སྙན་སྒྲོན་པ། ཉན་མཁན་རྣམ་པ། ཐེངས་འདིའི《བརྩོན་པའི་མི་ཚེ་ནི་སྐྱིད་ཀྱི་གཞི་མ་ཡིན》ཞེས་པའི་བསྟུད་འགོད་ལེ་ཚན་ཆེན་མོའི་ནང་དུ་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་སྟོབས་ལྡན་རྒྱལ་གྱིས་སྒྲ་བླངས་པའི་བཀོད་པའི་གནས་ཚུལ་ཆེད་རྩོམ་སྟེ། ཁ་ཡིག་ལ་རྒྱ་རྫོང་ནགས་ཀྱི་ཕ་ས། རི་ཕྱོར་རྩྭ་ཆུ་རང་འཛོམས་ཞེས་པ་གཏང་རྒྱུ།
སྙན་སྒྲོན་པ། དབྱར་ཟླ་བདུན་པའི་ཟླ་མཇུག་ཏུ་ངེད་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་གྱི་བརྩོན་པའི་མི་ཚེ་ནི་སྐྱིད་ཀྱི་གཞི་མ་ཡིན་ཞེས་པའི་བཅར་འདྲིའི་ཚན་ཆུང་གིས་ཆར་ཟམ་ཟིམ་གྱི་ཟིལ་བ་གཏོར་ཞིང་། སྨུག་ལང་ལོང་གི་གྱ་གྱུའི་ཁྲོད་ནས་ཉི་ཟླ་རི་བོའི་ཁ་ཞེང་བརྒྱུད་དེ། རྩི་གོར་ཐང་གི་བྱང་ལམ་བཅད་ནས་ཞིན་ཧེ་རྫོང་གི་ཕྱོགས་སུ་ཆས། ཞིན་ཧེ་རྫོང་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ནུབ་རྒྱུད་དུ་གནས་ཤིང་། རྫོང་འདིའི་མངའ་ཁོངས་སུ་མདོ་སྨད་རྫོང་ཆེན་བཞིའི་ཡ་གྱལ་བྲག་དཀར་སྤྲེལ་རྫོང་ཡོད་པར་ནས་བརྟེན་མི་མང་པོ་ཞིག་གིས་བྲག་དཀར་རྫོང་ཞེས་ཀྱང་འབོད་ཀྱིན་འདུག གནས་འདི་རུ་ཧོལ་ཁ་དང་། རྩི་གོར་ཐང་། ཆུ་སྔོན་བཅས་གྲོང་རྡལ་གསུམ་དང་། ཐང་ནག འབྲོང་འཐུས། ལུང་བཟང་། ཆུ་ཁོལ་བཅས་ཡུལ་ཚོ་བཞི་ཡོད། ས་བབ་ཧྲིལ་བོའི་ཆ་སྙོམས་མཐོ་ཚད་ལ་རྨིད་སྟོང་བཞི་དང་སུམ་བརྒྱ་དང་མི་གྲངས་ཁྲི་བདུན་ལྷག་ཡོད། རེད་དེ། ཡུལ་འདི་ནི་ངའི་ཕ་ཡུལ་ཡིན། ངའི་ཕ་ཡུལ་ལ་རྫོགས་མཐའ་བྲལ་བའི་ཀྱག་ཀྱོག་གི་གཏམ་རྒྱུད་ཡོད། མཚར་སྡུག་འབར་བའི་ངོ་མཚར་གྱི་འཕོ་འགྱུར་ཡོད། ད་ཐེངས་རྫོང་འབྲེལ་ཡོད་ལས་ཁུངས་ཀྱི་བཀོད་སྒྲིག་ལྟར་དུ་ཕ་ཡུལ་ལ་རྒྱུས་ལོན་བྱེད་པའི་གོ་སྐབས་ཐེངས་ཤིག་བྱུང་སོང་། ངས་ཁྱེད་ཅག་ཕ་ཡུལ་གྱི་འདས་དོན་གླེང་། ངས་ཁྱེད་ཅག་ལ་ཕ་ཡུལ་གྱི་སྐྱིད་སྡུག་བཤད།
