ད་ལྟ་གཟིགས་བཞིན་པ། > མདུན་ངོས། > ཆེད་དོན་ཆེད་སྒྲིག > བོད་ཀྱི་དམངས་གླུ་འགྲན་ཚོགས་ཆེན་མོ།

བོད་ཀྱི་དམངས་གླུ་འགྲན་ཚོགས་ཆེན་མོའི་བསྐྱར་འགྲན་གྱི་གནས་ཚུལ་ཆེད་བཀོད།

སྤེལ་དུས། 2015-11-19 22:02:48   ཡོང་ཁུངས། རང་རེའི་ལས་ཁུངས།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། རང་རེའི་ལས་ཁུངས།

གཅིག  ཐོག་མའི་གླེང་སློང་།

དམངས་གླུ་ནི་བོད་ཀྱི་རྩོམ་རིག་སྒྱུ་རྩལ་ཁྲོད་བྱུང་བ་ཆེས་སྔ་བའི་ངག་ཐོག་གི་སྒྱུ་རྩལ་རིགས་ཤིག་ཡིན་ལ། ང་ཚོ་བོད་མི་རིགས་ཀྱི་འཚོ་བའི་ཁྲོད་གོ་གནས་གལ་ཆེན་ཞིག་ཟིན་ཡོད་པ་དང་། དེ་ནི་བོད་པའི་ངལ་རྩོལ་མི་དམངས་ཐུན་མོང་གི་ངག་ཐོག་ནས་གསར་རྩོམ་དང་བརྒྱུད་སྤེལ་བྱས་པའི་ཚིགས་བཅད་བརྩམས་ཆོས་ཤིག་ཡིན་ཞིང་། ཁོ་ཚོའི་ནང་ཡིད་སེམས་ཀྱི་དགའ་སྐྱོ་ཆགས་སྡང་གི་འགྱུར་བ་སྣ་ཚོགས་ཕྱི་ལུས་ངག་གི་ཉམས་ལ་བརྟེན་ཏེ་དབྱངས་ཀྱི་འགྱུར་ཁུག་ངེས་ཅན་ལ་དྲངས་ནས་ལེན་པ་ཞིག་ཡིན། ལྷག་པར་དུ་ཨ་མདོའི་དམངས་གླུ་ནི་རྣ་བར་སྙན་ཞིང་ཡིད་འཕྲོག་པ་དང་། ཉམས་འགྱུར་དུ་མ་དང་ལྡན་ལ། དཔེ་རྒྱན་སྣ་ཚོགས་ཀྱིས་ཕྱུག་པའི་ངག་ཐོག་གི་སྙན་ངག་ཅིག་ཡིན། ནང་དོན་གྱི་ཆ་ལ་རི་ར་བ་ཁང་ཁྱིམ་དང་ཉི་ཟླ་སྐར་གསུམ། ཡུལ་ལྷ་གཞི་བདག མི་དང་སྲོག་ཆགས་གཞན་དག་སོགས་མ་ཁྱབ་པ་ཞིག་མེད་ལ། དུས་རབས་མི་གཅིག་པའི་ནང་གི་སྤྱི་ཚོགས་འཚོ་བ་དང་ཡུལ་སྲོལ་གོམས་གཤིས་སོགས་མངོན་པར་མཚོན་ཡོད་པར་མ་ཟད། བོད་མི་རིགས་ཀྱི་བབ་ཆགས་གཤིས་འཇམ་གྱི་ཀུན་སྤྱོད་སོགས་སྒྲ་གདངས་དྲག་ཞན་བར་གསུམ་གྱི་ལམ་ནས་བཟང་ལ་བསྟོད་པ་དང་ངན་ལ་མཚང་འབྱིན་བྱེད་པ། ཚོགས་སུ་དགའ་བའི་གླུ་ལེན་པ་སོགས་མི་དམངས་མང་ཚོགས་ཀྱི་འཚོ་བ་དང་ཐོན་སྐྱེད། བསམ་པའི་བརྩེ་དུང་དང་མཛེས་དཔྱོད་ཀྱི་ལྟ་བ། སྒྱུ་རྩལ་གྱི་སྤྲོ་སྣང་བཅས་ཇི་བཞིན་དུ་བརྗོད་ཀྱིན་ཡོད།

