ད་ལྟ་གཟིགས་བཞིན་པ། > མདུན་ངོས། > ཆེད་དོན་ཆེད་སྒྲིག > 2016ཞི་ཅིན་ཕིན། > པར་ལྡན་གསར་འགྱུར།

ཞི་ཅིན་ཕེན་གྱིས་ཏང་གི་གསར་འགྱུར་གླེང་ཕྱོགས་བྱ་བའི་བཞུགས་མོལ་ཚོགས་འདུའི་སྟེང་ཁ་ཕྱོགས་ཡང་དག་རྒྱུན་འཁྱོངས་དང་བྱེད་ཕྱོགས་ཐབས་ལམ་གསར་སྐྲུན་བྱས་ཏེ་གསར་འགྱུར་གླེང་ཕྱོགས་ཀྱི་སྒྲོག་སྤེལ་ནུས་ཤུགས་དང་ཁྲིད་སྟོན་ནུས་ཤུགས་ཇེ་ཆེར་གཏོང་དགོས་ཞེས་ནན་གྱིས་བསྟན།

སྤེལ་དུས། 2016-02-24 11:50:22   ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། ཕྱུག་ལོ།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་བཅུ་དགུ་ཉིན་པེ་ཅིན་ནས་མགོ་འཛིན་མཛད་དེ་གསར་འགྱུར་གླེང་ཕྱོགས་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་པ་མ་ཟད་གསུང་བཤད་གནང་། ཁོང་གིས་ཏང་གི་གསར་འགྱུར་གླེང་ཕྱོགས་བྱ་བ་ནི་ཏང་གི་བྱ་བ་གལ་ཆེན་ཞིག་ཡིན་ལ། རྒྱལ་སྐྱོང་སྲིད་འཛིན་དང་རྒྱལ་འབངས་བདེ་འགོད་ཀྱི་དོན་ཆེན་ཞིག་ཡིན་པས། རྒྱལ་ཁབ་ཕྱི་ནང་གི་གནས་བབ་འཕེལ་རྒྱས་ལ་བསྟུན་པ་དང་། ཏང་གི་བྱ་བའི་ཁྱོན་ཡོངས་ལ་དམིགས་ནས་ཁ་ཕྱོགས་གཏན་ཁེལ་བྱེད་དགོས་ལ། ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་། ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་རྒྱུན་འཁྱོངས། མི་དམངས་དཀྱིལ་སྙིང་དུ་འཛིན་པའི་བྱ་བའི་ཁ་ཕྱོགས་རྒྱུན་འཁྱོངས་བཅས་བྱས་ཏེ། གསར་འགྱུར་སྒྲོག་སྤེལ་གྱི་ཆོས་ཉིད་ལ་བརྩི་བཀུར་བྱེད་པ་དང་། བྱེད་ཕྱོགས་དང་ཐབས་ལམ་གསར་སྐྲུན་བྱས་ཏེ། ཏང་གི་གསར་འགྱུར་གླེང་ཕྱོགས་ཀྱི་སྒྲོག་སྤེལ་ནུས་པ་དང་ཁྲིད་སྟོན་ནུས་པ། ཤན་ཞུགས་ནུས་པ། སྤྱི་རྟོན་ནུས་པ་བཅས་དངོས་སུ་ཇེ་ཆེར་གཏོང་དགོས་ཞེས་ནན་གྱིས་བསྟན།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་གི་གསར་འགྱུར་གླེང་ཕྱོགས་བྱ་བར་ཧ་ཅང་མཐོང་ཆེན་གནང་ནས། འབྲེལ་ཡོད་གནད་དོན་ལ་ཞིབ་འཇུག་ཐེངས་མང་བྱས་པ་དང་། བཀོད་སྒྲིག་གལ་ཆེན་གནང་། ཐེངས་འདིའི་བཞུགས་མོལ་ཚོགས་འདུ་བསྡུ་བའི་དམིགས་ཡུལ་ནི་གསར་འགྱུར་གླེང་ཕྱོགས་འཐབ་ཕྱོགས་ཀྱིས་གནས་བབ་དང་བསྟུན་ནས་བཅོས་སྒྱུར་གསར་སྐྲུན་ཧུར་ཐག་གིས་སྤེལ་བ་དང་། བྱ་བའི་ནུས་པ་དང་ཆུ་ཚད་ཁྱོན་ཡོངས་ནས་ཇེ་མཐོར་གཏོང་རྒྱུ་དེ་རེད།

