ད་ལྟ་གཟིགས་བཞིན་པ། > མདུན་ངོས། > ཆེད་དོན་ཆེད་སྒྲིག > བོད་ཀྱི་དམངས་གླུ་འགྲན་ཚོགས་ཆེན་མོ།

བོད་ཀྱི་དམངས་གླུ་འགྲན་ཚོགས་ཆེན་མོའི་རྟིང་རྩོད་འགྲན་སྡུར་གྱི་གནས་ཚུལ་ཆེད་བཀོད།

སྤེལ་དུས། 2015-11-22 17:21:16   ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།   རྡེབ་ཚད།    ནང་དོན་འདི་སྤེལ་མཁན། འབྲུག་ལྷ་རྒྱལ་དང་ལྕགས་ཐར་ཚེ་རི

རྟིང་རྩོད།

ཚེས21ཉིན། བོད་ཀྱི་དམངས་གླུ་འགྲན་ཚོགས་ཆེན་མོའི་ཆེས་མཇུག་མཐའི་རྟིང་རྩོད་འགྲན་སྡུར་མཇུག་རྫོགས་ཤིང་ཚེས22ཉིན་བྱ་དགའ་གནང་བའི་མཛད་སྒོ་སྤེལ་ཏེ2015ལོའི་བོད་ཀྱི་དམངས་གླུ་འགྲན་ཚོགས་ཆེན་མོ་ཡོངས་སུ་མཇུག་རྫོགས། འགྲན་སྡུར་སྟེང་ཐོག་མའི་འགྲན་སྡུར་དང་བསྐྱར་འགྲན་གྱི་རིམ་པ་སོགས་འགྲན་སྡུར་གྱི་རིམ་པ་གང་མང་བརྒྱུད་དེ་བསྲེགས་བཅད་བརྡར་གསུམ་བྱས་མཐར་འགྲན་ཞུགས་པ་བཅོ་བརྒྱད་ཆེས་མཇུག་མཐའི་རྟིང་རྩོད་འགྲན་སྡུར་ཁྲོད་བདམས་ཤིང་སླར་ཡང་འགྲན་སྡུར་བྱས་པ་བརྒྱུད་ཨང་རིམ་ཐག་གཅོད་བྱས།

ཐེངས་འདིའི་བོད་ཀྱི་དམངས་གླུ་འགྲན་ཚོགས་ཆེན་མོའི་འགྲན་སྡུར་ནི་ཨ་མདོ་བརྙན་འཕྲིན་དང་། མཚོ་སྔོན་བོད་སྐད་རླུང་འཕྲིན། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་བཅས་ཀྱིས་མཉམ་འབྲེལ་སྒོས་བསྒྲུབས་པའི་གཞི་རྒྱ་ཆེ་ཞིང་མང་ཚོགས་ཚབ་ཞུགས་བྱས་པ་ཧ་ཅང་མང་བའི་འགྲན་སྡུར་ཞིག་ཡིན་ལ། བོད་ཁུལ་ཧྲིལ་བོའི་དམངས་གླུ་དང་ལྷག་པར་ཨ་མདོ་ས་ཁུལ་གྱི་དམངས་གླུའི་རིག་གནས་གཞི་རྒྱ་ཆེ་བའི་སྒོ་ནས་ཀུན་གྱི་མིག་སྔར་གཟིགས་འབུལ་ཞུས་པ་ཞིག་ཀྱང་ཡིན། ཐེངས་འདིའི་འགྲན་སྡུར་གྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་རྒྱུད་འཛིན་དར་སྤེལ་དང་། བོད་ཀྱི་དམངས་གླུའི་རིག་གནས་ཀྱི་ཐོན་ཁུངས་སྔོག་འདོན། བོད་ཁུལ་གྱི་གསར་སྐྱེས་གླུ་བ་སྐྱེད་སྲིང་བཅས་ཀྱི་ཐད་ལ་མཐུན་རྐྱེན་བཟང་པོ་བསྐྲུན་པ་མ་ཟད། དམངས་གླུ་ལེན་མཁན་གྱི་གླུ་བ་གླུ་མ་དག་ལ་རང་གི་འཇོན་ནུས་གསལ་སྟོན་ཐུབ་པའི་གར་སྟེགས་ཆེན་པོ་ཞིག་བསྐྲུན་ཡོད་ལ། ཕན་ཚུན་འབྲེལ་འདྲིས་དང་བསམ་བློ་བརྗེ་རེས་བྱེད་པའི་འབྲེལ་ཟམ་ཡང་བཙུགས་པ་རེད།