ཨ་མདོའི་དམངས་གླུའི་རྩོམ་སྟངས་ཀྱི་ཆ་ལ་སྙན་ངག་གི་རྣམ་པའི་ཚིགས་སུ་བཅད་ཡོད་ལ། གླུ་ཚིག་རེ་རེ་ཤོ་ལོ་ཀའམ་ཚན་པ་གསུམ་རེས་གྲུབ་ཅིང་། དེ་ལས་སྔ་མ་གཉིས་ནི་དཔེ་དང་ཕྱི་མ་ནི་དཔེ་ཅན་ཡིན། དེ་དག་ཕལ་ཆེ་བ་ཚེག་བར་བདུན་མ་དང་ཚེག་བར་བརྒྱད་མའི་བདག་ཉིད་ཅན་ཡིན།
ཨ་མདོའི་དམངས་གླུའི་རྣམ་གྲངས་ཀྱི་ཆ་ལ་དྲི་གླུ་དང་མཆོད་གླུ། བསྟོད་གླུ། སྐྱོ་གླུ། ཁ་མཚར། གླུ་ཤགས། བཀྲ་ཤིས། ལས་གླུ་སོགས་གྲངས་མང་པོ་ཡོད།

གཉིས།  ཕྱིར་དྲན།

དུས་ཀྱི་འགྱུར་བ་དང་དེང་རབས་རིག་གནས་ཀྱི་ཕོག་ཐུག་སོགས་རྐྱེན་དུ་མའི་དབང་གིས་ང་ཚོའི་ཕ་མེས་ཡང་མེས་ནས་བརྒྱུད་འོང་ཞིང་མི་རིགས་རང་གི་ཤ་གསེང་རུས་གཏིང་དུ་སིམ་ཡོད་པའི་ཕ་ནོར་རྩ་ཆེན་འདི་ཉམས་དམས་དང་བརྗེད་ངེས་སུ་གྱུར་དང་འགྱུར་བཞིན་པ་ནི་ཧ་ཅང་ཡིད་ཕངས་པའི་གནས་ཤིག་རེད།

དེར་བརྟེན། ང་ཚོ་ཨ་མདོ་བརྙན་འཕྲིན་དང་མཚོ་སྔོན་བོད་སྐད་རྒྱང་སྒྲོག མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་བཅས་ཀྱིས་མར་རྩམ་དང་འོ་ཞོའི་དྲི་བསུང་མ་ཡལ་བའི་ངག་བརྒྱུད་ཀྱི་རིག་གནས་འདི་ཉིད་ཉམས་པ་སོར་ཆུད་དང་མ་ཉམས་གོང་སྤེལ། གཏིང་ཟབ་པའི་དམངས་གླུའི་རིག་གནས་ཀྱི་ཐོན་ཁུངས་སྔོག་འདོན་དང་། གཞི་རྒྱ་ཆེ་བའི་སྒོ་ནས་དམངས་ཁྲོད་གླུ་བ་གླུ་མ་མང་པོ་སྐྱེད་སྲིང་བྱ་རྒྱུར་དམིགས་ནས་བོད་ཀྱི་དམངས་གླུ་འགྲན་ཚོགས་ཆེན་མོ་བསྡུ་རྒྱུ་ཐག་གཅོད་བྱས་པ་ཡིན།
ད་ལོའི་ཟླ༦པའི་ཚེས༢༢ཉིན། ངེད་ཨ་མདོ་བརྙན་འཕྲིན་དང་། མཚོ་སྔོན་བོད་སྐད་རླུང་འཕྲིན། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་བཅས་ཀྱི་ལས་བྱེད་མི་སྣ་ལས་གྲུབ་པའི་བོད་ཀྱི་དམངས་གླུ་འགྲན་ཚོགས་ཆེན་མོའི་ཕབ་སྐྲུན་ཚན་ཆུང་གིས། སྒྲ་ལེན་དང་། བརྙན་ལེན། པར་ལེན་སོགས་ཀྱི་སྒྲིག་ཆས་ཁ་ཚང་གྲ་སྒྲིག་བྱས་ནས་མཚོ་བྱང་རྐང་ཚའི་ཕྱོགས་སུ་ལམ་ལ་ཆས། མཚོ་བྱང་འགྲན་ཁུལ་ནི་བོད་ཀྱི་དམངས་གླུ་འགྲན་ཚོགས་ཆེན་མོའི་ཆེས་ཐོག་མའི་འགྲན་ཁུལ་ཡིན་པས། ང་ཚོ་ཕབ་སྐྲུན་ཚན་ཆུང་གིས་མགོ་ཡག་པོ་ཞིག་འཛུགས་རྒྱུ་དང་རྟེན་འབྲེལ་བཟང་པོ་ཞིག་ཡོང་ཕྱིར། བློ་སེམས་རྩེ་གཅིག་གིས་སྔོན་འགྲོའི་བྱ་བ་ཐ་དག་ཚགས་སུ་ཆུད་པ་བྱས་ཏེ་ཐོག་མའི་འགྲན་ཁུལ་བདེ་བླག་ངང་སྤེལ།