གསར་འགོད་པ། སྟོབས་ལྡན་རྒྱལ། བརྩེ་ལྡན་གྱི་གསན་མཁན་ལྷན་རྒྱས། ཁྱེད་རྣམ་པའི་སྐུ་ཁམས་བཟང་ངམ། ད་ལྟ་ངེད་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་གྱི་བརྩོན་པའི་མི་ཚེ་ནི་སྐྱིད་གཞི་མ་ཡིན་ཞེས་པའི་བཅར་འདྲིའི་ཚན་ཆུང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་འདིར་ཐོན་ཡོད། ཞིན་ཧེ་རྫོང་གི་མངའ་ཁོངས་སུ་ཡོད་པའི་ལྷོ་ཕྱོགས་ཀྱི་ཡུལ་ཚོ་གསུམ་སྟེ། ལུང་བཟང་། འབྲོང་འཐུས། ཆུ་ཁོལ་བཅས་ནི་ལྟོས་བཅས་ཀྱི་ཅུང་རྗེས་ལུས་སུ་སྣང་བས། རྫོང་སྲིད་གཞུང་གིས་ཀྱང་དམིགས་བསལ་གྱིས་མ་དངུལ་གཏོང་བའམ་དམངས་ཕན་སྲིད་ཇུས་སྣ་ཚོགས་ལོངས་སྤྱོད་བྱས་ཏེ་འཛུགས་སྐྲུན་ཐད་ཤུགས་འདོན་བཞིན་འདུག ཡིན་ཡང་། ཉེ་བའི་ལོ་འདི་དག་གི་རིང་དུ་ཏང་དང་རྒྱལ་ཁབ་ཀྱི་ཡང་དག་པའི་སྲིད་ཇུས་ཀྱི་ཁ་ཕྱོགས་ལྟར་དུ་རྗོང་སྲིད་གཞུང་གི་འགོ་ཁྲིད་མི་སྣ་དང་ས་གནས་ཀྱི་འགོ་ཁྲིད་དག་གི་སྟོབས་ཤུགས་ལ་བརྟེན་ནས་ལྟོས་བཅས་ཀྱིས་ས་གནས་འདི་དག་ལ་འཕེལ་རྒྱས་ཆེན་པོ་བྱུང་འདུག ནང་སྒོས་སུ་ལུང་བཟང་ཡུལ་ཚོའི་མངའ་ཁོངས་ཀྱི་རི་ཕྱོར་སྡེ་བ་ཟེར་བ་འདི་ངའི་ཕ་ཡུལ་རེད། རྫོང་དྲིལ་སྒྲོག་པུའུ་ཡིས་ངོ་སྤྲོད་བྱས་པ་ལྟར་དུ། ཡུལ་འདིར་མི་ལོ་སུམ་ཅུའི་རིང་དུ་རི་ཕྱོར་སྡེ་བའི་སྡེ་དཔོན་གྱི་འགན་ཁུར་ནས་ད་བར་དུ་ཡོང་བའི་སྡེ་དཔོན་དཔལ་ཆེན་རྡོ་རྗེ་ཟེར་བ་ཞིག་ཡོད་ཟེར། ཁོ་ལ་མཚོན་ན་ས་གནས་འདིའི་སྡེ་བའི་ལས་བྱེད་པའི་འགན་ཡུན་ཆེས་རིང་བའི་མི་སྣ་ཞིག་རེད། ཁོས་གཅིག་དགུ་གྱ་ལྔ་ལོ་ནས་ཉིས་སྟོང་བཅོ་བརྒྱད་ལོའི་བར་དུ་རི་ཕྱོར་སྡེ་བའི་སྡེ་དཔོན་གྱི་འགན་ཁུར་ནས་ཡོང་བ་རེད། ལོ་ངོ་འདི་དག་གི་རིང་ལ་རི་ཕྱོར་སྡེ་བར་འགྱུར་ལྡོག་དང་འཕེལ་རྒྱས་ཅི་འདྲ་ཞིག་ཡོད་དམ། གནས་ཚུལ་འདིའི་ཐད་ནས་ཁོ་ལ་རྒྱུས་ལོན་ཞིག་བྱེད།
གསར་འགོད་པ། སྟོབས་ལྡན་རྒྱལ། ཡ་ཨ་ཁུ་དཔལ་ཆེན་ཁྱོད་བདེ་མོ་ཡིན་ནམ།
དཔལ་ཆེན་རྡོ་རྗེ། བདེ་མོ་ཡིན། བདེ་མོ་ཡིན། མདོ་འཛིན་པ་བདེ་མོ་ཡིན་ནམ།
གསར་འགོད་པ། སྟོབས་ལྡན་རྒྱལ། བདེ་མོ་ཡིན། ངས་གོང་ནས་བཤད་པ་བཞིན་དུ་ཁྱོད་རང་ས་གནས་འདིའི་སྡེ་དཔོན་རྒན་པ་ཞིག་རེད། རྫོང་དྲིལ་སྒྲོག་པུའུ་ཡི་འབྲེལ་ཡོད་མི་སྣས་ཀྱང་ཁྱོད་རང་འོས་སྦྱོར་བྱས་བྱུང་། ཁྱོད་ནི་ས་གནས་འདིའི་སྡེ་བའི་ལས་བྱེད་མི་སྣའི་འགན་ཁུར་མྱོང་མཁན་ཚོའི་ཁྲོད་ཀྱི་འགན་ཡུན་ཆེས་རིང་བ་དེ་ཡིན་ཟེར་ཀི དེས་མི་ཚད་ཁྱོས་ད་ལྟ་ད་རུང་རང་སྡེ་བའི་སྡེ་དཔོན་གྱི་འགན་ཁུར་ཡོད་ཀི དེས་ནས་ཁྱོས་རང་རྒྱལ་གྱིས་བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་འཁོར་བཞི་བཅུ་འགོར་བའི་རིང་གི་འཕོ་འགྱུར་དང་གྲུབ་འབྲས་དེ་རང་གི་མི་ཚེའི་ཀྱག་ཀྱོག་གི་བརྒྱུད་རིམ་དང་འབྲེལ་ནས་ཁ་བརྡ་ཞིག་བྱེད་རོགས།
