ད་ལྟ་གཟིགས་བཞིན་པ། > མདུན་ངོས། > ཆེད་དོན་ཆེད་སྒྲིག > བོད་ཀྱི་དམངས་གླུ་འགྲན་ཚོགས་ཆེན་མོ།

བོད་ཀྱི་དམངས་གླུ་འགྲན་ཚོགས་ཆེན་མོའི་བསྐྱར་འགྲན་རིམ་པའི་གནས་ཚུལ་རགས་རིམ།

སྤེལ་དུས། 2015-11-21 14:37:01   ཡོང་ཁུངས། རང་རེའི་ལས་ཁུངས།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། ལྕགས་ཐར་ཚེ་རིང་།

འགྲན་སྡུར་དངོས་ལས་བསྐྱར་འགྲན་གྱི་རིམ་པ།

ཚང་མས་ཤེས་གསལ་ལྟར། ད་ལོའི་དབྱར་ཟླ་དྲུག་པ་ནས་བཟུང་། བོད་ཀྱི་དམངས་གླུ་འགྲན་སྡུར་ཆེན་མོའི་ཕབ་སྐྲུན་ཚན་ཆུང་སྔ་རྗེས་སུ་མཚོ་བྱང་དང་། མཚོ་ནུབ། མཚོ་ལྷོ། རྨ་ལྷོ། མཚོ་ཤར། མགོ་ལོག དཔའ་རིས་བཅས་ཀྱི་འགྲན་ཁུལ་དུ་བསྐྱོད་ནས་ཐོག་མའི་འགྲན་སྡུར་གྱི་རིམ་པ་སྤེལ་ཅིང་། འགྲན་ཞུགས་པ་དྲུག་ཅུ་ལྷག་ཟི་ལིང་གི་བསྐྱར་འགྲན་ཁྲོད་དུ་བདམས་པ་རེད།

ཟླ་འདིའི་ཚེས20ཉིན། ཉན་མཁན་དང་ལྟ་མཁན་གང་མང་ཞིག་གིས་སྐོམ་པའི་བདུད་རྩི་བཞིན་སྒུག་པའི་བོད་ཀྱི་དམངས་གླུ་འགྲན་ཚོགས་ཆེན་མོའི་བསྐྱར་འགྲན་རིམ་པ་དེ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་འཁྲབ་སྟོན་ཚོམས་ཆེན་དུ་མགོ་བརྩམས།

ས་ཁུལ་སོ་སོ་ནས་ཡོང་བའི་འགྲན་ཞུགས་པ་རྣམས་ཀྱིས་སྲོལ་རྒྱུན་གྱི་རང་མདངས་མ་ཡལ་ཞིང་ས་གནས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་གོན་པ་གྱོན་ཞིང་རྒྱན་ཆ་སྤྲས་ནས་འགྲན་སྡུར་ལ་ཞུགས་པར་མ་ཟད། སླད་མ་འདྲེས་པའི་ཡབ་མེས་ཀྱི་དབྱངས་རྟ་དྲོན་མོ་སྙན་འཇེབས་ཀྱི་འགྱུར་ཁུགས་ལ་དྲངས་པས། ལྟད་མོ་བའི་ཚོགས་ནས་དགའ་བསུའི་ཐལ་མོ་རྡེབ་སྒྲ་རྒྱུན་མ་ཆད།