མཚོ་བྱང་འགྲན་ཁུལ་ལ་རྐང་ཚ་དང་། མདའ་བཞི། མདོ་ལ་བཅས་ནས་ཡོང་བའི་འགྲན་ཞུགས་པ་དྲུག་ཅུ་ལྷག་ཞུགས་ཤིང་། དེ་དག་གི་ཁྲོད་ནས་འགྲན་ཞུགས་པ་བཅུ་ཟི་ལིང་གི་བསྐྱར་འགྲན་ཁྲོད་ཚུད།

海北-1.jpg

མཚོ་བྱང་འགྲན་ཁུལ་ནས་བདམས་ཐོན་བྱུང་བའི་གླུ་བ་གླུ་མ་དག

ཟླ༧པའི་ཚེས༣ཉིན། ཕབ་སྐྲུན་ཚན་ཆུང་གིས་སླར་ཡང་སྒྲིག་ཆས་ཁ་ཚང་བཟུང་སྟེ་བོད་ཀྱི་དམངས་གླུ་འགྲན་ཚོགས་ཆེན་མོའི་འགྲན་ཁུལ་གཉིས་པ་སྟེ་མཚོ་ནུབ་འགྲན་ཁུལ་དུ་ཆས། མཚོ་ནུབ་འགྲན་ཁུལ་གྱི་འགྲན་སྡུར་ས་ཚིགས་ནི་ཐེམ་ཆེན་རྫོང་ཀླུ་མང་རྩྭ་ཐང་ཡིན། ཚེས༣ཉིན་གྱི་ཕྱི་དྲོར་ངེད་ཕབ་སྐྲུན་ཚན་ཆུང་ཀླུ་མང་རྩྭ་ཐང་དུ་ཐོན་རྗེས་ཆར་བ་ཟམ་ཟིམ་ཞིག་འབབ་ཀྱིན་འདུག་མོད། ང་ཚོས་སྔར་ལས་ལྷག་པས་བྱ་བ་ལེགས་བསྒྲུབ་བྱ་ཆེད། ངལ་མ་གསོས་པར་རྒྱབ་ལྗོངས་དཔར་བ་དང་། སྒྲོམ་གཞི་ལས་པ་སོགས་སྔོན་འགྲོའི་བྱ་བ་ཚགས་སུ་ཆུད་པ་བྱས།