ཐེངས་འདིའི་བཞུགས་མོལ་ཚོགས་འདུ་བསྡུ་ཆེད། ཞི་ཅིན་ཕེན་མི་དམངས་ཉིན་རེའི་ཚགས་པར་ཁང་། ཞིན་ཧྭ་གསར་འགྱུར་ཁང་། ཀྲུང་དབྱང་བརྙན་འཕྲིན་ཁང་བཅས་ཀྲུང་དབྱང་གི་གསར་འགྱུར་ལས་ཁུངས་གསུམ་ལ་ཕེབས་ཏེ་ཡུལ་དངོས་ནས་རྟོག་ཞིབ་བྱས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱིས་ཞི་ཅིན་ཕེན་དང་མཉམ་དུ་རྟོག་ཞིབ་བྱས་པ་མ་ཟད་བཞུགས་མོལ་ཚོགས་འདུར་ཞུགས།

ཚེས་བཅུ་དགུ་ཉིན་གྱི་སྔ་དྲོར། ཞི་ཅིན་ཕེན་ཐོག་མར་མི་དམངས་ཉིན་རེའི་ཚགས་པར་ཁང་དུ་ཕེབས་ནས་རྟོག་ཞིབ་མཛད། ཁོང་གིས་མི་དམངས་ཉིན་རེའི་ཚགས་པར་སྤེལ་ནས་ལོ་རེ་བརྒྱད་ཀྱི་རིང་ལ་ཏང་དང་མི་དམངས་ཀྱི་ལས་དོན་ཐད་བྱས་རྗེས་གལ་ཆེན་བཞག་པར་ཁས་ལེན་གང་ལེགས་མཛད།

མི་དམངས་ཉིན་རེའི་ཚགས་པར་ཁང་གི་སྤྱིའི་རྩོམ་སྒྲིག་ཁང་ནས། ཞི་ཅིན་ཕེན་གྱིས་ཚང་མ་དང་བསམ་བློ་བརྗེ་རེས་མཛད་པ་དང་། ཁོ་ཚོར་དམིགས་ཡུལ་མི་བརྗེད་པ་དང་ཡིད་ཆེས་བརྟན་པོས་ཚགས་པར་སྔར་ལས་བཟང་བོར་བསྒྲུབ་ནས། རྒྱལ་ཡོངས་མི་དམངས་ལ་བསམ་བློའི་རྒྱགས་ཕྱེ་གྱ་ནོམ་པ་འདོན་སྤྲོད་བྱེད་དགོས་པའི་སྐུལ་མ་གནང་། ཞི་ཅིན་ཕེན་སྨྱན་བྱད་གསར་བའི་ལྟེ་གནས་སུ་ཕེབས་ཏེ། གློག་ཀླད་ཅིག་གི་མདུན་ནས་བཞུགས་ཏེ། སྨྱན་བྱད་གསར་བའི་སྟེགས་བུ་ལས་སྐད་བརྡ་བརྒྱུད་དེ། རྒྱལ་ཡོངས་མི་དམངས་ལ་རྒྱ་ལོ་སྨོན་ལམ་གྱི་འཚམས་འདྲི་དང་སྨོན་འདུན་ཞུས།