བྱ་དགའ་གནང་བའི་མཛད་སྒོའི་སྟེང་འབྲེལ་ཡོད་མགོ་ཁྲིད་དང་། བོད་ཀྱི་མིང་གྲགས་ཆེ་བའི་གླུ་བ་ལུ་གུ་རྒྱལ་དང་། གླུ་བ་གུ་རུ། གླུ་མ་ལྷ་ལུང་མཚོ། གླུ་མ་གཡང་མོ་རྒྱལ་སོགས་ཕེབས་ཡོད་པར་མ་ཟད། སྙན་མོ་དབྱངས་ལ་བཀུགས་ནས་དམངས་གླུའི་མཆོད་པ་ཕུལ་ཏེ་འགྲན་ཚོགས་བདེ་ལེགས་ངང་མཇུག་སྒྲིལ།

66666555.jpg

རྟིང་རྩོད་འགྲན་སྡུར་གྱི་བྱ་དགའ་གནང་བའི་མཛད་སྒོར་ཕེབས་པའི་འབྲེལ་ཡོད་མགོ་ཁྲིད།

IMG_8663.jpg

མདོ་འཛིན་པས་རྟིང་རྩོད་འགྲན་སྡུར་ལ་མདོ་འཛིན་བྱེད་བཞིན་པ།

IMG_8425.jpg

ལྟད་མོ་བའི་ཚོགས།

IMG_8643.jpg

ཆེད་དུ་གདན་འདྲེན་ཞུས་པའི་བོད་ཀྱི་གླུ་བ་གྲགས་ཅན་ལུ་གུ་རྒྱལ་གྱིས་འགྲན་ཞུགས་པ་རྣམས་ལ་གླུ་ལེན་ཐད་ཀྱི་ཉམས་མྱོང་བརྗོད་ཀྱིན་པ།

IMG_8729.jpg

ཆེད་དུ་གདན་འདྲེན་ཞུས་པའི་བོད་ཀྱི་གླུ་བ་གྲགས་ཅན་གུ་རུས་གླུ་སྐད་སྙན་མོས་རྟེན་འབྲེལ་ཞུ་བཞིན་པ།

IMG_8669.jpg

ཆེད་དུ་གདན་འདྲེན་ཞུས་པའི་བོད་ཀྱི་གླུ་མ་གྲགས་ཅན་ལྷ་ལུང་མཚོས་འགྲན་ཞུགས་པ་དག་ལ་རྟེན་འབྲེལ་གྱི་དམངས་གླུ་ལེན་བཞིན་པ།

IMG_8695.jpg

ཆེད་དུ་གདན་འདྲེན་ཞུས་པའི་བོད་ཀྱི་གླུ་མ་གྲགས་ཅན་གཡང་མོ་སྒྲོལ་མ་ཡིས་རྟེན་འབྲེལ་གྱི་གླུ་སྐད་ངག་ལ་གྱེར་བཞིན་པ།

བོད་ཀྱི་དམངས་གླུ་ནི་རྣམ་པ་མང་ཞིང་ནང་དོན་ཕུན་སུམ་ཚོགས་པ་ཞིག་ཡིན་པར་མ་ཟད། དེའི་ནང་དུ་བོད་མི་རིགས་ཀྱི་བསམ་བློ་དང་བརྩེ་དུངས། མཛེས་དཔྱོད་ཀྱི་ལྟ་བ། ལེགས་ཉེས་སྤང་བླང་གི་ཆ་དང་དགའ་སྐྱོ་བསྟོད་སྨད་ཀྱི་འདུ་ཤེས་སོགས་འདུས་ཡོད། ཐུན་མོང་མ་ཡིན་པའི་བོད་ཀྱི་ཡུལ་ཁམས་ཀྱི་ཁྱད་ཆོས་དང་ལྡན་པའི་དམངས་གླུ་ནི་བོད་རིགས་མི་དམངས་ཀྱིས་ཐོན་སྐྱེད་ངལ་རྩོད་ཁྲོད་བློ་གྲོས་ཀྱི་རྩལ་ལ་བརྟེན་ནས་གསར་གཏོད་བྱས་པ་ཡིན་པས། དེའི་ཁྲོད་ནས་བོད་མི་རིགས་ཀྱི་དྭངས་གཙང་སླད་མེད་ཀྱི་གཤིས་ཀ་ངོ་མ་ཞིག་མཐོང་ཐུབ།