འགྲན་སྡུར་གྱི་དཔྱད་འདེམས་པ་དག་ནི་སོ་སོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་གྲོན་དངུལ་ལོངས་སྤྱོད་མཁན། རྒྱལ་ཁབ་རིམ་པ་དང་པོའི་རྩོམ་པ་པོ་ཆབ་འགག་རྡོ་རྗེ་ཚེ་རིང་དང་། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ། དམངས་སྲོལ་ཆེད་མཁས་པ་གཅན་བཀྲ་བྷོ། མཚོ་སྔོན་ཞིང་ཆེན་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་གཙོ། རྒྱལ་ཁབ་རིམ་པའི་གཟུགས་འདས་རིག་གནས་རྒྱུད་འཛིན་པ། རྒྱལ་ཁབ་རིམ་པ་དང་པོའི་འཁྲབ་གཞུང་རྩོམ་པ་པོ་རིན་ཆེན་རྒྱལ། མཚོ་སྔོན་ཞིང་ཆེན་སྲིད་གྲོས་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་རྩད་ཞིབ་པ། བོད་གྱི་དམངས་སྲོལ་རིག་པའི་ན་གཞོན་མཆེད་མཁས་པ་མཁར་རྩེ་རྒྱལ། མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་གྱི་རིམ་པ་དང་པོའི་སྙན་སྒྲོན་པ། བོད་ཀྱི་སྙན་ངག་པ་དང་གཞས་ཚིག་རྩོམ་པ་པོ་འབྲུག་ལྷ་རྒྱལ། མཚོ་སྔོན་ཞིང་ཆེན་རོལ་མོ་བའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། ཨ་མདོ་བརྙན་འཕྲིན་གྱི་རོལ་མོའི་ལྟ་སྐུལ་བ། གཞས་གདངས་རྩོམ་པ་པོ་གསང་བདག མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་རིགས་སྐད་ཡིག་བྱ་བའི་གཞུང་ལས་ཁང་གི་ཀྲུའུ་རིན་རིན་ཆེན་ཚེ་རིང་བཅས་ཡིན་ལ། དཔྱད་འདེམས་པ་རྣམ་པས་དྲང་བདེན་དང་དྲང་གཞག  དྲང་སྙོམས་བཅས་ཀྱི་རྩ་དོན་གཞིར་བཟུང་ནས་འགྲན་ཞུགས་པ་དག་གི་སྐད་ངག་དང་གླུ་ཚིག  ཚིག་འབྲུ་གསལ་མིན་དང་ཉམས་འགྱུར་ལྡན་མིན། སྣང་བརྙན་སོགས་ལ་གཞིགས་ནས་དཔྱད་འདེམས་བྱས་པར་མ་ཟད་ཡུལ་དངོས་ནས་དཔྱད་བརྗོད་གྱ་ནོམ་པ་སྤེལ།

ཐེངས་འདིའི་འགྲན་སྡུར་དེ་བསྐྱར་འགྲན་དང་རྟིང་རྩོད་འགྲན་སྡུར་གྱི་རིམ་པ་གཉིས་སུ་བཀར་ནས་འགྲན་སྡུར་བྱེད་བཞིན་ཡོད་ལ། ཉིན་གཉིས་ཙམ་གྱི་དུས་ཚོད་སྤྱད་མཐར་བསྐྱར་འགྲན་གྱི་རིམ་པ་ཡོངས་སུ་མཇུག་རྫོགས་ཤིང་། དེ་རིང་ཕྱི་དྲོ་ནས་བཟུང་ཆེས་མཐར་མཇུག་གི་རྟིང་རྩོད་འགྲན་སྡུར་གྱི་རིམ་པ་དངོས་སུ་སྤེལ་རྒྱུ་རེད།

བསྐྱར་འགྲན་ཁྲོད་ཚུད་པའི་འགྲན་ཞུགས་པ་དག་ནི། སྟོབས་ཆེན་རྒྱལ། ཚེ་སྒྲུབ་རྒྱལ། རིག་ལྷ། ལྷན་ཆེན་རྒྱལ། བསྟན་སྲུང་སྐྱབས། ཀུན་ཐར་རྒྱལ། གུ་རུ། བཀྲ་ཤིས་སྒྲོལ་མ། ཤ་བོ་ཐར། པད་མ་དོན་འགྲུབ། བཀྲ་ཤིས་དོན་འགྲུབ། ཆོས་སྐྱིད། ལྷ་དབང་རྒྱལ་མཚན། ཕུར་བ་རྒྱལ། སྒྲོལ་དཀར་མཚོ། ཐུགས་རྗེ་རྒྱ་མཚོ། ནོར་བཙུན། ཤེས་ལྡན་བཅས་རེད།

