀྱེལ་རྒས། བཟོད་བསྲན་རྒས། རྣམ་གཡེང་རྒས། ད་ནི་རང་གི་ཡོད་ཚད་ནས་ཡོད་ཚད་རྒས་ཟིན་པའི་མྱོང་སྣང་གསར་བ་ཞིག་གིས་བཟི་སྣང་སྐྱིད་པོའི་ཁྲོད་ནས་འཇམ་ཅག་གེར་བསྡད་ན་འདོད་པ་ལས། མིག་ཟུང་གིས་འཇིག་རྟེན་གྱི་ལྟད་མོར་གཏན་ནས་ལྟ་ན་མི་འདོད་པར།  ནམ་རྒྱུན་རང་ཉིད་ཀྱི་རྡོག་ལམ་ལ་མགོ་བོ་སྒུར་ནས་ཤི་གསོན་གྱི་མཚམས་སུ་འཕག་འཚག་རྒྱག་བཞིན་པའི་རྣམ་ཤེས་ཚོགས་དྲུག་ལ་ཡིད་ཆེས་བཅོལ་རྒྱུ་ཡིན་ནོ།།


 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།