དཔལ་ཆེན་རྡོ་རྗེ། རེད། བྲག་དཀར་རྫོང་ལུང་བཟང་ཡུལ་ཚོ་རི་ཕྱོར་སྡེ་བ་ཟེར་བ་འདི་རི་མཐོ་ས་གཙང་དུ་གནས་ཤིང་། འགྲིམ་འགྲིལ་སོགས་ཀྱི་སྟབས་མི་བདེ་བར་མ་ཟད། སྐྱ་མོ་དམར་མོ་ཟེར་བའི་ས་ཆ་དེའི་རི་རྒྱུད་གཅིག་ཏུ་འདྲེས་ཤིང་། ལུང་བཟང་ཡུལ་ཚོ་ནས་ཧ་ལམ་སྤྱི་ལེ་བརྒྱ་དང་བཞི་བཅུ་ཡས་མས་སུ་གནས་ཡོད། སྔོན་ཆད་མཚོན་ན། གནས་འདིར་ཁལ་མ་མ་གཏོགས་གཞུང་ལམ་ཞིག་ཡོད་ནི་མ་རེད། ཟ་མ་སྐྱེལ་འདྲེན་དང་ཁྱིམ་ཚང་གི་དངོས་པོ་ཙག་ཙིག་གང་རུང་དགོས་མཁོ་བྱུང་ཚེ། གཡག་ལ་ཁལ་བཀལ་ནས་སྡེ་བ་ནས་རྫོང་བར་དུ་ཉིན་ཞག་དྲུག་བདུན་ཙམ་གྱི་ལམ་ཐག་བརྒྱུད་དགོས་པར་མ་ཟད། འབྲོག་སྡེ་ཁྱིམ་ཁ་སོ་སོ་ཐར་ཐོར་དུ་གནས་པས་ཕན་ཚུན་བར་འབྲེལ་བ་ཙམ་བྱེད་དགོས་ཚེ། རྟ་ལ་ཞོན་ནས་སྐད་ཁྱེར་ནས་འགྲོ་དགོས་པ་རེད། སྐབས་དེར་ཡུལ་དེར་འཚོ་སྡོད་བྱེད་བཞིན་པའི་མི་རྣམས་དཀའ་ཁག་གང་མང་ཞིག་དང་འཕྲད་མྱོང་། སྤྱི་ཚོགས་ཀྱི་འགྱུར་ལྡོག་ངོས་ཐད་ནས་བཤད་ན། གཅིག་དགུ་བརྒྱད་ཅུ་ཐམ་པ་ལོར་མང་ཚོགས་ལ་ས་ཞིང་དང་ཕྱུགས་ཟོག་སྒེར་ལ་བགོ་བྱ་བརྒྱབ་པ་རེད། མི་གཅིག་ལ་ལུག་བཅུ་གཉིས་དང་ནོར་བདུན་རེ་བགོ་བྱ་བརྒྱབ་ནས་བཙན་གཉོམ་དང་དབུལ་ཕྱུག་མེད་པར་ཆ་སྙོམས་ཀྱིས་བགོས་པ་རེད། ཡིན་ཡང་། སྐབས་དེར་འགྲིམ་འགྲིལ་དང་ཕྱི་རོལ་ཡུལ་ལ་འབྲེལ་འདྲིས་བྱེད་པའི་ཐད་སྟབས་བདེ་མིན་པས་མང་ཚོགས་སྔར་བཞིན་དཀའ་ཁག་གང་མང་ཞིག་ལ་འཕྲད་ཀྱིན་འདུག
སྙན་སྒྲོན་པ། སྐྱ་མོ་དམར་མོ་ཟེར་བ་ནི་ནགས་ཚལ་སྟུག་པོས་གཡོགས་ཤིང་། བྲག་དང་ལུང་བའི་རྩེ་མོ་གཅིག་ཏུ་འདྲེས་པ། རི་དྭགས་དང་གཅན་གཟན་སྣ་ཚོགས་འཛོམས་པའི་རང་བྱུང་གི་གནས་ཤིག་ཡིན་པར་མ་ཟད། སྔོན་ལོ་རབས་ལྔ་བཅུ་བའི་སྐབས་སུ་འདི་རུ་དུད་ཁྱིམ་གཅིག་ཀྱང་མེད་པར་བཤད། ཡུལ་དེའི་རྒན་པ་དག་གི་ངག་རྒྱུན་དུ། སྐྱ་མོ་དམར་མོའི་ཁ་ལམ་ན། སྐྱ་ལམ་ཉིན་ལམ་བཅོ་བརྒྱད་ཡོད། རྒོད་ཐང་དཀར་ཆད་ཀི་ཐང་དགུ་ཡོད། བྱ་ཁ་ཏྭ་ཆད་ཀི་ལ་དགུ་ཡོད། བྱ་སྐྱ་ཀ་ཆད་ཀི་ཐུར་དགུ་ཡོད། གླག་རག་མོ་ཆད་ཀི་སུལ་དགུ་ཡོད། རྟ་བརྩེད་པ་འུག་ཚང་རྡོ་མ་རྒྱག མི་ཆད་པ་དཔའ་ཡག་ལ་མ་བསྒོ་ཞེས་སྐབས་དེར་རླངས་འཁོར་ཞིག་ཕར་ཞོག ཁལ་མའང་བགྲོད་དཀའ་བའི་གནས་ཤིག་ཡིན་ཟེར།