འགྲན་ཞུགས་གོ་རིམ་གྱི་རྒྱན་ལེན་བཞིནཔ།

ཚིག་གི་སྒྱུ་རྩལ་ངག་ལ་བརྒྱུས།།  གཏམ་གྱི་རྒྱ་མཚོ་ཀློང་དུ་བརྡོལ།།

གསེར་ཀྱི་མིད་པའི་མཚན་སྙན་ཅན།།  དེ་རིང་ཁྲོམ་པའི་གྲལ་ན་ཡོད།།

སྨན་ཤར་བུ་མོ་བོད་ལ་དགའ།། སྒོས་སུ་སྙན་མོ་གླུ་ལ་དགའ།།

ལུས་ཀྱི་ཉམས་འགྱུར་མིག་ལ་མཛེས།། དབྱངས་ཀྱི་འགྱུར་ཁུག་རྣ་ལ་སྙན།།

འདིར་ཚོགས་ཁྲོམ་པས་ཚུར་ལ་གསོན།།  དེ་རིང་སྙན་མོ་གླུ་ཞིག་ལེན།།  

མེས་པོའི་སྲོལ་རྒྱུན་བརྗེད་མེད་སེམས་ན་ཡོད།།  དམངས་གླུ་སྙན་མོ་བདེ་མོ་ངག་ན་ཡོད།།

ང་ཚོ་ཚང་མ་དམངས་གླུའི་རྒྱུད་འཛིན་ཡིན།།  དམངས་སྲོལ་རིག་གནས་སེམས་ཀྱི་དད་འདུན་ཡིན།།

IMG_8227.jpg

དྲང་བདེན་གཙིག་ཏུ་བཀུར།།  རྒྱུ་འབྲས་རྒྱ་མར་འཇལ།། 

བསྐྱར་འགྲན་གྱི་འགག་སྒོ་ལས་ཐར་ཞིང་རྟིང་རྩོད་ཀྱི་སྒོ་འགྲམ་སྙེགས་པའི་འགྲན་ཞུགས་པ།

99999.jpg

རྟིང་རྩོད་འགྲན་སྡུར་ཁྲོད་ཚུད་པའི་འགྲན་ཞུགས་པ་དག་གི་མིང་ཐོ་དང་སྐར་གྲངས།


འགྲན་སྡུར་གྱི་དགོས་པ།

བོད་རིགས་ནི་ལས་ལ་བརྩོན་ཞིང་དཔའ་རྩལ་ཆེ་ལ་བློ་གྲོས་དང་ཤེས་རབ་ཀྱི་དཔལ་འཛིན་པའི་མི་རིགས་ཤིག་ཡིན་པ་དང་། ལོ་རྒྱུས་སུ་དམངས་ཁྲོད་ཀྱི་ཚིགས་བཅད་སྙན་ངག་གང་མང་གསར་རྩོམ་བྱས་ནས་དམངས་གླུའི་དབྱངས་ལ་བརྒྱུས་ཏེ་གསོན་ཉམས་ལྡན་པར་བྱས་ཡོད་པ་རེད།

དམངས་གླུ་ནི་བོད་རིགས་ངལ་རྩོལ་མི་དམངས་ཀྱི་ཐུན་མོང་བའི་ངག་ཐོག་ནས་གསར་རྩོམ་དང་བརྒྱུད་སྤེལ་བྱས་པའི་ཚིགས་བཅད་བརྩམས་ཆོས་ཁྱད་པར་བ་ཞིག་སྟེ། ཡིད་ཀྱི་དགའ་སྐྱོ་ཆགས་སྡང་གི་འགྱུར་བ་ཕྱིའི་ངག་གི་དབྱངས་རྟ་ངེས་ཅན་ལ་བརྟེན་ནས་འཁྲོལ་བའི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་རིགས་ཤིག་ཡིན།

