ཏང་ཡོན་རྣལ་མ་ཞིག་གི་ལྷག་བསམ་ལས་བསྐྱེད་པའི་དྲོད་ཁོལ།
2019.12.02 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 72

གསེར་ས་འོག་ཏུ་ཡོད་ཀྱང་འོད་ནམ་མཁར་འཕྲོ་ཞེས་པའི་དཔེ་ལྟར་རྒད་པོ་བསོད་ནམས་ནི་ཧི་ནན་རྩྭ་ཐང་གི་ལུང་ཁུག་ཞིག་ཏུ་གནས་ཀྱང་ཁོའི་སྙན་གྲགས་རྨ་ལྷོ་ཁུལ་ཡོངས་སུ་ཁྱབ་འདུག ལྷག་པར་དུ་སོག་རྫོང་ས་ཆར་མཚོན་ན་རྒད་པོ་བསོད་ནམས་ནི་རྒན་པ་རྣམས་ཀྱི་བསྟོད་པའི་ཡུལ་དང་གཞོན་པ་རྣམས་ཀྱི་མིག་གི་དཔེ། བྱིས་པ་རྣམས་ཀྱི་བཀུར་སའི་མི་བཅས་སུ་གྱུར་འདུག དེ་བས་མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་དགུན་དུས་གཞི་རིམ་དུ་བསྐྱོད་པའི་རྨ་ལྷོ་བཅར་འདྲི་ཚན་ཆུང་ཆེད་དུ་ཧི་ནན་རྫོང་མཁར་ལས་སྤྱི་ལེ་དྲུག་ཅུ་ལྷག་ཡོད་པའི་གསེར་ལུང་ཞང་སྐ་ཆེན་སྡེ་བའི་རྒད་པོ་བསོན་ནམས་ལ་བཅར་འདྲི་བྱེད་པར་ལམ་དུ་ཆས། སྟོན་དགུན་འདྲེས་མཚམས་ཀྱི་ཧི་ནན་རྩྭ་ཐང་ཆེན་མོ་ནི་གསེར་མདོག་གི་ཁུ་བ་བྱུག་འདྲའི་མཛེས་ཤིང་ལྟ་ན་སྡུག་པའི་ཡུལ་ལྗོངས་ཤིག་རང་བཞིན་གྱིས་གྲུབ་ཅིང་རྩེ་ཆུ་སྔོན་མོ་ནི་ཆེད་དུ་གནས་འདིའི་སེམས་ཅན་ཡོངས་ལ་འབུལ་བའི་མཆོད་པ་ཇི་བཞིན་དྭངས་གཙང་གི་རང་མདངས་མ་ཉམས་པར་ལྷུང་ལྷུང་ངང་བཞུར་བཞིན་ཡོད་ལ། རྩི་ཤིང་སྣ་ཚོགས་ཀྱིས་མགོ་བོ་ཕར་གཡུག་ཚུར་གཡུག་བྱེད་པའི་སྤང་ཐང་དུ་རྟ་ནོར་ལུག་གསུམ་བག་གཡེང་ངང་རྒྱུ་བའི་སྣང་ཚུལ་དེ་མཐོང་བའི་ཚེ། མིའི་སེམས་ལ་སྨྲ་མི་ཤེས་པའི་དགའ་སྣང་ཞིག་སྦྱིན་ཡོང་། ལྷག་པར་དུ་མེས་རྒྱལ་གྱི་ཡུལ་གྲུ་ཀུན་ཏུ“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས”ཞེས་པའི་ཏང་གི་བརྗོད་དོན་སློབ་གསོའི་ལས་འགན་ཚ་ཚ་འུར་འུར་གྱིས་སྤེལ་བའི་སྐབས་འདིར། སོག་རྫོང་རྩྭ་ཐང་དུའང་ཏང་གི་བརྗོད་དོན་སློབ་གསོར་སློབ་སྦྱོང་བྱེད་པའི་མཐོ་རླབས་ཤིག་འཕྱུར་བཞིན་ཡོད་ལ། ང་ཚོའི་བཅར་འདྲི་བྱེད་ཡུལ་དུ་གྱུར་བའི་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་ལེགས་ཅན་བསོད་ནམས་ནི་སྐབས་རེར་ས་དེའི་ཏང་ཡོན་མང་ཚོགས་ཀྱིས་སློབ་སྦྱོང་བྱེད་སའི“སློབ་དེབ”ལྟ་བུ་ཞིག་ཏུ་གྱུར་ཡོད་ལ། ཡང་སྐབས་རེར་རྒྱ་ཆེའི་ཏང་ཡོན་མང་ཚོགས་ལ་ཏང་གི་བརྗོད་དོན་སློབ་གསོར་སློབ་ཁྲིད་གནང་མཁན་གྱི“དགེ་རྒན”ཞིག་ཏུ་གྱུར་ཡོད།