དཔལ་ཆེན་རྡོ་རྗེ། དེའི་རྗེས་ནས་བཟུང་། གཅིག་དགུ་དགུ་བཅུ་གོ་བརྒྱད་ལོ་དང་གོ་དགུ་ལོ་ནས་བཟུང་། རྩྭ་ས་འདི་བརྒྱ་ཆའི་དྲུག་ཅུ་མི་དང་བརྒྱ་ཆའི་བཞི་བཅུ་ཕྱུགས་ཟོག་གི་སྟེང་བགོས་པ་རེད། འདི་ལྟར་རྩྭ་ཕྱུག་དོ་མཉམ་བྱས་པ་རེད། དེའི་རྗེས་ནས་ཉིས་སྟོང་བཅུ་གཅིག་ལོ་ནས་བཟུང་། རྒྱལ་ཡོངས་རིམ་པ་ནས་སྲིད་ཇུས་གསར་བ་ཡོང་ནས། རྩྭ་སའི་བརྒྱ་ཆའི་དྲུག་ཅུ་འདི་བཀག་སྡོམ་དང་བརྒྱ་ཆའི་བཞི་བཅུའི་རྩྭ་སར་རྩྭ་ཕྱུགས་དོ་མཉམ་བྱས་པ་རེད། རྩྭ་ཕྱུགས་དོ་མཉམ་དང་གཏན་འགོག ནགས་ཁུལ་བཅས་ཀྱི་ས་ཁུལ་དུ་རྒྱལ་ཁབ་ཀྱིས་ཁ་གསབ་མ་དངུལ་བྱིན་ཏེ། མང་ཚོགས་ལ་ཡོང་སྒོ་དང་ཕན་ཁེ་གང་མང་ཞིག་བསྐྲུན་པ་རེད།
སྙན་སྒྲོན་པ། སྔོན་ཆད་རི་དྭགས་དང་གཅན་གཟན་གྱི་འཚོ་གནས་སུ་གྱུར་བའི་ལ་ལུང་ཀུན་ཏུ་ད་སྐབས་རུ་སྡེ་བརྒྱ་ཕྲག་གིས་བཀངས་ཤིང་། རྔོན་པ་དང་ཇག་པ་བསྐུངས་སའི་རི་ཕུག་ལུང་ཕུག་དག་ཏུ་རྟ་ནོར་ལུག་གསུམ་གྱིས་གཡོགས་པ། རྫ་རི་མཁའ་དང་མཉམ་ཞིང་། བྲག་རི་སྤྲིན་དང་འདྲེས་པའི་རི་རྒྱུད་དང་རྫ་རྒྱུད་དུ་རླངས་འཁོར་དང་འཕྲུལ་རྟས་ཁེབས་ཡོང་དུས། སྡེ་བ་འདིར་བྲག་རི་ལྟ་བུའི་སྲིད་གཞུང་གི་རྒྱབ་སྐྱོར་ཞིག་དང་ཕ་མ་ལྟ་བུའི་གཉོར་སྐྱོང་བྱེད་མཁན་གྱི་བདག་པོ་ཞིག་ཡོད་པ་སྨོས་མ་དགོས།
དཔལ་ཆེན་རྒྱལ། ང་ནི་རི་ཕྱོར་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡིན། ངའི་མིང་ལ་དཔལ་ཆེན་རྒྱལ་ཟེར། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་རྗེས་དང་། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་འཚོགས་ནས་སྲིད་ཇུས་དངོས་འབེབ་བྱེད་པའི་སྐབས་འདིར། རྒྱལ་ཁབ་རིམ་པས་དབུལ་ཕོངས་ཀྱི་ཁྱིམ་ཚང་ལ་གཟིགས་སྐྱོང་གི་སྲིད་ཇུས་རབ་དང་རིམ་པ་ཞིག་བཀོད་སྒྲིག་དང་ལག་བསྟར་བྱེད་བཞིན་པའི་སྒང་རེད། མཚོ་སྔོན་ཞིང་ཆེན་རིམ་པ་དང་། ཁུལ་རིམ་པ། རྫོང་རིམ་པ་ནས་སྲིད་ཇུས་འདི་ལག་བསྟར་བྱེད་བཞིན་པའི་སྒང་རེད། རྫོང་མཁར་འདིར་ལུང་བཟང་ཞང་གི་སྡེ་བ་མང་པོ་ཞིག་ལ་ཁང་བ་མང་པོ་ཞིག་ལས་ཡོད་ནི་རེད། དེའི་ཁྲོད་དུ་རི་ཕྱོར་སྡེ་བའི་ཁྱིམ་ཚང་ཉེར་བརྒྱད་ལྷག་ལ་རྫོང་འདིར་ཁང་བ་ལས་ཡོད་ནི་རེད། གཞན་ཡང་སྡེ་བའི་ཁྲོད་དུ་སྔ་གཞུག་ཏུ་ཁང་བ་མང་པོ་འཛུགས་སྐྲུན་བྱས་ཡོད་ནི་རེད།
སྙན་སྒྲོན་པ།རི་ཕྱོར་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་དཔལ་ཆེན་རྒྱལ་གྱི་འགྲོ་རོགས་འོག་ཏུ་སྡེ་བའི་དབུལ་ཕོངས་ཁྱིམ་ཚང་ཞིག་ཏུ་སོང་ནས་ཁོ་ཚང་གི་འཚོ་བའི་གནས་ཚུལ་ལ་འདི་ལྟར་རྒྱུས་ལོན་བྱས།
རྒྱ་རིག ང་ནི་བྲག་དཀར་རྫོང་ལུང་བཟང་ཞང་རི་ཕྱོར་སྡེ་བའི་ཡིན། ངའི་མིང་ལ་རྒྱ་རིག་ཟེར། སྔོན་སྤྱི་ལོ་ལྔ་བཅུ་ང་བརྒྱད་ལོའི་ཡར་སྔོན་དུ་ངེད་སྡེ་བའི་ས་ཆ་འདིར་མཚོན་ན། ཆུ་གློག་ལམ་གསུམ་དང་འགྲིམ་འགྲིལ་སོགས་ཧ་ཅང་སྟབས་མི་བདེ་བའི་ས་ཆ་ཞིག་ཡིན། རྗེས་སུ་སྤྱི་ལོ་བདུན་ཅུ་དོན་བརྒྱད་ལོ་སྟེ། རྒྱལ་ཁབ་ཀྱིས་བཅོས་སྒྱུར་སྒོ་འབྱེད་བྱས་པ་ནས་བཟུང་། ལམ་དང་ཁ་གསབ་མ་དངུལ་སོགས་གང་འཚམས་རེ་བྱིན་ཏེ་ཕྱོགས་གང་ཅིའི་ཐད་ནས་འཕལེ་རྒྱས་ཆེན་པོ་ཕྱིན་འདུག དེའི་རྗེས་ནས་རྒྱལ་ཁབ་ཀྱིས་གནད་ཁེལ་དབུལ་སྐྱོར་གྱི་བྱ་བར་མཐོང་ཆེན་བྱས་ཏེ། ཉིས་སྟོང་བཅུ་བདུན་དང་བཅོ་བརྒྱད་ལོར་སྲིད་ཇུས་དངོས་སུ་ལག་བསྟར་བྱས་ཏེ། རྫོང་དང་ཞང་། སྡེ་བ་བཅས་ཀྱི་འགོ་ཁྲིད་མི་སྣས་ངེད་ཚང་གི་གནས་ཚུལ་དང་སྐྱིད་སྡུག་མཐོང་ནས་རང་ཉིད་དབུལ་ཕོངས་ཁྱིམ་ཚང་གི་ཁྲོད་དུ་བཞག་པ་དང་། ཉིས་སྟོང་བཅུ་བདུན་ལོར་རི་ཕྱོར་སྡེ་བ་དབུལ་གྲོལ་བྱས་ནས། རང་ཉིད་ཀྱིས་ཀྱང་རྒྱལ་ཁབ་ཀྱི་རོགས་སྐྱོར་ལ་བརྟེན་ནས། ད་ལྟ་སྡོད་ཁང་སོགས་ཀྱི་དཀའ་ཁག་ཅི་ཡང་མེད་པར་འཚོ་བ་རོལ་ཡོད།
སྙན་སྒྲོན་པ། ལོ་རབས་ལྔ་བཅུ་དང་དྲུག་ཅུའི་སྐབས་སུ་སྐྱེས་པའི་མི་སྣ་མང་ཤས་ཤིག་ནི་ཕྱུགས་ཟོག་འཚོ་སྐྱོང་བྱེད་སའི་རི་ལུང་དང་རྩྭ་ཐང་ལས་སྡེ་བའི་ཕྱི་ལ་གོམ་གང་ཙམ་ཡང་སྤོས་མ་མྱོང་བ་ཤིན་ཏུ་མང་ལ། རླངས་འཁོར་དང་འཕྲུལ་རྟ། ཁ་པར་སོགས་དེང་རབས་ཀྱི་རྒྱུན་སྤྱོད་ཅ་ལག་གཅིག་གི་དབྱིབས་ཙམ་ཡང་མ་མཐོང་བར་ཚེ་སྲོག་གི་མཐའ་རྫོགས་པ་བགྲངས་ལས་འདས།