བོད་ཡུལ་ནི་གླུ་ཡི་རྒྱ་མཚོ་ལྟ་བུ་ཡིན་ཏེ། ངལ་རྩོལ་གྱི་ལས་མི་འདྲ་བ་རེ་དང་ལོ་སར་དུས་སྟོན་སོགས་ཀྱི་མཛད་སྒོ་མི་འདྲ་བ་རེ་ལ་ཁྱད་ཆོས་དང་ལྡན་པའི་གླུ་རེ་ཡོད་པས། བོད་མི་རིགས་ནི་ངལ་རྩོལ་དང་སྒྱུ་རྩལ་གྱི་སྤྲོ་སྐྱིད་ལ་མཉམ་རོལ་བྱེད་པའི་མི་རིགས་ཤིག་ཡིན་པ་གཞི་ནས་མཚོན་ཐུབ། དམངས་གླུ་ལ་བརྗོད་བྱའི་དོན་ཕུན་སུམ་ཚོགས་པ་ཡོད་དེ། དགུང་ཨ་སྔོན་དང་ཉི་ཟླ་སྐར་གསུམ། ཁ་ཆར་བུ་ཡུག རི་རབ་ཁང་ཁྱིམ། རྩྭ་རྩི་ཤིང་། ཡིད་འོང་མེ་ཏོག རི་དྭགས་གཅན་གཟན་སོགས་དཔེ་སྣ་ཚོགས་དང་འབྲེལ་ཏེ་ནང་སེམས་ཀྱི་དགའ་སྐྱོ་ཆགས་སྡང་གི་འགྱུར་བ་དང་ཕྱི་ལུས་ཀྱི་རྣམ་པ་གསོན་ཉམས་ལྡན་པའི་སྒོ་ནས་མཚོན་པར་བྱེད་པ་ལ་ཤིན་ཏུ་སྤྲོ་བའི་མི་རིགས་ཤིག་ཡིན་པའང་མཚོན།

བོད་ཀྱི་དམངས་གླུའི་བརྗོད་བྱའི་ཐད་ནས་དབུལ་བོ་དང་ཕྱུག་པོ། བླ་མ་དང་དཔོན་པོ། ཕ་མ་དང་བུ་ཕྲུག ཁྲལ་དང་འུ་ལག རྒྱལ་བོ་དང་བློན་པོ། མཛའ་མཐུན་དང་འཐབ་འཁྲུག གོས་དང་ཚ་རུ། ཕྲུག་དང་ཁ་བཏགས། ཞིང་ཕྱུགས་ལས་ཐོན་སྐྱེད་དང་ངལ་རྩོལ་སོགས་དངོས་ཡོད་འཚོ་བའི་ནང་གནས་པ་མཐའ་དག་མི་འབྱུང་བ་གཅིག་ཀྱང་མེད་ལ། མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་དང་གཤིས་ལུགས། སྤྱོད་པ། མཛེས་དཔྱོད་ཀྱི་ལྟ་བ། མི་ཚེའི་ལྟ་བ། སེམས་ཀྱི་དགའ་ཁ་འཁྱེར་ཕྱོགས་སོགས་གསལ་བོར་མཚོན་པར་བྱེད་ཅིང་། དེ་དག་གི་རང་བཞིན་དང་ངོ་བོ། ཁྱད་ཆོས་བཅས་ཕྱོགས་གང་ཅིའི་ཐད་དངོས་ཡོད་འཚོ་བའི་རྨང་གཞི་ཤིན་ཏུ་མཐུག་པོ་ཞིག་ཡོད་པས། མི་རྣམས་ཀྱི་ཡིད་ལ་དོན་དངོས་ཀྱི་གནས་ཚུལ་དངོས་དང་བསམ་ཚུལ་དངོས་ཀྱི་བདེན་སྣང་ཞིག་འཇོག་ཐུད་པར་མ་ཟད། བབས་ཆགས་དང་དྭངས་གཙང་བཅོས་མིན་གྱི་བསམ་བློའི་མཛེས་པ་ཞིག་ཀྱང་རང་ཤུགས་སུ་མངོན་ཡོད།