དུས་ཚོད་བཅུ་ཡས་མས་སུ། ཞི་ཅིན་ཕེན་ཞིན་ཧྭ་གསར་འགྱུར་ཁང་དུ་ཕེབས་ཏེ། ཞིན་ཧྭ་གསར་འགྱུར་ཁང་གི་ལོ་རྒྱུས་དང་འཕེལ་རྒྱས་ཞེས་པའི་བརྗོད་གཞི་གཙོ་བོའི་འགྲེམ་སྟོན་ལ་གཟིགས། ཞིན་ཧྭ་གསར་འགྱུར་ཁང་གི་འགན་ཁུར་བློ་མཐུན་གྱིས་ཁོ་ཚོས་སྨྱན་བྱད་མཉམ་འདྲེས་ཀྱི་འཕེལ་རྒྱས་མྱུར་ཚད་ཇེ་མགྱོགས་སུ་བཏང་ནས། ཉིན་རེར་ཡིག་རིགས་བརྒྱད་བཀོལ་ཏེ་འཛམ་གླིང་ལ་གསར་འགྱུར་དང་ཆ་འཕྲིན་འདོན་སྤྲོད་བྱེད་བཞིན་པ་མཚམས་སྦྱོར་བྱས་རྗེས། ཞི་ཅིན་ཕེན་གྱིས་དེར་ཁས་ལེན་མཛད།

གསར་འགྱུར་ཆ་འཕྲིན་སྒྲོག་སྤེལ་ལྟེ་གནས་ནས་ཞི་ཅིན་ཕེན་གྱིས་བརྙན་རིས་བརྒྱུད་དེ་ཧི་ནན་ཞིང་ཆེན་ལན་ཁའོ་རྫོང་དུ་བཅར་འདྲི་བྱེད་བཞིན་པའི་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་ཁ་བརྡ་བྱས་པ་དང་། གསར་འགོད་པས་སྤྱི་ཁྱབ་ཧྲུའུ་ཅི་ལ་བཅར་འདྲིའི་ཁྲོད་ནས་མཐོང་བའི་གཞི་རིམ་ལས་བྱེད་པའི་སྤྱོད་ཚུལ་བསྒྱུར་བའི་རྣམ་པ་གསར་བ་ཡར་ཞུ་བྱས་པ་དང་། ཞི་ཅིན་ཕེན་གྱིས་གསར་འགོད་པ་གཞི་རིམ་དང་མང་ཚོགས་ཁྲོད་དུ་ཟབ་ཞུགས་མང་ཙམ་བྱས་ཏེ། གཞི་རིམ་ལས་བྱེད་པའི་སྔོན་ཐོན་བྱས་རྗེས་དུས་ལྟར་དྲིལ་སྒྲོག་བྱེད་དགོས་པའི་སྐུལ་མ་གནང་།

ཉིན་གུང་ལ་ཉེ་སྐབས། ཞི་ཅིན་ཕེན་ཀྲུང་དབྱང་བརྙན་འཕྲིན་ཁང་དུ་ཕེབས། ཁོང་གིས་ཀྲུང་དབྱང་བརྙན་འཕྲིན་ཁང་གི་འབྲེལ་ཡོད་གནས་ཚུལ་གྱི་མཚམས་སྦྱོར་ལ་གསན་རྗེས། ཞི་ཅིན་ཕེན་གྱིས་ཀྲུང་དབྱང་བརྙན་འཕྲིན་ཁང་གིས་ཉིན་རེ་རེར་ལྟ་མཁན་དུང་ཕྱུར་མང་བོར་ལེ་ཚན་འདོན་སྤྲོད་བྱེད་བཞིན་པས། དུས་རབས་ཀྱི་རྗེས་སུ་སྙེག་པ་དང་འཛམ་གླིང་ཡོངས་ལ་བལྟས་ཏེ། བསམ་བློ་རང་བཞིན་དང་སྒྱུ་རྩལ་རང་བཞིན་ལྡན་པའི་ལེ་ཚན་མང་བོ་ཇུས་འགོད་བྱེད་པ་དང་། མི་རྣམས་ལྟ་བར་དགའ་བའི་ལེ་ཚན་མང་བོ་བསྒྲུབ་དགོས་ཞེས་བསྟན།