IMG_8341.jpg

དེའི་མི་ཚད་ལོ་ཟླ་རིང་མོའི་འཕེལ་འགྱུར་ཁྲོད་ནས་དག་བཅོས་དང་། མཐོར་འདེགས། གཏན་འཁེལ་བཅས་བྱས་པའི་བཙོ་སྦྱང་གི་ནུས་པ་ཀུན་ལས་ལྷག་པའི་ཐུན་མོང་མ་ཡིན་པའི་རིག་པའི་ཉིང་བཅུད་ཅིག་ཀྱང་རེད་བསམ་བྱུང་།

དེ་ལས་གཞན་ད་དུང་རྣ་བར་སྙན་ཞིང་ཡིད་དབང་འཕྲོག་པ་དང་། ཉམས་འགྱུར་གྱིས་ཕྱུག་ཅིང་དང་དོད་ལྡན་པ། དཔེ་དང་རྒྱན་སྣ་ཚོགས་ཀྱིས་སྤྲས་ཤིང་ངལ་རྩོལ་མི་དམངས་ཀྱིས་གསར་དུ་བསྐྲུན་པའི་ངག་ཐོག་གི་སྙན་ངག་ཀྱང་ཡིན། ངག་ཐོག་གི་སྙན་ངག་འདི་འདྲ་ནི་བོད་གདོད་མའི་སྤྱི་ཚོགས་ཀྱི་རྩོམ་རིག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་རྐྱེན། སྤྱི་ཚོགས་ཁྲོད་ཀྱི་སྣང་ཚུལ་འདྲ་མིན་སྣ་ཚོགས་དང་འབྲེལ་ནས་ད་ལྟའི་བར་གནས་ཡོད།

IMG_8262.jpg

དམངས་གླུའི་ནང་དོན་ལ་མཚོན་ན་ཡང་དང་བོ་བསྐལ་བ་བྱུང་རབས་དང་ས་གཞི་ཆགས་རབས། དུས་བཞིའི་འགྱུར་ལྡོག ལོ་རྒྱུས་དང་ཆོས་ལུགས། ཡུལ་སྲོལ་གོམས་འདྲིས། རྩི་ཤིང་དང་སྲོག་ཆགས། འཇིག་རྟེན་པའི་སྐྱིད་སྡུག ངལ་རྩོལ་དང་ཐོན་སྐྱེད་བཅས་བརྗོད་བྱ་རྒྱ་ཆེ་ཞིང་གཏིང་ཟབ་ལ་རྗོད་བྱེད་སྙན་ངག་ཚིག་རྒྱན་སྣ་ཚོགས་ཀྱིས་རྣམ་པར་བརྒྱན་པ་དང་། མཐོ་དམའ་ཕྲ་རགས་རིང་ཐུང་གི་དབྱངས་ཀྱི་ངེས་པ་བདུན་གྱེར་ཏེ་རྣ་བར་སྙན་ཞིང་ཡིད་དུ་འོང་བ་ཞིག་གོ།

དེ་ལྟར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གོམ་རིམ་དང་བསྟུན་ནས་དམངས་གླུའི་ནང་དོན་དང་རྣམ་གྲངས་སོགས་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གྱུར་ཏེ། བསྟོད་གླུ་དང་བག་གླུ། སྨྲེང་གླུ། ཁ་མཚར། གླུ་ཤགས། དྲི་གླུ། བར་བྱོལ་གླུ། བཀྲ་ཤིས་བདེ་ལེགས་ཞུ་བའི་གླུ་སོགས་ཡོད་དེ། ལོ་གསར་ཚེས་མགོ་དང་། དུས་ཆེན་ལ་དགའ་སྟོན་རྟེན་འབྲེལ་ཞུ་བའི་སྐབས། སྟོན་མོ་གཉེན་སྒྲིག་ལ་སོགས་པའི་དུས་སུ། ས་དེ་གའི་ཕོ་མོ་རྒན་གཞོན་ཚང་མ་མཉམ་གཅིག་ཏུ་ཚོགས་ནས་དགའ་དགའ་སྐྱིད་སྐྱིད་ངང་ཤ་མར་ཐུད་གསུམ་དང་། ཞོ་འོ་མ་བདུད་རྩི་གསེར་སྐྱེམས་བཅས་ལོངས་སུ་སྤྱོད་པ་དང་ལྷན་དུ་གླུ་ལེན་གར་རྩེད་བྱེད་པའི་ལུགས་སྲོལ་ཆགས་ཡོད།