IMG_8754.jpg

བྱ་དགའ་ཨང་དང་པོ་ཐོབ་མཁན་གྱི་གླུ་བ་སྟོབས་ཆེན་རྒྱལ་གྱིས་རྟིང་རྩོད་འགྲན་སྡུར་སྟེང་སྐད་ངག་སྙན་མོ་དབྱངས་ལ་འགུག་བཞིན་པ།

IMG_8550.jpg

བྱ་དགའ་ཨང་གཉིས་པ་ཐོབ་མཁན་གྱི་གླུ་བ་གུ་རུ་ཡིས་གླུ་སྙན་མོ་སང་སིང་ལེན་བཞིན་པ།

IMG_8582.jpg

བྱ་དགའ་ཨང་གཉིས་པ་ཐོབ་མཁན་གྱི་གླུ་བ་བསྟན་སྲུང་སྐྱབས་ཀྱིས་ཞང་ཨ་ཡང་ལ་མོ་ངག་ལ་འགུག་བཞིན་པ།

IMG_8531.jpg

བྱ་དགའ་ཨང་གསུམ་པ་ཐོབ་མཁན་གྱི་གླུ་བ་ལྷ་ཆེན་རྒྱལ་གྱིས་སྙན་མོ་ངག་གི་མཆོད་པ་འབུལ་བཞིན་པ།

IMG_8543.jpg

བྱ་དགའ་ཨང་གསུམ་པ་ཐོབ་མཁན་གྱི་གླུ་བ་ཚེ་སྒྲུབ་རྒྱལ་གྱིས་བོད་པའི་ཕ་གླུ་དབྱངས་ལ་གྱེར་བཞིན་པ།

IMG_8586.jpg

བྱ་དགའ་ཨང་གསུམ་པ་ཐོབ་མཁན་གྱི་གླུ་བ་ཀུན་ཐར་རྒྱལ་གྱིས་ནང་ཁྲོམ་པའི་སྙན་དབང་གླུ་ཡིས་གསོ་བཞིན་པ།

བྱ་དགའ།

བོད་ཀྱི་དམངས་གླུ་འགྲན་ཚོགས་ཆེན་མོ་ནི་གཞི་རྒྱ་ཆེ་ཞིང་བོད་ཁམས་ཡོངས་ལ་ཁ་ཕྱོགས་པའི་འགྲན་སྡུར་ཞིག་ཡིན་ལ། ད་ལོའི་དབྱར་ཁ་ནས་བཟུང་ཟླ་ངོ་ལྔ་ལྷག་གི་རིང་ལ་ས་གནས་སོ་སོ་ནས་འགྲན་ཁུལ་རྩ་འཛུགས་བྱས་ཏེ་འགྲན་སྡུར་རབ་དང་རིམ་པ་སྤེལ་བ་བརྒྱུད་འགྲན་ཞུགས་པ་བཞི་བརྒྱ་ལྷག་གི་ཁྲོད་ནས་འགྲན་ཞུགས་པ་དྲུག་ཅུ་རེ་བརྒྱད་གདམས་ནས་ཟི་ལིང་འགྲན་ཁུལ་དུ་ཞུགས་པ་དང་། ཟི་ལིང་འགྲན་ཁུལ་ནས་ཉིན་གསུམ་ལ་འགྲན་སྡུར་བྱས་པ་དང་དཔྱད་འདེམས་པ་དག་གིས་གཟིར་གནས་དང་དྲང་བདེན་གྱིས་དཔྱད་འདེམས་བྱས་པ་བརྒྱུད་འགྲན་ཞུགས་པ་བཅོ་བརྒྱད་སླར་ཡང་ཆེས་མཇུག་མཐའི་རྟིང་རྩོད་འགྲན་སྡུར་ལ་ཞུགས་ཏེ་བོད་ཀྱི་དམངས་གླུ་འགྲན་ཚོགས་ཆེན་མོའི་མཇུག་མཐའི་ཨང་རིམ་གཏན་འཁེལ་བྱས་ཤིང་བྱ་དགའ་གནང་།