ཚེས༤ཉིན་གྱི་ཞོགས་པའི་ཉི་ཟེར་དང་ལྷན་དུ་ངེད་ཕབ་སྐྲུན་ཚན་ཆུང་ཐེམ་ཆེན་རྫོང་ནས་ཀླུ་མང་རྩྭ་ཐང་ལ་སོང་སྟེ། བརྙན་ལེན་གནས་ཐིག་གཏན་འཁེལ་དང་། འགྲན་ཞུགས་པའི་ཁ་གྲངས་རྩིས་ལེན། གོ་རིམ་རྒྱན་ལེན། སྒྲ་ལེན་ཡོ་ཆས་སྒྲིག་འཇུག་སོགས་བྱས་ཚར་བ་དང་མཉམ་དུ་ཆར་ཞོད་འབྲིང་ཙམ་ཞིག་བབ་པས་སླར་ཡང་སྒྲིག་ཆས་ཁ་ཚང་བསྡུ་གསོག་མི་རྒྱག་ཐབས་མེད་བྱུང་།

ཚེས༥ཉིན། གནམ་ངོ་དྭངས་ཤིང་གཙང་ལ། ཉི་འོད་དྲོ་ཞིང་འཇམ། ཀླུ་མང་རྩྭ་ཐང་ནི་བཻཌཱུརྱའི་ཞུན་མ་བྱུགས་པ་དང་ཀུན་ནས་མཚུངས་པས། དེས་ང་ཚོར་ཡང་སྔར་མེད་ཀྱི་སེམས་ཤུགས་དང་སྤོབས་པ་བྱིན་པ་དང་། འགྲན་སྡུར་གྱི་བྱ་བ་ཡང་བདེ་བླག་ངང་གྲུབ།

海西.jpg

མཚོ་ནུབ་འགྲན་ཁུལ་ནས་བདམས་ཐོན་བྱུང་བའི་གླུ་བ་གླུ་མ་དག

ཟླ༧པའི་ཚེས༩ཉིན། མཚོ་ནུབ་འགྲན་ཁུལ་གྱི་བྱ་བ་ཡོངས་འགྲུབ་བྱས་རྗེས། མཚོ་ལྷོའི་ཕྱོགས་སུ་བསྐྱོད་ནས་མཚོ་ལྷོ་འགྲན་ཁུལ་གྱི་འགྲན་སྡུར་བསྡུས། མཚོ་ལྷོ་འགྲན་ཁུལ་ཡང་འགྲན་ཁུལ་སྔོན་མ་དག་ནང་བཞིན། སྔོན་འགྲོའི་བྱ་བ་དང་། ཐོག་མའི་འགྲན་སྡུར་གྱི་རིམ་པ། བརྙན་ལེན་གྱི་རིམ་པ། མཇུག་བསྡུ་བ་སོགས་རིམ་པ་དུ་མ་བརྒྱུད་རྗེས་བདེ་བླག་ངང་མཇུག་སྒྲིལ་ལ། འབའ་རྫོང་དང་། མང་རྫོང་། ཁྲི་ཀ གསེར་ཆེན་སོགས་ནས་ཡོང་བའི་འགྲན་ཞུགས་པ་དྲུག་ཅུ་ལྷག་གི་ཁྲོད་ནས་འགྲན་ཞུགས་པ་བཅུ་ཟི་ལིང་འགྲན་ཁུལ་གྱི་བསྐྱར་འགྲན་ཁྲོད་ཚུད།