དེ་ལྟར་ན། ཐེངས་འདིའི་དམངས་གླུ་འགྲན་སྡུར་ཆེན་མོ་ལྟ་བུར་མཚོན་ན། བོད་ཀྱི་དམངས་ཁྲོད་རིག་གནས་ལས་དམངས་གླུའི་རིག་གནས་སྔོག་འདོན་དང། བརྒྱུད་སྤེལ། མྱུར་སྐྱོབ་སོགས་ལ་ངེས་པར་མཁོ་བའི་དུས་ཐོག་གི་ཆར་བ་ལྟ་བུ་ཡིན་སྲིད་ལ། ལྷག་པར་དུ་ད་ཐེངས་ཀྱི་དམངས་གླུ་འགྲན་བསྡུར་འདི་ནི་ཁྱབ་རྒྱ་ཆེ་བས་ཡུལ་གྱིས་བསྐལ་བའི་དམངས་ཁྲོད་རིག་གནས་ཀྱི་དཀའ་ལས་རྣལ་མ་དེ་གཏོར་ཞིང་། ས་གནས་རིག་གནས་ཀྱི་སྣ་མང་རིན་ཐང་དེ་དག་ལ་བོད་མི་མང་པོ་ཞིག་གིས་ཉམས་རོལ་བྱེད་ཐུབ་སོང་བ་དང་། བརྗེ་རེས་ཀྱི་གོ་སྐབས་རག་སོང་བར་མ་ཟད། དཔྱད་བརྗོད་ཡོད་པ་དང་། དེ་འབྲེལ་གྱི་ཚད་གཞི་ཡོད་པས་དམངས་གླུ་རིག་གནས་གཅིག་གྱུར་ཅན་དང་ཡང་དག་གི་ལམ་བུར་བསྐྱོད་པའི་མགོ་འདི་ནས་བསླངས་སོང་ཞེས་ཀྱང་བརྗོད་ཆོག་པར་སྙམ།

དཔྱད་འདེམས་པའི་སྐད་ཆ།

IMG_8517.jpg


སྙན་འཇེབས་ཡིད་དབང་འཕྲོག་པའི་མེས་པོ་ཡི་དབྱངས་རྟ།།
རིན་ཆེན་གསེར་ལས་དཀོན་པའི་ཤུལ་བཞག་གི་ཕ་ནོར།།
བོད་ཀྱི་དམངས་གླུའི་སྙན་གྲགས་དབྱར་སྐྱེས་ཀྱི་རྔ་སྒྲ།།
བསྐལ་བའི་བར་དུ་ཁྱབ་པའི་སྨོན་ལམ་ནི་འདེབས་སོ།།

                      ཞེས་ཆབ་འགག་རྡོ་རྗེ་ཚེ་རིང་ནས་ཕུལ་བའོ།།

IMG_8298.jpg

བོད་ཀྱི་དམངས་གླུ་ནི་སྙན་ངག་གི་འབྱུང་ཁུངས་ཡིན་ཞིང་། བོད་ཀྱི་དམངས་གླུ་འགྲན་ཚོགས་སུ་ཞུགས་པའི་གླུ་བ་གླུ་མ་རྣམས་ནི་དོན་གྱི་སྙན་ངག་པ་རེད་ལ། ཐེངས་འདིའི་སྙན་ངག་གི་མཆོད་པས་ཀུན་གྱི་སྙན་དབང་གསོ་བར་གྱུར་ཅིག