བྱ་དགའ་ལ་རིམ་པ་བཞིན་ཨང་དང་པོ་གཅིག་དང་། གཉིས་པ་གཉིས། གསུམ་པ་གསུམ། ཕུལ་བྱུང་བཅུ་གཉིས་བཅས་ཡོད་ལ། དེ་ལས་ཨང་དང་པོའི་བྱ་དགའ་ཐོབ་མཁན་ནི་གླུ་བ་སྟོབས་ཆེན་རྒྱལ་དང་། ཨང་གཉིས་པའི་བྱ་དགའ་ཐོབ་མཁན་ནི་གླུ་བ་གུ་རུ་དང་བསྟན་སྲུང་སྐྱབས། ཨང་གསུམ་པའི་བྱ་དགའ་ཐོབ་མཁན་ནི་གླུ་བ་ཚེ་སྒྲུབ་རྒྱལ་དང་། ལྷ་ཆེན་རྒྱལ། ཀུན་ཐར་རྒྱལ་བཅས་རེད། དེ་མིན་འགྲན་ཞུགས་པ་རིག་ལྷ་དང་། བཀྲ་ཤིས་སྒྲོལ་མ། ཤ་བོ་ཐར། པད་མ་དོན་འགྲུབ། ཆོས་སྐྱིད། ལྷ་དབང་རྒྱལ་མཚན། ཕུར་བ་རྒྱལ། སྒྲོལ་དཀར་མཚོ། ཐུགས་རྗེ་རྒྱ་མཚོ། ནོར་བཙུན། ཤེས་ལྡན་བཅས་ལ་ཕུལ་བྱུང་བྱ་དགའ་ཐོབ།

IMG_8679.jpg

འབྲེལ་ཡོད་མགོ་ཁྲིད་དང་དཔྱད་འདེམས་པས་བྱ་དགའ་ཐོབ་མཁན་གྱི་འགྲན་ཞུགས་པར་བྱ་དགའ་གནང་བཞིན་པ།

