ད་ལྟ་གཟིགས་བཞིན་པ། > མདུན་ངོས། > རྩོམ་རིག > འབོལ་རྩོམ།

རང་སེམས་ལ་ཉུལ་བ།

སྤེལ་དུས། 2015-09-29 09:38:57   ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། དཔལ་འཛོམས།
  གཅན་རྣམ་ཐར།


མི་སེམས་ནི་སུས་ཀྱང་དཔོག་མི་ཐུབ་པའི་གསང་བ་ལྐོག་གྱུར་གྱི་ཡང་སྙིང་ཞིག་ཡིན་པས། ད་བར་དུ་མི་སེམས་ཀྱི་ལྐོག་གྱུར་བར་ནས་འཇིག་རྟེན་གྱི་བྱ་གཞག་ཡོད་ཚད་རྟེན་འབྲེལ་གྱི་དབང་དུ་ཚུད་དེ་ལས་འབྲས་ཀྱི་རྣམ་གཞག་མི་སེམས་ལ་ཆགས། མིའི་རིགས་ཀྱི་བདེ་སྡུག་དང་ལས་ཉོན་ཡོད་ཚད་སེམས་ལས་བྱུང་ཞིང་སླར་ཡང་སེམས་ལ་འཐིམ། སེམས་ནི་རྣམ་ཤེས་ཀྱི་འཁྲུལ་གཞི་རུ་རྨོངས་ནས་མིའི་རིགས་ཀྱི་ཉོན་མོངས་དུག་གསུམ་དང་། དགེ་དང་མི་དགེ སྡུག་དང་མི་སྡུག བཟང་ངན་བསྟོད་སྨད་སྣ་ཚོགས་ཀྱི་ནང་སྒྲིབ་སེམས་ནས་སྦས་ཤིང་སེམས་ནས་འཕྱུར་བས། མིའི་རིགས་ཀྱིས་དགའ་སྐྱོ་ཆགས་སྡང་གི་གཏམ་རྒྱུད་སྣ་མང་འཁྲབ་ནས་མི་ཚེ་བཞུད་ལམ་ལ་བརྗོད་མི་ཚར་བའི་གཏམ་རྒྱུད་ཀྱི་བྱུང་རིམ་ལྷུ་སྒྲིག་བྱས་ཡོད།
 

མི་སེམས་ཀྱི་འགྱུར་ལྡོག་དང་། མི་སེམས་ཀྱི་བློས་བསླངས་ལས་མི་བུ་ཞིག་གི་མི་ཚེ་བརྒྱུད་རིམ་ལ་བརྗོད་མི་ཚར་བའི་བྱུང་རིམ་གྱི་མགོ་རྐང་འགྲིག་པའི་དགའ་སྐྱོ་ཆགས་སྡང་གི་གཏམ་རྒྱུད་ཡ་མཚན་ཅན་མང་པོ་སུ་ལའང་ཡོད་ངེས། ཡིན་ཡང་མི་སེམས་ནི་ཁྲ་ཁྲ་རིག་རིག་ཡིན་པས། སུས་ཀྱང་མི་སེམས་མིས་མི་ལོན་པའི་དབང་གིས་མི་བུ་དེ་སེམས་རྒྱུད་དཀར་མིན་དང་དྲང་མིན་ཐད་ཀར་མི་མཐོང་ནའང་། མི་བུ་ཞིག་གི་ཕྱིའི་སྤྱོད་ལམ་དང་སེམས་ནས་དྲན་པ་ཕྱི་རུ་མངོན་པའི་ལག་ལེན་གྱི་ར་སྤྲོད་ལས། ད་གཟོད་མི་བུ་གང་དེའི་སེམས་རྒྱུད་བཟང་མིན་དང་དྲང་མིན་གྱི་བདེན་དཔང་མང་པོ་ཞིག་ཤེས་ཐུབ་པར་འགྱུར། དེ་བས་མི་ནི་ཡུན་རིང་དུ་འགྲོགས་དཀའ་བ་དང་ཡུན་རིང་དུ་བརྩེ་བ་མི་རྟག་པའི་སྲོག་ཆགས་ཡ་མཚན་ཅན་ཞིག་ཡིན། དུད་འགྲོ་ཡི་རིགས་ནི་ཐོག་མར་འདྲིས་དཀའ་ཞིང་མཐའ་མར་འབྲལ་དཀའ་བའི་རྟག་བརྟན་གྱི་བརྩེ་བ་ཟབ་མོ་ཆགས་པའི་སེམས་ལྡན་ཞིག་ཡིན་པས་སོ།། མི་ནི་དེ་ལས་ལྡོག་སྟེ་ཐོག་མར་འདྲིས་སླ་ཞིང་མཐའ་མར་བརྩེ་བ་མི་བརྟན་པར་འབྲལ་སླ་བའི་སེམས་ལྡན་ཁྲེལ་བག་མེད་པ་ཞིག་ཡིན།