གསར་འགོད་པ་གསེར་ལུང་ཞང་དུ་ཐོན་རྗེས་འབྲེལ་ཡོད་མི་སྣས་འགྲོ་རོགས་བྱས་འོག་གཞི་ནས་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་ལེགས་ཅན་བསོད་ནམས་ཚང་གི་སྒོར་ཐོན་པ་དང་། ཁོ་ཚང་གི་རྒྱ་སྒོའི་ཕྱི་གྱང་ངོས་སུ་གསེར་ལུང་ཞང་ཏང་གི་བརྗོད་དོན་སློབ་གསོའི་རྟེན་གཞི་དང་ངལ་རྩོལ་དཔེ་ལེགས་པའི་ཁྱིམ་ཚང་སོགས་ཀྱི་སྒོ་བྱང་མང་པོ་བཀལ་འདུག་ལ། ཁང་བའི་བར་ཁྱམས་ངོས་སུ་བློ་མཐུན་བསོད་ནམས་ཀྱི་བྱ་དགའི་རེའུ་མིག་ཅེས་པའི་འགྲེམ་བྱང་ཆེན་པོ་ཞིག་བཀལ་ཡོད་པ་དང་། འགྲུལ་ཁང་གི་གྱང་ངོས་སུ་རྒྱལ་ཁབ་དང་ཞིང་ཆེན་རིམ་པ་སོགས་འབྲེལ་ཡོད་ལས་ཁུངས་ཀྱིས་གནངས་བའི་གཟི་བརྗིད་དཔང་ཡིག་མང་པོ་ཤར་མར་བསྒྲིགས་ཡོད་ལ། འགྲུལ་ཁང་གི་དཀྱིལ་དབུས་སུ་རབས་ལྔའི་གཙོ་འཛིན་དག་གི་སྐུ་པར་ཁ་བཏགས་ཀྱི་གཤམ་དུ་གསལ་བོར་བཤམས་ཡོད་པའི་སྣང་བརྙན་དེ་ནི་ཁྱིམ་དེའི་“མཛེས་ལྗོངས་གསར་བ”ཞིག་ཏུ་སྣང་ངེས། ད་ལོར་རང་ལོ་དྲུག་ཅུ་ལྷག་ལ་སོན་པའི་རྒད་པོ་བསོད་ནམས་ནི་རྨ་ལྷོ་ཁུལ་ཧི་ནན་རྫོང་གསེར་ལུང་ཞང་སྐ་ཆེན་སྡེ་བའི་ཏང་ཡོན་ཕལ་བ་ཞིག་ཡིན་ཞིང་། ཁོས་རྒྱུན་ལྡན་གྱི་འབྲོག་པའི་འཚོ་བ་རོལ་བའི་བརྒྱུད་རིམ་ཁྲོད་ནས་སྤྱིར་བཏང་མ་ཡིན་པའི་བྱས་རྗེས་ཅི་འདྲ་བཞག་ཡོད་པ་གཟི་བརྗིད་དཔང་ཡིག་རེ་རེས་གསལ་བོར་མཚོན་ངེས།“མི་ཞིག་ལ་མཚོན་ན་སྡུག་བསྔལ་དངོས་སུ་མ་མྱངས་ན་གཞན་གྱི་སྡུག་བསྔལ་མི་ཤེས་པ་དང་། རང་སྡུག་དངོས་སུ་མྱངས་རྗེས་ད་གཟོད་གཞན་གྱི་སྡུག་བསྔལ་རྟོགས་ཐུབ”ཞེས་པའི་སྐད་ཆ་འདི་བསོད་ནམས་ཀྱིས་གསར་འགོད་པར་བཤད་པའི་ཐོག་མའི་སྙིང་གཏམ་ཡིན་ལ །ཀྱག་ཀྱོག་གི་དཀའ་སྡུག་ལས་ཐོབ་པའི་བསོད་ནམས་ཀྱི་མི་ཚེའི་སྡོམ་ཚིག་ཀྱང་ཡིན་ངེས།