IMG_8744.jpg

བྱ་དགའ་ཐོབ་རྗེས་ཀྱི་ཉམས་སྣང་།

IMG_8724.jpg

བྱ་དགའ་ཐོབ་རྗེས་ཀྱི་ཉམས་སྣང་།

IMG_8708.jpg

བྱ་དགའ་ཐོབ་རྗེས་ཀྱི་ཉམས་སྣང་།

6666.jpg

བྱ་དགའ་ཐོབ་རྗེས་ཀྱི་ཉམས་སྣང་།

དམིགས་བཤད།

ཐེངས་འདིའི་འགྲན་སྡུར་ལ་ཀན་སུའུ་ཞིང་ཆེན་དཔའ་རིས་བོད་རིགས་རང་སྐྱོང་རྫོང་ནས་ཡོང་བའི་འགྲན་ཞུགས་པ་ཡང་མི་ཉུང་བ་ཞིག་ཞུགས་ཡོད་ལ། སྤྱིར་ན་དཔའ་རིས་པ་ནི་སྔོན་བོད་བཙན་པོའི་དུས་སུ་དབུས་གཙང་ནས་མཐའ་མཚམས་སྲུང་བར་མངགས་པའི་བོད་དམག་གི་རྒྱུད་པ་ཡིན་ཞིང་། བཤད་རྒྱུན་ལ། དཔའ་རིས་པར༼ བཀའ་མ་ལོག ༽ཅེས་འབོས་སྲོལ་ཡོད་པ་དང་། དེ་ནི་ཁོ་ཚོས་བཙན་པོའི་བཀའ་མ་ཐོན་བར་དུ་ཕྱིར་མི་ལོག་པའི་དམ་བཅའ་བྱས་ནས་ད་ལྟའི་བར་མདོ་ལའི་རི་རྒྱུད་དང་འཇུ་ལག་ཆུ་བོའི་འབབ་རྒྱུད་དུ་གཞི་ཆགས་ཡོད་པས་ན་དེ་ལྟར་འབོད། དེ་བས། ཁོ་ཚོའི་དམངས་གླུའི་དབྱངས་རྟ་ཕལ་ཆེ་བར་སྐྱོ་བའི་ཉམས་ཤིག་དང་དྲན་པའི་ཉམས་ཤིག་ཡོད་ཅིང་། དེ་ཡང་ཁོ་ཚོས་མཐའ་མཚམས་སྲུང་ནས་སྡོད་སྐབས་སུ་རང་གི་ཕ་ས་ཕ་ཡུལ་དང་ཕ་མ་སྤུན་མཆེད་སོགས་དྲན་ནས་སེམས་སྐྱོ་བ་དང་འབྲེལ་བ་ངེས་ཅན་ཞིག་ཡོད་ཟེར། གླུ་ཚིག་གི་ཆ་ནས་དྲན་གླུ་དང་སྐྱོ་གླུ་སོགས་ཀྱི་རྣམ་པ་ཅན་ཡང་འདུག་ལ། དུས་ཀྱི་འཕེལ་འགྱུར་དང་བསྟུན་ནས་ཨ་མདོ་སྤྱི་བྱིངས་ཀྱི་གླུ་ཚིག་དང་འདྲ་བོ་ཆགས་འདུག གླུ་ལེན་སྐབས་ཀྱི་ལུས་ཀྱི་ཉམས་འགྱུར་ཐད་ནས་ཨ་མདོའི་ས་ཕྱོགས་གཞན་དང་མི་འདྲ་ས་ཞིག་ཡོད་པ་ནི་ལག་པས་འགྲམ་པ་མི་སྐྱོར་བ་དེ་ཡིན་ལ། དེ་ནི་ལ་གཞས་ལེན་སྐབས་ཀྱི་ཉམས་འགྱུར་ཞིག་ཏུ་བརྩི་བ་རེད། གཞན་ད་དུང་གླུ་མགོ་འགྱོགས་དུས་ཨ་མདོའི་ས་ཁུལ་གཞན་གྱི་ལེན་སྲོལ་དང་ཅུང་མི་འདྲ་བར་སྐད་གཟེངས་སུ་བཏེགས་ནས་མི་ལེན་པར་གདངས་དམའ་བ་ནས་རིམ་བཞིན་ཇེ་མཐོར་འགྲོ་བ་ཞིག་རེད།