གསར་འགོད་པ། སྟོབས་ལྡན་རྒྱལ། ང་ཚོའི་སྡེ་བའི་ཁྲོད་དུ་རྫོང་འདིར་ཡོང་ནས་ཚོང་ལས་གཉེར་བཞིན་པའི་མི་སྣ་ཡོད་དམ།
དཔལ་ཆེན་རྒྱལ། དེ་འདྲའི་མི་སྣ་མང་ནི་རེད། རྫོང་གི་དཀྱིལ་སྙིང་ཚོང་རའི་ནང་དུ་ལྭ་བ་འཚོང་བཞིན་པའི་ཚོང་བ་མང་པོ་ཞིག་ཡོད། གཞན་ཡང་རི་ཕྱོར་སྡེ་བར་མཉམ་ལས་ཁང་དགུ་ལྷག་ཡོད། དེ་རིང་འུ་གཉིས་དར་རྒྱས་ཚོང་ར་འདིའི་ནང་དུ་འགྲོ་མཉམ་དུ་ཅིག་ལྟ། དར་རྒྱས་ཚོང་ར་ཟེར་བ་དེའི་ནང་དུ་རི་ཕྱོར་སྡེ་བའི་ཚོང་ཁང་མང་པོ་ཞིག་ཡོད། དེར་རྒྱུས་ལོན་རེ་བྱོས་དང་། ངས་སྔོན་འདིར་བཤད་པའི་དར་རྒྱས་ཚོང་ར་ཟེར་བ་དེ་འདི་རེད།
གསར་འགོད་པ། སྟོབས་ལྡན་རྒྱལ། འདི་ཡིན་ནམ། ང་རང་ཡུན་རིང་ཞིག་ལ་འདིར་ཡོང་མ་མྱོང་།
དཔལ་ཆེན་རྒྱལ། འདི་རེད། དར་རྒྱས་ཚོང་ར་འདི་རེད། འདིའི་ནང་དུ་རི་ཕྱོར་སྡེ་བའི་ཚོང་ཁང་མང་པོ་ཞིག་ཡོད། ཡིན་ཡང་ཁ་བ་དཀར་པོ་མེ་ཏོག་གྱོན་ཆས་གླིང་ཟེར་བའི་ཚོང་ཁང་འདི་བཙུགས་ནས་ཡུན་རིང་ཞིག་འགོར་ཡོད། ཐོག་མར་འདི་ལ་བཅར་འདྲི་ཞིག་བྱེད་རྒྱུའི་ན།
གསར་འགོད་པ། སྟོབས་ལྡན་རྒྱལ། རེད། རེད།
ཚོང་ཁང་ནང་གི་ཡུལ་དངོས་ཀྱི་སྒྲ
ཚོང་བདག འདི་ལས་ཨང་ཀི་ཆེ་བ་དེ་དགོས་སམ། འདི་ཆུང་སོང་ངམ།
ཉོ་མཁན། དེ་ཅུང་ཙམ་ཆུང་འདུག
ཚོང་བདག དེ་ལས་ཆེ་བ་ཞིག་ཡོད། ངས་བཙལ་ཆོག
ཉོ་མཁན། ལྭ་བ་འདི་གཉིས་ཀྱི་རིན་གོང་ག་ཚོད་རེད།
ཚོང་བདག འདི་གཉིས་ལ་སྒོར་བརྒྱ་དང་དྲུག་ཅུ་རེད
ཉོ་མཁན། རིན་གོང་ཅུང་མར་ཕབ་རོགས།
ཚོང་བདག དོན་ངོ་མས་དགོས་ན་བརྒྱ་དང་ལྔ་བཅུ་བྱེད། དེའི་མན་ཞིག་བཤད་རྒྱུ་མེད།
ཉོ་མཁན། ཁྱོས་ཅུང་ཙམ་ནས་ཨང་ཀི་ཆེ་བ་དེ་ཁྱེར་ཤོག་དང་།
ཚོང་བདག ཡ་ཡ།
གསར་འགོད་པ། སྟོབས་ལྡན་རྒྱལ། ཡ། བདེ་མོ་ཡིན་ནམ།
ཆོས་བྷེ། བདེ་མོ་ཡིན།
གསར་འགོད་པ། སྟོབས་ལྡན་རྒྱལ། ཚོང་ལས་ལ་བྲེལ་བ་ཆེ་ཀ
ཆོས་བྷེ། འོ་ལེ། ད་སྐབས་འདིར་མི་ཅུང་མང་ཀི
གསར་འགོད་པ། སྟོབས་ལྡན་རྒྱལ། རེད་རེད། སྐབས་འདིར་རང་རེའི་རྫོང་གིས་རྟ་རྒྱུག་ལུས་རྩལ་བྱ་འགུལ་སྤེལ་བཞིན་པའི་སྒང་རེད།
ཆོས་བྷེ། རེད། རེད། ད་སྐབས་འདིར་མི་ཅུང་མང་ཀི
གསར་འགོད་པ། སྟོབས་ལྡན་རྒྱལ། ཁྱོས་ཚོང་གཉེར་བྱས་ནས་ལོ་ག་ཚོད་འགོར་ཡོད།