ལོ་ངོ་ཉི་ཤུའི་སྔོན་ལ། གསེར་ལུང་ཞང་སྐ་ཆེན་སྡེ་བའི་བསོད་ནམས་ཚང་གི་རྩྭ་སའི་རྒྱ་ཁྱོན་དེ་འདྲའི་ཆེ་རྒྱུ་མེད་རུང་། འོན་ཀྱང་ཁྱིམ་ཚང་གི་ཡོང་སྒོ་ཐམས་ཅད་ཕྱུགས་ཟོག་ཁོ་ནར་བརྟེན་ནས་འཚོ་བ་རོལ་བཞིན་ཡོད་པས། སྡེ་བའི་ནང་གི་འབྱོར་བ་འབྲིང་ཙམ་གྱི་གྲས་སུ་ཚུད་ཡོད། ཡིན་ནའང་རྒྱུ་མི་རྟག་རྩྭ་མགོའི་ཟིལ་བ་དང་སྐྱིད་མི་རྟག་དབྱར་ཁའི་མེ་ཏོག་ཅེས་པའི་དཔེ་ལྟར་ནད་ཡམས་ཤིག་གི་དབང་གིས་བསོད་ནམས་ཀྱི་རྣ་བ་རིམ་བཞིན་འོན་པར་གྱུར་སོང་བའི་ཁར། ཁོའི་ཆུང་མར་གློ་བུར་དུ་ནད་ལྗི་མོ་ཞིག་ཕོག་ནས་ཚེ་ལས་འདས་སོང་བས། བསོད་ནམས་ཀྱི་མགོ་ཐོག་ཏུ་གནམ་བརྡིབས་པ་ལྟ་བུའི་སྡུག་བསྔལ་མང་པོ་ཞིག་གཅིག་རྗེས་གཉིས་མཐུད་དུ་ཐོན་བྱུང་།

གསར་འགོད་པས་སྐབས་དེའི་གནས་ཚུལ་འདྲི་དུས། ལོ་དྲུག་ཅུ་ལྷག་ལ་སོན་པའི་རྒད་པོ་བསོད་ནམས་ཀྱིས་འདས་ཟིན་པའི་ལོ་རྒྱུས་ལ་ཕྱིར་དྲན་བྱེད་བཞིན་མིག་མཐར་མཆི་མས་ཁེངས་ཏེ་ཡིད་སེམས་རབ་ཏུ་སྐྱོ་བའི་ངང་ནས་སྡུག་གཏམ་འདི་འདྲ་ཞིག་བཤད་བྱུང་།“ཆུང་མ་ཚེ་ལས་འདས་སྐབས་བྱིས་པ་གཉིས་ཧ་ཅང་ཆུང་སྟབས་ཁྱིམ་ཚང་གི་བྱ་བ་ཡོད་ཚད་ཁོ་གཅིག་པུའི་ཕྲག་ཏུ་ལྷུང་སོང་བས། ཉིན་དཀར་རི་མགོར་ཕྱུགས་རྫིར་འགྲོ་སྐབས་བྱིས་པ་གཉིས་གཞན་ལ་བཅོལ་དགོས་པ་དང་། དགོང་མོ་ཕྱུགས་ཟོག་ལྷས་འདབས་སུ་བསྐྱིལ་རྗེས་མྱུར་དུ་བྱིས་པ་གཉིས་ལ་ཁ་བསྐོལ་བྱེད་དགོས། སྐབས་དེར་བྱིས་པ་གཉིས་བསམ་མེད་ཡིན་པས་ཨ་མ་གང་དུ་བུད་སོང་བའང་ཤེས་མེད་པ་འདྲ།མཚམས་རེར་ངེད་ཕ་བུ་གསུམ་པོ་གོ་འདབས་སུ་བསྡད་ནས་ནུབ་ཚ་འཐུངས་སྐབས། ངས་བྱིས་པ་གཉིས་ཀྱི་ངོ་མདངས་ལ་བལྟས་ཏེ་མིག་ཆུ་ཤོར་བ་གྲངས་མེད་ཡིན། གནོད་བྱེད་གྲོགས་སུ་གྱུར་བའི་དཔེ་ལྟར་སྐབས་དེར་བྱིས་པ་གཉིས་ལ་གཉོར་སྐྱོང་བྱེད་མཁན་མེད་སྟབས། འུ་ཐུག་ཐབས་ཟད་ཀྱི་ངང་ནས་སློབ་གྲྭར་བསྐྱལ་བ་ཡིན། དེ་དུས་སློབ་གྲྭར་བསྐྱལ་མེད་ཚེ། ད་སྐབས་ལས་བྱེད་པ་ཡིན་མི་སྲིད།”ཟེར།