海南.jpg

མཚོ་ལྷོ་འགྲན་ཁུལ་ནས་བདམས་ཐོན་བྱུང་བའི་གླུ་བ་གླུ་མ་དག

ཟླ༧པའི་ཚེས༣ཉིན། ངེད་ཕབ་སྐྲུན་ཚན་ཆུང་གིས་གཟའ་མཇུག་གི་ངལ་གསོ་བསྐྱུར་ནས་བོད་ཀྱི་དམངས་གླུ་འགྲན་ཚོགས་ཆེན་མོའི་འགྲན་ཁུལ་བཞི་བ་སྟེ་མགོ་ལོག་འགྲན་ཁུལ་དུ་གོམས་སྟབས་བསྒྱུར་བ་ཡིན་ལ། གྲོང་སྡེ་དང་འབྲོག་སྡེ། ནགས་ཚལ་དང་སྤང་ཐང་། རྫ་རི་དང་བྲག་རི་སོགས་བརྒྱུད་དེ་སྤྱི་ལེ་བཞི་བརྒྱ་ལྷག་ལ་བསྐྱོད་མཐར་གཞི་ནས་རྨ་ཡུལ་རྩྭ་ཐང་ལ་སླེབས་སོང་། དབྱར་གཞུང་གི་རྨ་ཡུལ་རྩྭ་ཐང་ནི་གནམ་སྔོན་པོ་ཐང་ལ་ལྷུང་བ་ལྟར་མཐའ་ཡས་ལ་མཐོང་ཡངས་བས་ངེད་ཕབ་བསྐྲུན་ཚན་ཆུང་ལ་སྤྲོ་སྣང་ཁྱད་པར་བ་ཞིག་ཅིག་ཅར་དུ་བྱིན་སོང་། སྤྱིར་ན་ང་ཚོ་མགོ་ལོག་ལ་ཐོན་མ་ཐག་སྔོན་འགྲོའི་བྱ་བ་སྐོར་ཞིག་བསྒྲུབ་རྩིས་ཡོད་ན་ཡང་། ལམ་ཐག་རིང་བ་དང་རླངས་འཁོར་འགག་པ་སོགས་ཀྱི་དབང་གིས་ལམ་བར་ནས་ཆུ་ཚོད་བཅུ་གཅིག་ལྷག་འགོར་ཞིང་། ཁུལ་ཐོག་ལ་ཐོན་དུས་དགོང་མོའི་ཆུ་ཚོད་བརྒྱད་པ་བརྒལ་འདུག་པས་ནུབ་ཚལ་འཐུང་རྗེས་ངལ་མི་གསོ་ཐབས་མེད་བྱུང་།   ཕྱི་ཉིན་ནས་བཟུང་ངེད་ཕབ་སྐྲུན་ཚན་ཆུང་གིས་མགོ་ལོག་འགྲན་ཁུལ་གྱི་ཡུལ་དངོས་ནས་ཧུར་ཐག་གིས་བྱ་བ་བསྒྲུབ་ནས་འགྲན་སྡུར་གྱི་བྱ་བ་ཡོད་ཚད་ལེགས་འགྲུབ་བྱུང་སོང་།

IMG_0537.jpg

མགོ་ལོག་འགྲན་ཁུལ་ནས་བདམས་ཐོན་བྱུང་བའི་གླུ་བ་གླུ་མ་དག

ད་ནི་དམངས་གླུ་འགྲན་ཚོགས་ཆེན་མོའི་འགྲན་ཁུལ་གསུམ་སྟེ་རྨ་ལྷོ་དང་། མཚོ་ཤར། དཔའ་རིས་བཅས་སུ་འགྲོ་དགོས་ཡོད་ལ། འགྲན་ཁུལ་འདི་དག་ལ་ཆ་མཚོན་ནས་བཤད་ན་ས་ཕྱོགས་ཡུལ་ཕྱོགས་ཀྱི་ཐུན་མིན་ངང་གིས་ཕྱུག་པའི་གླུའི་དབྱངས་རྟ་དང་འགུག་ལུགས། གླུ་ཚིག གོན་པ་དག་ལ་ས་གནས་གཞན་དང་བསྡུར་ན་དམིགས་བསལ་གྱི་བཤད་རྒྱུན་དང་ལོ་རྒྱུས་ཀྱི་བྱུང་བ་རབ་དང་རིམ་པ་ཡོད།