ཆོས་བྷེ། ངས་ཚོར་གཉེར་བྱས་ནས་ལོ་བདུན་བརྒྱད་ལྷག་འགོར་ཟིན། སྔོན་ཆད་རང་ཉིད་ཕྱུགས་ལས་རྐྱང་རྐྱང་གཉེར་བའི་མི་སྣ་ཞིག་ཡིན། ཡུན་རིང་བོར་དེ་ལྟར་སོང་ན་འཕེལ་རྒྱས་ཆེན་པོ་མེད་པར་སྙམ་ནས་ཚོང་ལས་གཉེར་བ་ཡིན། ད་སྐབས་འདིར་མཚོན་ན་ཚོང་ར་ཅུང་ཆེན་པོ་ཞིག་ཏུ་ས་ཚུགས་གཉིས་སུ་བོད་ལྭ་དང་རྒྱ་ལྭ་གཉིས་ཀྱི་ཚོང་ལས་གཉེར་གྱིན་ཡོད། ད་སྐབས་འཚོ་བའི་ཐད་དཀའ་ཁག་ཅི་ཡང་མེད་ཀི
གསར་འགོད་པ། སྟོབས་ལྡན་རྒྱལ། རེད་ཡ། ཚོང་ཁང་གཉིས་ཡོད་དམ།
ཆོས་བྷེ། ཡིན། ཚོང་ཁང་གཉིས་ཡོད། བོད་ལྭ་དང་རྒྱ་ལྭ་གཉིས་ཀ་འཚོང་ས་རེ་ཡོད།
གསར་འགོད་པ། སྟོབས་ལྡན་རྒྱལ། ཚོང་ཁང་གཞན་པ་དེ་གང་དུ་ཡོད།
ཆོས་བྷེ། ཚོང་ཁང་གཞན་དེ་ཕུགས་གན་ན་ཡོད།
གསར་འགོད་པ། སྟོབས་ལྡན་རྒྱལ། དེར་སུས་བདག་གཉེར་བྱེད་ཀྱིན་ཡོད།
ཆོས་བྷེ། ངའི་ཆུང་མའི་དེར་ཚོང་རྒྱག་བཞིན་ཡོད།
གསར་འགོད་པ། སྟོབས་ལྡན་རྒྱལ། རེད། རེད། བཟང་གི ད་སྐབས་འདིར་མི་མང་གི
ཆོས་བྷེ། བདེན་ཀི ཉིན་འདི་དག་ལ་མི་མང་གི
སྙན་སྒྲོན་པ། སྐབས་སྐབས་ཤིག་ལ་སྡེ་བཞི་ཁྱིམ་མཚེས་ནང་བྱུང་བའི་འཐབ་རྩོད་ནང་འཁྲུག་དང་། བཤད་ཚེགས་གཏམ་ངན་གྱིས་རྐྱེན་བྱས་ཏེ་ཕྱོགས་རེས་འཐེན་འཁྱེར་སོགས་ང་ཆེ་ང་བཙན་གྱི་རྨོངས་བའི་ཁྲོད་ནས་སློབ་གསོ་སོགས་དང་རིང་དུ་གྱེས་ནས་ཉེ་རིང་ཆགས་སྡང་གི་རྐྱེན་ངན་རེ་འགར་འཕྲད་མྱོང་མོད། གནས་འདིའི་སྲིད་གཞུང་གི་ཡང་དག་པའི་བཀོད་སྒྲིག་དང་། དགོན་སྡེ་སོ་སོའི་བླ་གྲྭ་དག་གི་ཐུགས་རྗེ། སྡེ་མི་རྒན་རབས་དག་གི་ལྷག་བསམ་བཅས་ལ་བརྟེན་ནས་ད་སྐབས་འདིར་རི་ཕྱོར་སྡེ་བས་སྡེ་སྲོལ་གཏན་འབེབས་བྱས་ཏེ། ཆེ་བཀུར་ཆུང་བྱམས་ཀྱི་ལག་རྡང་གཅིག་ཏུ་སྦྲེལ་ཞིང་། ནང་ཁུལ་མཛའ་མཐུན་གྱི་གསེར་ཟམ་བརྟན་པོར་གནས་ཡོད། ད་སྐབས་ཀྱི་ས་གནས་སློབ་གསོའི་གནས་ཚུལ་ཐད་ནས་རི་ཕྱོར་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་དཔལ་ཆེན་རྒྱལ་གྱིས་མུ་མཐུད་དུ་བཤད་རྒྱུར།