ནམ་རྒྱུན་རང་སེམས་ལ་སྐོར་བ་ཐེངས་ཤིག་རྒྱག་དུས། རང་གིས་རང་ལའང་འགྲེལ་རྒྱག་མི་ཐུབ་པར་གྱུར་འགྲོ་བ་རེད། དེ་ནི་མ་གཞི་གང་ལ་ཐུག་ཡོད་པར་བསམ་གཞིག་ཡང་ཡང་བཏང་ན། ད་གཟོད་སྤྱི་ཚོགས་དང་ཁོར་ཡུག་གི་ངོ་བོ་དང་། ཉེ་འཁོར་གྱི་མི་བུ་དག་གི་སེམས་རྒྱུད་དང་སྤྱོད་ལམ་ལས་རང་ཉིད་གང་དུའང་འཁོར་མི་ཐུབ་པའི་སེམས་རྒྱུད་རྫུན་མ་ཞིག་གིས་བཀག་འགོག་ཐེབས་ཀྱིན་པ་ཤེས་མེད་ཚོར་མེད་དུ་རང་སེམས་ལ་ཟུག་ཡོད་པ་ཤེས་ཐུབ། མི་རྣམས་ལ་ཁ་བགད་ཀྱང་ཁོག་ན་སྡུག་ཅིག་དང་། མི་རྣམས་ཀྱི་ལུས་རྒས་རུང་སེམས་མི་རྒས་པའི་རང་གཤིས་བཙན་པོ་ཞིག་ཡོད་པས། ནམ་ཡང་དཀར་པོ་ལས་ནག་པོར་ཕྱོགས་པའི་སེམས་ཁམས་རྙོག་མ་ཞིག་གིས་གདུག་རྩུབ་ཀྱི་ངར་ཁ་ལས། ཚུལ་འཆོས་དང་གཡོ་སྒྱུ་ཡི་འཇའ་ཚོན་ལུས་སུ་བསྒོས་ཤིང་། རྫུན་དང་ཕྲ་མའི་ཚིག་རྩུབ་ངག་ཏུ་བཀོལ་ལ། གནོད་སེམས་དང་བརྣབ་སེམས་ཡིད་དུ་སྒོམ་ནས་རང་ཉིད་ཀྱི་ཁེ་ཕན་དང་ཕྱོགས་ཞེན། ཕྲག་དོག་གི་དུག་རླངས་ཁྲོད་ན། རྙེད་འདོད་པ་ཞིག་བཙལ་ཞིང་། བཙལ་འདོད་པ་ཞིག་རྙེད་པར་རློམ་པའི་མི་ཚེའི་བསླུ་བྲིད་ཀྱི་འོག་ན། འཆི་བ་ཡི་ལམ་དུ་བསྙེག་པའི་མི་རྟག་པའི་ལུས་པོ་དེ་འཇིག་རྒྱུ་མེད་པའི་རྟག་བརྟན་གྱི་ཐེར་ཟུག་ཅིག་ཡིན་པར་རློམ་ནས། ཡོད་ཚད་སེམས་ཀྱི་བསླུ་བྲིད་ལ་ཆགས་ཏེ་སྐྱེ་རྒ་ན་འཆི་ཡི་གོ་རིམ་གཏིང་བརྗེད་དུ་གྱུར་ཡོད་པའི་རང་སེམས་འདི་ངོ་མ་སྙིང་རེ་རྗེ།
 

རང་སེམས་ཀྱི་བྱུང་བ་མ་ལུས་ཕྱི་རུ་མངོན་པའི་གང་ཟག་ཅིག་མི་ཡུལ་ནས་མཐོང་དཀོན་ནའང་། རང་རང་གི་སེམས་དང་བསམ་པའི་ཀུན་སློང་གིས་གཞན་དང་རང་ཉིད་ཀྱི་བྱས་ཉེས་ལ་བག་ཆགས་སྣ་ཚོགས་བརྗོད་མི་ཤེས་པ་འཇོག་དང་འཇོག་བཞིན་ཡོད་པ་ཀུན་གྱིས་ཤེས་ནའང་། སུ་ཞིག་གིས་ཡང་དག་གི་བསམ་བློའི་ལྟ་བ་གཞིར་བཟུང་སྟེ། ཀུན་སློང་གཙང་མ་དང་སེམས་རྒྱུད་གཙང་བའི་སྒོ་ནས་མིའི་རིགས་ལ་རྒྱབ་སྐྱོར་དང་ཐུགས་ཁུར་བླ་ལྷག་མཛད་མཁན་གྱི་མི་སྣ་མང་པོ་ཞིག་རང་བྱུང་གི་ཁམས་ནས་མ་བཅོས་རང་འགྲིག་གིས་ལྷང་ལ་འབུད་ཐུབ་མིན་ལ་དོགས་པ་ཡང་ཡང་ཟ།  ངས་རང་སེམས་ལ་ཡང་ཡང་ཉུལ་ནས་བསམ་གཞིག་ཡང་ཡང་བཏང་ནའང་། རང་སེམས་ནི་ཅི་ཡང་མེད་པའི་སྤྲང་པོ་ཞིག་དང་། རང་སེམས་ནི་ཅི་ཡང་མི་འགྲུབ་པའི་ནུས་མེད་ཅིག རང་སེམས་ནི་དཀར་ནག་གི་མཚམས་ན་འགྲེང་བའི་ཐོ་ཡོར་ཞིག རང་སེམས་ནི་ནག་ཉེས་ཀྱི་ཕྱོགས་སུ་རྒྱུག་ཆེ་བའི་ཁྲིམས་འགལ་བ་ཞིག རང་སེམས་ནི་ཅི་ཡང་མི་གཉེར་བའི་སྣོད་ཆས་སྟོང་བ་ཞིག རང་སེམས་ནི་དྲང་གཏམ་གྱི་ཕྱོགས་སུ་ཤོར་བའི་ཉག་ཕྲན་ཞིག རང་སེམས་ནི་རྫུན་གཏམ་གྱི་འཁོར་ལོ་བསྐོར་བའི་ཟོ་ཆུན་གྱི་འཁོར་ལོ་ཞིག རང་སེམས་ནི་ཁ་ཕྱོགས་བོར་བའི་རྩྭ་ཕྲན་ཞིག རང་སེམས་ནི་སུས་ཀྱང་བརྗོད་མི་ཤེས་པའི་གསང་ཡིག་དམ་རྒྱ་ཞིག་གོ །
 

 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།