ཟླ༩བའི་ཚེས༡༢ཉིན། ངེད་ཕབ་སྐྲུན་ཚན་ཆུང་ཆར་བ་ཟིམ་ཟིམ་གྱི་འགྲོས་དང་བསྟུན་ནས་གནམ་མཁར་ཟི་ལིང་ནས་ལམ་ལ་ཆས་ཏེ་རེབ་གོང་གསེར་མོ་ལྗོངས་སུ་སྐྱོད་མགོ་བརྩམས། འགྲན་ཁུལ་འདི་ལས་གླུ་བ་གླུ་མ་བརྒྱ་དང་བཅུ་ལྷག་འགྲན་སྡུར་དུ་ཞུགས་ཤིང་དེ་ལས་ཛ་དྲག་གི་གོ་རིམ་ཡང་ཡང་བརྒྱུད་མཐར། མཇུག་མཐར་གླུ་བ་བཅུ་ཟི་ལིང་གི་བསྐྱར་འགྲན་དུ་ཚུད། འདི་ལས་རྨ་ལྷོ་ས་ཁུལ་གྱིས་རིག་གནས་སྒྱུ་རྩལ་ལ་བཟུང་བའི་ལྟ་སྟངས་རྣལ་མ་ཞིག་ངང་གིས་མཚོན་ཞིང་། དམངས་གླུ་ནི་དམངས་ཀྱི་བསམ་བློ་མཚོན་བྱེད་ཅིག་ཡིན་པའི་བདེན་དབང་ལེགས་པོ་བྱས་ཡོད།

黄南2.jpg

རྨ་ལྷོ་འགྲན་ཁུལ་ནས་བདམས་ཐོན་བྱུང་བའི་གླུ་བ་གླུ་མ་དག

སྤྱིར་མཚོ་ཤར་ས་ཁུལ་དུ་དཔའ་རིས་བ་དང་གྲོ་ཚང་བ། བཱ་ཡན་པ། དེ་མིན་རྡོ་སྦིས་དང་བིས་མདོ། ཀ་རིང་སོགས་ཡུལ་ལུང་དང་རུ་སྡེ་མང་པོ་ནས་མཆེད་པའི་བོད་རིགས་མང་པོ་འདུས་སྡོད་བྱས་ཡོད་རྐྱེན་ས་འདིའི་གོན་པ་དང་དམངས་གླུའི་རིགས་འདིའང་ཆེས་དར་སྔ་བ་དང་དཔའ་ལུང་ལྟ་བུ་ལ་མཚོན་ན་དམངས་གླུའི་ཕ་ས་ཞེས་པའི་བཤད་རྒྱུན་ཞིག་ཆགས་ཡོད།

海东.jpg

མཚོ་ཤར་འགྲན་ཁུལ་ནས་བདམས་ཐོན་བྱུང་བའི་གླུ་བ་གླུ་མ་དག

བོད་ཀྱི་དམངས་གླུ་འགྲན་ཚོགས་ཆེན་མོའི་ཆེས་མཐའ་མཇུག་གི་འགྲན་སྡུར་དེ་དཔའ་རིས་ནོར་དཀར་གྱི་ཕ་ས་ནས་བདེ་ལེགས་ངང་མཇུག་རྫོགས་པ་དང་རེབ་འདིར་ང་ཚོས་དཔའ་རིས་མང་ཚོགས་ཀྱིས་དམངས་གླུ་སྒྱུ་རྩལ་ལ་བཟུང་བའི་ལྷག་བསམ་དང་། དད་འདུན། ཡིད་ཆེས། སྤོབས་པ་བཅས་ལ་ནམ་ཡང་ཡི་རང་དང་གོང་བཀུར་བྱེད་དགོས་པ་འདུག