ཉིན་དེའི་ཕྱི་དྲོར། ཞི་ཅིན་ཕེན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་མགོ་འཛིན་མཛད་དེ་ཏང་གི་གསར་འགྱུར་གླེང་ཕྱོགས་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས། ཚོགས་ཐོག་ནས་མི་དམངས་ཉིན་རེའི་ཚགས་པར་ཁང་གི་མགོ་གཙོ་དབྱང་ཀྲིན་ཝུའུ་དང་། ཞིན་ཧྭ་གསར་འགྱུར་ཁང་གི་མགོ་གཙོ་ཚའེ་མེན་ཀྲའོ། ཀྲུང་དབྱང་བརྙན་འཕྲིན་ཁང་གི་ཐའེ་ཀྲང་ཉེ་ཀྲིན་ཞི། ད་དུང་རྩོམ་སྒྲིག་པའི་འཐུས་མི་དང་གསར་འགོད་པའི་འཐུས་མི། མདོ་འཛིན་པའི་འཐུས་མི་བཅས་ཀྱིས་གཏམ་བཤད་པར་གསན།

ཁོ་ཚོས་གཏམ་བཤད་པར་གསན་རྗེས། ཞི་ཅིན་ཕེན་གྱིས་གསུང་བཤད་གལ་ཆེན་གནང་། ཞི་ཅིན་ཕེན་གྱིས་བསྟན་དོན། དུས་ཡུན་རིང་བོར། ཀྲུང་དབྱང་གི་གསར་འགྱུར་ལས་ཁུངས་གཙོ་བོས་ཏང་དང་མི་དམངས་དང་མཉམ་དུ་འབད་བརྩོན་དང་། དུས་རབས་དང་མཉམ་སྐྱོད་བྱས་ཏེ། མར་ཁེ་སི་རིང་ལུགས་ཀྱི་བདེན་ལུགས་དང་། ཏང་གི་འདོད་བློ། མང་ཚོགས་ཀྱི་འདོད་བློ་བཅས་དྲིལ་སྒྲོག་གང་ལེགས་བྱས་ཏེ། གསར་བརྗེ་དང་འཛུགས་སྐྲུན། བཅོས་སྒྱུར་བཅས་ཀྱི་ལོ་རྒྱུས་ཀྱི་དུས་སྐབས་སོ་སོར་ནུས་པ་ཧ་ཅང་གལ་ཆེན་བཏོན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། ཀྲུང་དབྱང་གི་གསར་འགྱུར་ལས་ཁུངས་གཙོ་བོས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་བ། ལྔ་བ་བཅས་ཀྱི་དགོངས་དོན་འབུར་དུ་ཐོན་པར་དྲིལ་སྒྲོག་བྱས་ཏེ། ཏང་ཀྲུང་དབྱང་གི་ཇུས་ཆོད་དང་བྱ་བའི་བཀོད་སྒྲིག་གལ་ཆེན་རྒྱས་བཤད་བྱས་པ་དང་། མི་དམངས་ཀྱི་རླབས་ཆེན་ལག་ལེན་དང་སྙིང་སྟོབས་མངོན་པར་མཚོན་ནས། དབྱངས་རྟ་གཙོ་བོ་གླུ་རུ་ལངས་པ་དང་དྲང་ཕྱོགས་ནུས་ཚད་སྒྲོག་སྤེལ་བྱས་ཏེ། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་པའི་སྟོབས་ཤུགས་ཆེན་པོ་ཆེས་ཆེར་བསྐྱེད་ཟེར།

ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན། ཏང་གི་གསར་འགྱུར་གླེང་ཕྱོགས་བྱ་བ་བཟང་བོར་སྒྲུབ་པ་ནི། ལངས་ཕྱོགས་དང་བགྲོད་ལམ་ལ་འབྲེལ་བ་ཡོད་པ་དང་། ཏང་གི་གཞུང་ལུགས་དང་ལམ་ཕྱོགས་བྱེད་ཕྱོགས་སྲིད་ཇུས་དངོས་འབེབས་ལག་བསྟར་བྱེད་པ་དང་འབྲེལ་བ་ཡོད་ལ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྣ་ཚོགས་བདེ་བླག་ངང་སྤེལ་བར་འབྲེལ་བ་ཡོད་པ་དང་། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་གོང་བུ་སྒྲིལ་ཤུགས་དང་ཡར་བརྩོན་བྱེད་ཤུགས་ལ་འབྲེལ་བ་ཡོད་པ་མ་ཟད། ཏང་དང་རྒྱལ་ཁབ་ཀྱི་མདུན་ལམ་དང་ལས་དབང་ལ་འབྲེལ་བ་ཡོད་པས། ངེས་པར་དུ་ཏང་གི་བྱ་བའི་ཁྱོན་ཡོངས་ལ་དམིགས་ནས་ཏང་གི་གསར་འགྱུར་གླེང་ཕྱོགས་བྱ་བ་དམ་འཛིན་བྱས་ཏེ། བསམ་བློའི་སྟེང་ནས་ཧ་ཅང་མཐོང་ཆེན་བྱེད་པ་དང་བྱ་བའི་ཐད་ནས་གནད་ཕིགས་ནུས་ལྡན་ཡིན་དགོས་ཟེར།

ཞི་ཅིན་ཕེན་གྱིས་བསྟན་དོན། དུས་རབས་གསར་བའི་ཆ་རྐྱེན་འོག་ཏུ། ཏང་གི་གསར་འགྱུར་གླེང་ཕྱོགས་བྱ་བའི་འགན་ནུས་དང་ལས་འགན་ནི། དར་ཆ་མཐོན་པོར་སྒྲེང་བ་དང་ཁ་ཕྱོགས་ལ་ཁྲིད་སྟོན་བྱེད་པ། དཀྱིལ་སྙིང་ལ་དམིགས་པ་དང་ཆེ་ཕྱོགས་ལ་ཞབས་འདེགས་ཞུ་བ། མི་དམངས་ལ་མཐུན་སྒྲིལ་བྱེད་པ་དང་བརྩོན་སེམས་ཆེ་རུ་བསྐྱེད་པ། སྲོལ་བཟང་ཡར་སྐུལ་དང་སེམས་ཤུགས་གཅིག་སྒྲིལ་བྱེད་པ། དཀར་ནག་གསལ་འབྱེད་དང་བདེན་རྫུན་སོར་འབྱེད་བྱེད་པ། ཕྱི་ནང་མཉམ་འབྲེལ་དང་འཛམ་གླིང་ལ་འབྲེལ་འདྲིས་བྱེད་པ་བཅས་ཡིན་པས། འགན་ནུས་དང་ལས་འགན་འདི་ཕྲག་ཏུ་ཁུར་དགོས་ན། ངེས་པར་དུ་ཆབ་སྲིད་ཀྱི་ཁ་ཕྱོགས་དེ་ཨང་དང་བོར་བརྩིས་ཏེ། ཏང་གཤིས་རྩ་དོན་རྒྱུན་འཁྱོངས་ལྷོད་མེད་དང་། མར་ཁེ་སི་རིང་ལུགས་ཀྱི་གསར་འགྱུར་ལྟ་བ་རྒྱུན་འཁྱོངས་ལྷོད་མེད། ཡང་དག་པའི་གླེང་ཕྱོགས་ཁ་ཕྱོགས་རྒྱུན་འཁྱོངས་ལྷོད་མེད། དྲང་ཕྱོགས་དྲིལ་སྒྲོག་གཙོ་བོར་འཛིན་པ་རྒྱུན་འཁྱོངས་ལྷོད་མེད་བཅས་བྱེད་དགོས་ཟེར།

ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན། ཏང་གི་གསར་འགྱུར་གླེང་ཕྱོགས་བྱ་བར་ཏང་གཤིས་རྩ་དོན་རྒྱུན་འཁྱོངས་བྱེད་དགོས་ན། ཆེས་གཞི་རྩ་ནི་ཏང་གིས་གསར་འགྱུར་གླེང་ཕྱོགས་བྱ་བར་མགོ་ཁྲིད་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་དང་། གསར་འགྱུར་གླེང་ཕྱོགས་བྱ་བའི་ཕྱོགས་སོ་སོ་དང་གོ་རིམ་སོ་སོ་ནས་གླེང་ཕྱོགས་ཀྱི་ཁ་ཕྱོགས་ཡང་དག་རྒྱུན་འཁྱོངས་བྱེད་དགོས་ལ། མཐུན་སྒྲིལ་བརྟན་འཇགས་ལ་སྐུལ་མ་གཏོང་བ་དང་དྲང་ཕྱོགས་དྲིལ་སྒྲོག་གཙོ་བོར་འཛིན་རྒྱུ་ནི་ཏང་གི་གསར་འགྱུར་གླེང་ཕྱོགས་བྱ་བས་ངེས་པར་དུ་བརྩི་སྲུང་བྱེད་དགོས་པའི་རྩ་བའི་བྱེད་ཕྱོགས་ཡིན། གནས་བབ་འཕེལ་རྒྱས་དང་བསྟུན་ནས། ཏང་གི་གསར་འགྱུར་གླེང་ཕྱོགས་བྱ་བས་ངེས་པར་དུ་འདུ་ཤེས་དང་ནང་དོན། གྲུབ་ཚུལ། རྣམ་པ། ཐབས་ཤེས། བྱེད་ཐབས། ལས་རྣམ། རྐྱེན་སྲོལ། སྒྲིག་ལུགས་བཅས་གསར་སྐྲུན་བྱེད་དགོས་ཟེར།

ཞི་ཅིན་ཕེན་གྱིས་བསྟན་དོན། ཏང་གིས་གསར་འགྱུར་གླེང་ཕྱོགས་བྱ་བའི་མགོ་ཁྲིད་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པ་ནི། གསར་འགྱུར་གླེང་ཕྱོགས་བྱ་བ་བདེ་བླག་བདེ་ཐང་ངང་འཕེལ་རྒྱས་སུགཏོང་བའི་རྩ་བའི་ཁག་ཐེག་ཡིན་པས། རིམ་པ་སོ་སོའི་ཏང་ཨུས་རང་རྟོགས་ཀྱིས་ཆབ་སྲིད་འགན་ཁུར་དང་མགོ་ཁྲིད་འགན་ཁུར་ཕྲག་ཏུ་ལེན་དགོས་ལ། མགོ་ཁྲིད་ལས་བྱེད་པས་གསར་འགྱུར་ལས་ཁུངས་བར་གྱི་འབྲེལ་འདྲིས་ནུས་པ་ཇེ་ཆེར་བཏང་ནས། གསར་འགྱུར་ལས་ཁུངས་བཀོལ་ནས་སྲིད་ཇུས་འདོད་བློར་སྒྲོག་འགྲེལ་བྱེད་པ་དང་། སྤྱི་ཚོགས་གནས་ཚུལ་དང་མི་དམངས་ཀྱི་འདོད་བློར་རྒྱུས་ལོན་བྱེད་པ། འགལ་བ་དང་གནད་དོན་རྙེད་ཐུབ་པ། སྤྱི་ཚོགས་ཀྱི་འདུ་ཤེས་ལ་ཁྲིད་སྟོན་བྱེད་པ། མི་དམངས་མང་ཚོགས་ལ་སྐུལ་སློང་བྱེད་པ། དོན་ངོས་བྱ་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཟེར།

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།