                                                                              རིན་ཆེན་ཚེ་རིང་གིས་ཕུལ།

IMG_8193.jpg


དམངས་གླུ་ནི་མི་རིགས་ཤིག་གི་རིག་གནས་ཀྱི་མགོ་ཁུངས་དང་ལས་ཚོགས་ཀྱི་མཆོད་པ་རེད་ལ། དགའ་སྐྱོ་ཆགས་སྡང་མཚོན་པའི་སྒྱུ་རྩལ་གྱི་ཕུང་པོ་ཞིག་ཀྱང་རེད། ད་ལོའི་འགྲན་ཚོགས་ཆེན་མོ་ནི་དུས་ཀྱི་ཆར་བ་སྟེ། གླུ་བའི་འཇོན་ནུས་དང་རིག་གནས་སྔོག་འདོན་གྱི་གར་སྟེགས་ཕུན་སུམ་ཚོགས་པ་ཞིག་ཡིན་པ་མ་ཟད།      གླུ་ཚིག་དང་དབྱངས་རྟ་མང་པོའི་བྱབས་ཁྲུས་ཀྱི་ཆབ་རྒྱུན་དང་། ཡང་དག་དང་གཏན་ཚིགས་ཀྱི་གཞུང་ལུགས་རྒྱབ་རྟེན་རེད།

                                                                                           གཅན་བཀྲ་བྷོ་ནས།

 

IMG_8197.jpg

བོད་ཀྱི་དམངས་གླུ་ནི་བོད་མིའི་ཤ་ཁྲག་རུས་རྐང་ལ་ཐིམས་པའི་རིག་པའི་དྭངས་མ་དེ་ཡིན་ལ། བོད་ཀྱི་དམངས་གླུ་ནི་བོད་མི་བྱེ་བ་སྟོང་ཕྲག་གི་ཡ་ཆུང་གངས་དཀར་སེམས་ཀྱི་གཏོད་ས་དང་ཕྲ་ཆུང་མིག་གི་ལྟ་ས་ཡིན། བོད་ཀྱི་དམངས་གླུ་གྲགས་ས་ན་འཚོ་བར་སྤྲོ་སྣང་དང་མི་ཚེར་བཀྲགས་མདངས་འཚེར།

                                                                                                            རེབ་གོང་མཁར་རྩེ་རྒྱལ་ནས།

IMG_8297.jpg


ཚེ་སྲོག་དང་ཁྲག་རྒྱུན་ལ་འདྲེས་པའི་མེས་པོའི་སྙན་འཇེབས་ཀྱི་འགྱུར་ཁུག།
འཚོ་བ་དང་ཚོར་སྣང་ལས་ཐོན་པའི་བོད་མིའི་སྐྱིད་སྡུག་གི་བྲོ་བ།

                         གསང་བདག་ནས།

IMG_8516.jpg

ཕ་མེས་ཀྱི་སྣང་བརྙན་གང་ཞིག་ངས་བོད་རང་གི་དམངས་གླུའི་ཁོང་གསེང་ནས་གཟུགས་ཅན་དུ་མཐོང་ཡོང་གི

                        འབྲུག་ལྷ་རྒྱལ་ནས།

IMG_8304.jpg
 

གླུ་ཡོད་པ་ནས་ང་ཚོ་ལ་རྩོམ་རིག་ཡོད་པར་གྱུར། ངག་རྩོམ་གྱི་འབྱུང་ཁུངས་ནི་གདོད་མའི་དབྱངས་རྟ་ཡིན། བླ་སྲོག་ཏུ་གྱུར་བའི་ང་ཚོའི་དམངས་གླུ་འདི་ང་ཚོའི་སྒྱུ་རྩལ་གྱི་མེས་པོའི་གཅེས་ནོར་ཡིན་པས། འདི་སྔར་ལས་ལྷག་པས་རྒྱུད་འཛིན་དང་དར་སྤེལ་མེད་ན་གླུ་ལེན་ཡང་སེམས་མི་སྐྱིད་པ་འདི་ང་ཚོའི་སྡུག་བསྔལ་དུ་འགྱུར་ངེས།

                                                                   ཨ་ལོ་རིན་ཆེན་རྒྱལ་ནས།

གསར་འགོད་པ།   འབྲུག་ལྷ་རྒྱལ།  ལྕགས་ཐར་ཚེ་རིང་།
 

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།