IMG_8710.jpg

དཔའ་རིས་ཡུལ་ནས་ཡོང་བའི་འགྲན་ཞུགས་པས་དམངས་གླུ་མཉམ་ལེན་བྱེད་ཀྱིན་པ།

IMG_8606.jpg

དྲན་རྟེན་དཔང་ཡིག་ཐོབ་རྗེས་ཀྱི་དཔའ་རིས་འགྲན་ཞུགས་པའི་འཛུམ་མདངས།

IMG_8811.jpg

དཔའ་རིས་ཡུལ་གྱི་འགྲན་ཞུགས་པ་དང་སྣེ་ཁྲིད་པས་དྲན་རྟེན་མཉམ་པར་ལེན་བཞིན་པ།

ཁྱད་ཆོས།

ཐེངས་འདིའི་དམངས་གླུ་འགྲན་ཚོགས་ཆེན་མོར་ཐུན་མོང་མ་ཡིན་པའི་དམིགས་བསལ་གྱི་ཁྱད་ཆོས་དུ་མ་ཡང་མངོན་གསལ་དུ་འདུག་བསམ་སྟེ། འགྲན་ཞུགས་པའི་ཆ་ནས་བཤད་ན་བརྒྱ་ཆའི་དགུ་བཅུ་གོ་དགུའི་ཡན་ཆད་གཞི་རིམ་ནས་འོངས་བའི་རོང་འབྲོག་མང་ཚོགས་ཤ་སྟག་ཡིན་པས་སྲོལ་རྒྱུན་གྱི་རྩམ་དྲི་དང་མར་དྲི་མ་ཡལ་བའི་དམངས་གླུའི་རིག་གནས་སྔོག་འདོན་ལ་ཕན་ནུས་ཆེན་པོ་ཐོན་པ་དང་། འགྲན་ཞུགས་པའི་ལོ་ཚོད་ཐད་ནས་ཡང་མང་ཆེ་ཤས་གཞོན་སྐྱེས་ཡིན་པས་དམངས་གླུ་རིག་གནས་རྒྱུད་འཛིན་དར་སྤེལ་ཐད་ལ་བྱས་རྗེས་ཆེན་པོ་བཞག་ཡོད་པ་མ་ཟད། གཞི་རིམ་གྱི་རོང་འབྲོག་མང་ཚོགས་ཁྲོད་ཀྱི་གླུ་བ་གླུ་མ་གང་མང་ཞིག་ལ་གར་སྟེགས་སུ་འབུད་པའི་གོ་སྐབས་སྤྲད་ཡོད་པ་རེད། དཔྱད་འདེམས་ཀྱི་ཆ་ནས་ཉམས་མྱོང་ཕུན་སུམ་ཚོགས་པ་ལྡན་ལ། དམངས་སྲོལ་རིག་གནས་ལ་རྒྱུས་མངའ་ཡོད་པའི་དཔྱད་འདེམས་པ་བདུན་གདན་འདྲེན་ཞུས་ཡོད་པ་མ་ཟད། སྨྱན་བྱེད་ལས་ཁུངས་ཀྱི་ཚབ་བྱེད་དཔྱད་འདེམས་པ་དང་། ལྟད་མོའི་བའི་ཁྲོད་ཀྱི་མང་ཚོགས་དཔྱད་འདེམས་པ་སོགས་རྩ་འཛུགས་བྱས་ཡོད་པས་རྒྱུ་འབྲས་དྲང་སྙོམས་ཡོང་བར་ཁག་ཐེག་བྱས་ཡོད།