སྤྱིར་དཔའ་རིས་ས་ཆའི་གླུའི་དབྱངས་རྟ་དང་འགུག་ལུགས་ལ་ཁྱོན་བསྡོམས་པའི་འགུག་ལུགས་དྲུག་ཅུ་ལྷག་ཡོད་ལ། གལ་ཏེ་གླུ་བ་གླུ་མ་རྒན་པ་ཞིག་ཡིན་ཚེ་ཕལ་ཆེར་འགུག་ལུགས་ཡོད་ཚད་སེམས་སུ་ངེས་ཡོད་པའི་བཤད་ཚུལ་ཡོད། ཐུན་མིན་གྱི་ཁྱད་ཆོས་ལྡན་པའི་དཔའ་རིས་ས་ཆའི་དམངས་གླུ་འདི་ལ་ཕར་ཉན་སྟངས་ཤིག་ལ་སྐྱོ་སྣང་རང་བཞིན་ལྡན་པའི་སྨྲེང་གླུའི་རིགས་སུ་གཏོགས་པའི་སྣང་བ་སྟེར་ལ། འདི་ནི་གནའ་བོའི་བཤད་རྒྱུན་ལས་མཆེད་པའི་སྒྲའི་ང་རོ་སོར་བཞག་བྱས་ནས་བྱུང་བ་ཞིག་ཡིན། དེ་མིན་ལྷ་དཀར་པོ་དང་། ལམ་དཀར་པོ། ནོར་དཀར་པོ་བཅས་དཀར་པོ་གསུམ་འཛོམས་ཀྱི་དཔའ་རིས་ས་ཆར་མཚོན་ན་གོན་པ་མཐའ་དག་ཀྱང་ས་གནས་གཞན་དང་བསྡུར་ན་ཁྱད་ཆོས་བདོག་ཅིང་འདོགས་ཆ་ཡོད་ཚད་ལའང་མཚོན་ཆའི་རིགས་ཀྱི་མིང་བརྡ་སྦྱར་ཏེ་སྔུན་ལ་བཏགས་ཏེ་ཐུར་དུ་དཔྱངས་ཡོད་པ་དེ་ནི་གནའ་མིའི་དམག་གི་ལོབས་ཕྱོགས་ཤིག་གིས་མེ་མདའ་དང་མདའ་གཞུ་སོགས་སྔོན་དུ་དཔྱངས་ན་ཅུང་སྟབས་བདེ་ཡིན་ལ་དེ་བས་ད་ལྟའང་དེ་ལྟར་ཟུར་ཆགས་པའོ།

华热.jpg

དཔའ་རིས་འགྲན་ཁུལ་ནས་བདམས་ཐོན་བྱུང་བའི་གླུ་བ་གླུ་མ་དག

 452.jpg

ཕབ་སྐྲུན་ཚན་ཆུང་གིས་ཐེམ་ཆེན་རྫོང་ཀླུ་མང་རྩྭ་ཐང་ན་བརྙན་ལེན་གནས་ཐིག་གཏན་འཁེལ་བྱེད་བཞིན་པ།