དཔལ་ཆེན་རྒྱལ། ད་སྐབས་སློབ་གསོའི་ཐད་ནས་རྫོང་རིམ་པ་དང་ཞང་རིམ་པ་གཉིས་ནས་མཐོང་ཆེན་བླ་ལྷག་གནང་ཀིན་འདུག དེ་བས་བྱིས་པ་སློབ་གྲྭར་མི་སྐྱེལ་བའི་ཁྱིམ་ཚང་གཅིག་ཙམ་ཡོད་ནི་མ་རེད། ད་སྐབས་ངེད་སྡེ་བའི་ནང་དུ་སློབ་ཆེན་སློབ་མ་རེ་འགའ་ཡོད་ཀི དབྱར་གནང་སྐབས་སུ་སློབ་མ་དེ་དག་གིས་སྡེ་བའི་ནང་གི་བྱིས་པ་ཚོར་ཟབ་སྦྱོང་འཛིན་གྲྭ་ས་ཚུགས་གཉིས་ནས་བཙུགས་ཏེ་སློབ་སྦྱོང་གི་མཁའ་དབུགས་ལེགས་པོ་ཞིག་བསྐྲུན་དང་སྐྲུན་བཞིན་པའི་སྒང་རེད།
སྙན་སྒྲོན་པ།འདི་ལྟར་ཉིན་ཧྲིལ་པོ་ཞིག་ལ་སྡེ་བའི་འགོ་ཁྲིད་དག་གི་འགྲོ་རོགས་ལ་བརྟེན་ནས་རང་གི་ཕ་ཡུལ་ལ་ཉེ་བར་བཅར་དུས། ཕ་ཡུལ་དུ་ཐོག་བརྩེགས་གསུམ་བཞི་ཅན་གྱི་མགྲོན་ཁང་ཆེན་མོ་གཉེར་བཞིན་པའི་ཚོང་དཔོན་ཡོད་ལ། མར་ཆུར་རྩམ་གསུམ་དང་ཞོ་དང་འོ་མའི་ཚོང་ལས་གཉེར་བའི་མཉམ་ལས་ཁང་སྣ་ཚོགས་ཤིག་ཀྱང་འདུག གཞན་ཡང་ན་གཞོན་ཕོ་མོ་མང་པོས་ལག་རྩལ་འདྲ་མིན་སྦྱངས་ནས་རང་ཁ་རང་གསོ་བྱེད་བཞིན་འདུག་ལ། དེ་ལས་ཀྱང་དགའ་འོས་པ་ཞིག་ནི་བཙན་གཉོམ་དང་དབུལ་ཕྱུག་གི་ཁྱད་པར་མེད་པར་ཉིས་སྟོང་བཅུ་བདུན་ལོ་ནས་བཟུང་རི་ཕྱོར་སྡེ་བས་དབུལ་ཕོངས་ཀྱི་ཞྭ་མོ་རིང་དུ་གཡུགས་ནས་ན་ཆུང་གི་གཅེས་ཕྲུག་དག་ཤེས་རིག་གི་དཔལ་དུ་བསྐྱལ་ཏེ་བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་པའི་སྒང་རེད།
སྙན་སྒྲོན་པ།
གོང་དུ་ཚང་མས་ཉན་པ་ནི་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་སྟོབས་ལྡན་རྒྱལ་གྱིས་སྒྲ་བླངས་ནས་བཀོད་པའི་གནས་ཚུལ་ཆེད་རྩོམ་སྟེ། ཁ་ཡིག་ལ་རྒྱ་རྫོང་ནགས་ཀྱི་ཕ་ས། རི་ཕྱོར་རྩྭ་ཆུ་རང་འཛོམས་ཞེས་པ་དེ་ཡིན།
་རི་རི་ཕྱོར་སྡེ་བའི་སྡེ་དཔོན་དཔལ་ཆེན་རྡོ་རྗེ་ཡིས་སྡེ་བའི་སྔོན་ཆད་ཀྱི་གནས་ཚུལ་གླེང་བཞིན་པའི་ཚུལ།
རི་ཕྱོར་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་དཔལ་ཆེན་རྒྱལ་གྱིས་སྡེ་བའི་ད་ལྟའི་འགྱུར་ལྡོག་སྐོར་ནས་གླེང་བཞིན་པའི་ཚུལ།
གསར་འགོད་པས་རི་ཕྱོར་སྡེ་བའི་སྡེ་མི་རྒྱ་རིག་ལ་བཅར་འདྲི་བྱེད་བཞིན་པ།
གསར་འགོད་པས་ཁ་བ་དཀར་པོ་མེ་ཏོག་གྱོན་ཆས་གླིང་གི་ཚོང་བདག་ཆོས་བྷེ་ལ་བཅར་འདྲི་བྱེད་བཞིན་པ།
གསར་འགོད་པ། སྟོབས་ལྡན་རྒྱལ།
རྩོམ་སྒྲིག་པ། སྟོབས་ལྡན་རྒྱལ།
རྩོམ་སྒྲིག་འགན་ཁུར་བ། ཨ་བརྟན་རྒྱལ།
ལྟ་སྐུལ་བ། ལྟ་བརྟན།
སྤྱིའི་ལྟ་སྐུལ་བ། རྣ་བྷ།