IMG_8505.jpg

ཆེད་མཁས་དཔྱད་འདེམས་པ་དག་གིས་དྲང་བདེན་ལུགས་མཐུན་སྒོས་སྐར་གྲངས་རྒྱག་བཞིན་པ།

IMG_8441.jpg

སྨྱན་བྱད་ལས་ཁུངས་ཚབ་བྱེད་དཔྱད་འདེམས་པ།

IMG_8443.jpg

ལྟད་མོའི་བའི་ཁྲོད་ཀྱི་མང་ཚོགས་དཔྱད་འདེམས་པ།

ཕངས་སེམས།

དམངས་གླུ་འགྲན་ཚོགས་ཆེན་མོ་བདེ་ལེགས་ངང་ཡོངས་སུ་མཇུག་རྫོགས་པ་ནི་དགའ་བ་དཔག་མེད་སྐྱེས་འོས་པའི་དོན་བཟང་བླ་ན་མེད་པ་ཞིག་ཡིན་མོད། དོན་བཟང་ཡོད་ས་ན་ཕངས་སེམས་ཆུང་ངུའང་ཡོད་སྲིད་པ་ནི་ཆེས་རྒྱུན་ལྡན་ཞིག་ཡིན་ནོ།། དེ་ལྟར་ལགས་ན། བོད་ཀྱི་དམངས་གླུ་འགྲན་ཚོགས་ཆེན་མོ་དང་འབྲེལ་བའི་ཕངས་སེམས་འགའ་ཡང་བརྗོད་པར་འདོད་དེ། བོད་ཀྱི་དམངས་གླུ་འགྲན་ཚོགས་ཆེན་མོའི་ཐོག་མའི་འཆར་གཞིའི་ཁྲོད་ན་ཡུའུ་ཧྲུའུ་འགྲན་ཁུལ་དང་། ཀན་ལྷོ་འགྲན་ཁུལ། རྔ་བ་འགྲན་ཁུལ་སོགས་ཀྱང་ཡོད་མོད། རྒྱུ་རྐྱེན་འདྲ་མིན་གྱི་དབང་གིས་འགྲན་ཁུལ་དེ་གསུམ་པོ་ནས་འགྲན་སྡུར་སྤེལ་མ་ཐུབ་ལ་འགྲན་ཞུགས་པ་ཡང་བསྡུ་མ་ཐུབ་དེ་ནི་ཕངས་སེམས་ཆེ་བ་ཞིག་རེད། དེ་མིན་ཐེངས་འདིར་དཔའ་རིས་འགྲན་ཁུལ་གྱི་འགྲན་ཞུགས་པ་དག་གིས་མེས་པོའི་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དར་སྤེལ་དང་སྒོས་སུ་དམངས་གླུའི་རིགས་གནས་དར་སྤེལ་ལ་དམིགས་ནས་ལྷག་བསམ་ཟོལ་མེད་ཀྱིས་འགྲན་སྡུར་ལ་ཞུགས་ཡོད་ན་ཡང་། རྟིང་རྩོད་འགྲན་སྡུར་ཁྲོད་མ་ཚུད་པ་ནི་ཅུང་ཕངས་སེམས་སྐྱེ་བ་ཞིག་རེད། ཡིན་ཡང་ཁོ་ཚོས་རང་གི་ས་ཁུལ་གྱི་ཁྱད་ཆོས་ལྡན་པའི་རྒྱན་གོས་སྤྲས་ནས་སྙན་མོ་ངག་ལ་བཀུགས་པའི་དབྱངས་རྟ་རེ་རེ་ནི་ང་ཚོའི་ཡིད་སེམས་གསོ་བའི་བདུད་རྩི་རུ་གྱུར་ཡོད།

སྨོན་འདུན།

མཇུག་མཐར་བོད་ཀྱི་སྲོལ་རྒྱུན་དམངས་སྲོལ་རིག་གནས་ཡུན་རིང་དུ་བརྟན་ཞིང་རྒྱལ་ཁབ་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་གི་མིང་ཐོ་རུ་ཚུད་ཡོད་པའི་དམངས་གླུའི་རིག་གནས་སྔར་ལས་དར་ཞིང་རྒྱས་པ་དང་། དམངས་གླུ་ལེན་མཁན་གྱི་གླུ་བ་གླུ་མ་སྔར་ལས་མང་པོ་ཞིག་འབྱུང་བ་དང་། དམངས་གླུའི་རིག་གནས་ལ་སྔར་ལས་རྒྱ་ཆེ་ཞིང་ཁོད་ཡངས་བའི་ལམ་ཁ་གསར་བ་ཞིག་ཐོབ་པའི་སྨོན་འདུན་ཞུ།

IMG_8680.jpg

དམངས་གླུ་འགྲན་ཚོགས་ཆེན་མོའི་རྟིང་རྩོད་འགྲན་སྡུར་ཕུན་སུམ་ཚོགས་པའི་ངང་མཇུག་རྫོགས་པ།

གསར་འགོད་པ། འབྲུག་ལྷ་རྒྱལ་དང་ལྕགས་ཐར་ཚེ་རིང་།

མཉམ་སྤྱོད་བྱེད་གནས། 


ར་སྤྲོད་ཨང་།          མིང་མེད།    
མཛའ་འབྲེལ་ཨ་ལུང་།
ཀྲུང་གོ་བོད་ཀྱི་དྲ་བ།གུང་ཁྲན་ཏང་གི་དྲ་བ།བོད་ཀྱི་རིག་མཛོད།བོད་ཀྱི་སློབ་འབྲིང་།མཚོ་སྔོན་བོད་རིགས་དྲ་བ།ཁམས་པའི་དྲ་བ།ཞིང་ཆེན་མི་དམངས་སྲིད་གཞུང་།ཀྲུང་གོའི་བོད་སྐད་རླུང་འཕྲིན།བོད་ལྗོངས་འཕྲིན་དྲ།
ཁམས་པའི་བརྙན་འཕྲིན།