a361862e80ff066ede5b875dd623ebc6.jpg

ལས་བྱེད་མི་སྣས་ཡུལ་དངོས་ན་བརྙན་རིས་སྒྲིག་གཅོད་བྱེད་བཞིན་པ།

dc2764942ce982e2407f259c30b5b37c.jpg

དཔྱད་འདེམས་པ་ཚོས་སེམས་ཞིབ་མོས་དམངས་གླུར་དཔྱད་འདེམ་བྱེད་བཞིན་པ།

从vvb.jpg

ས་གནས་རང་གི་ཁྱད་ཆོས་མངོན་པའི་དཔའ་རིས་ཡུལ་གྱི་གླུ་མ་དག

那边.jpg

དམངས་གླུའི་འགྱུར་ཁུགས་སྙན་མོས་ཡིད་སེམས་བཀུགས་པའི་ལྟད་མོ་བའི་ཚོགས།

གསུམ་པ།  སྟ་གོན།

བོད་ཀྱི་དམངས་གླུ་འགྲན་ཚོགས་ཆེན་མོའི་ཐོག་མའི་འགྲན་ཁུལ་སོ་སོའི་བྱ་བ་བདེ་བླག་ངང་གྲུབ་སྟེ། ད་ནི་བསྐྱར་འགྲན་གྱི་གོ་རིམ་དུ་སླེབས་ཡོད་པས། སྤྱི་ཟླ༡༡པའི་ཚེས༡༩ཉིན་འགྲན་ཁུལ་སོ་སོ་ནས་ཡོང་བའི་གླུ་བ་གླུ་མ་དག་དུས་ལྟར་ཟི་ལིང་དུ་འབྱོར་བ་དང་། འབྲེལ་ཡོད་མགོ་ཁྲིད་དང་ལས་བྱེད་མི་སྣ་དག་གིས་སེམས་ཞིབ་མོས་ཇུས་འགོད་དང་བཀོད་སྒྲིག་སོགས་བརྒྱུད་ནས་ད་ལྟ་སྒྲིག་ཆས་ལེགས་སྒྲིག་དང་། གར་སྟེགས་ཇུས་འགོད། གློག་འོད་ལེགས་འདེམས། གླུ་ཚིག་ཞིབ་བཤེར། གླུ་བ་གླུ་མར་སྣེ་ལེན་བྱེད་པ་བཅས་ཀྱི་བྱ་བ་ཐམས་ཅད་ཇི་བཞིན་དུ་ཚགས་སུ་ཆུད་ཡོད་ལ། རེབ་འདིར་འགྲན་ཁུལ་བདུན་ནས་ཕེབས་པའི་འགྲན་ཞུགས་གླུ་བ་གླུ་མ་དག་གིས་རང་ས་གནས་ཀྱི་འཕྱོར་གོས་གང་ཡག་གྱོན་ཡོད་པ་དང་། གདོང་གི་འཛུམ་དང་ལུས་ཀྱི་ཉམས་ལ་བལྟས་ན། ཁོ་ཚོ་སུ་ལའང་ཐེངས་འདིའི་འགྲན་སྡུར་ཁྲོད་གྲུབ་འབྲས་གཡུར་དུ་ཟ་བ་ཞིག་ལེན་ཐུབ་པའི་སྤོབས་པ་དང་དཔའ་གདེངས་ཤིག་ངང་གིས་མངོན་འདུག
 

འགྲན་ཁུལ་སོ་སོའི་གླུ་བ་གླུ་མ་དག་དུས་ལྟར་ཟི་ལིང་དུ་འབྱོར་བ།

གླུ་བ་གླུ་མ་དག་གིས་མིང་ཐོ་འགོད་བཞིན་པ།

འབྲེལ་ཡོད་མགོ་ཁྲིད་དང་ལས་བྱེད་མི་སྣས་འགྲན་སྡུར་སྤེལ་སའི་འཁྲབ་སྟོན་ཁང་དུ་བྱ་བར་གྲོས་ཞིབ་བྱེད་བཞིན་པ།

འགྲན་སྡུར་ཆེན་མོའི་བརྙན་ལེན་བྱ་བ་ལེགས་འགྲུབ་ཡོང་ཆེད་སྒྲིག་ཆས་སྣ་ཚོགས་ཚགས་སྒྲིག་བྱེད་བཞིན་པ།

ལས་བྱེད་མི་སྣས་ངལ་གསོའི་དུས་སུའང་བྱ་བ་ལྷག་ལས་བྱེད་བཞིན་པ།

འབྲེལ་ཡོད་མགོ་ཁྲིད་ཀྱིས་འགྲན་ཁུལ་སོ་སོའི་འགན་ཁུར་བ་དག་ལ་འགྲན་སྡུར་སྐབས་ཀྱི་དོན་བྱ་སྣ་ཚོགས་གསལ་བཤད་བྱེད་བཞིན་པ།

འགྲན་ཞུགས་གླུ་བ་གླུ་མས་འགྲན་སྡུར་ཁྲོད་གྲུབ་འབྲས་བཟང་བོ་ལེན་ཆེད་མགྲོན་ཁང་དུའང་དམངས་གླུ་སྦྱོང་བཞིན་པ།

གསར་འགོད་པ།  འབྲུག་ལྷ་རྒྱལ།   ལྕགས་ཐར་ཚེ་རིང་།  དབང་རྒྱལ་ཚེ་རིང་།

 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།