འདི་ལྟར་བསོད་ནམས་ཀྱིས་དཀའ་སྡུག་གྲངས་མེད་ཀྱི་མི་ཚེའི་དཀྱོགས་མཚམས་མང་པོ་ཞིག་བརྒྱུད་མཐར་གཞན་ཕན་སྙིང་རྗེའི་རང་གཟུགས་ཤིག་ངང་ངམ་ཤུགས་ཀྱིས་རྒྱུད་ལ་ཞུགས་ཏེ་དབུལ་བོ་རོགས་སྐྱོར་དང་དྭ་ཕྲུག་ལ་བདག་སྐྱོང་བྱེད་འདོད་པའི་ལྷག་བསམ་གྱི་ཀུན་སློང་དག་མ་ཞིག་བཅོས་མིན་སེམས་ཀྱི་གཏིང་ནས་སྐྱེས་བྱུང་།

དང་ཐོག་བསོད་ནམས་ཀྱི་སེམས་ལ་གཞན་ལ་རོགས་སྐྱོར་བྱེད་པ་རང་ཉིད་གྲགས་འདོད་དང་རྒྱལ་འདོད་ཀྱི་ཁེ་ཕན་ཁོ་ན་ཡིན་པས །མི་ཀུན་གྱིས་འཕྱ་དམོད་དང་ཁྲེལ་དགོད་བྱེད་ན་ཐང་བསམ་ནས་རེ་ཞིག་རླབས་ཆེན་གྱི་འདུན་མ་དེ་སེམས་སུ་ཉར་བ་ལས་ལག་ལེན་དུ་འདེབས་མ་ཐུབ་པར་ཡུན་རིང་འགོར་སོང་། ཡིན་ནའང་སྐབས་དེར་སྤྱི་ཚོགས་ཀྱི་ཆ་རྐྱེན་སྤྱིར་ཞན་པའི་ཁར་ཁོ་རང་སྡོད་སའི་གསེར་ལུང་ཞང་ནི་རི་མཐོ་ལུང་ཟབ་དུ་གནས་ཡོད་སྟབས། འགྲིམ་འགྲུལ་ཧ་ཅང་སྟབས་མི་བདེ་བ་དང་སྨན་བཅོས་སྒྲིག་ཆས་ཧ་ཅང་དཀོན་པའི་དབང་གིས་བྱིས་པ་སློབ་གྲྭར་སྐྱེལ་བ་ནི“སྟོང་བསམ”ཞིག་དང་ནད་པ་མྱུར་བཅོས་བྱེད་པ་ནི“ལྷ་སྒྲུང”ལྟ་བུ་ཞིག་ཏུ་གྱུར་ཡོད་པའི་སྣང་ཚུལ་དེ་དག་ནི་རྒྱུན་པར་བསོད་ནམས་ཀྱི་རྣ་ལམ་དུ་རྒྱུ་ཞིང་མིག་མདུན་དུ་མངོན་པའི་དངོས་ཡོད་ཀྱི་གནད་དོན་ཡིན།

དེ་བས་བསོད་ནམས་ཀྱིས་བསམ་གཞིགས་ཀྱི་སྨིན་མ་གཅིག་ཏུ་བསྡུས་ཏེ་རྗེས་ལུས་ས་ཁུལ་གྱི་རྣམ་པ་བསྒྱུར་བར་གཏོང་ཕོད་ཀྱི་སྤར་ཁ་ཡངས་མོར་ཕྱེས་ཏེ་དམངས་སྒོར་ཁྲི་གཅིག་ཁྱེར་ནས་ཐད་ཀར་དུ་སྐབས་དེའི་ཧི་ནན་རྫོང་གི་རྫོང་དཔོན་གཞོན་པ་གྲགས་པ་ཡོད་སར་ཕྱིན་པ་ན། གྲགས་པ་ཡ་མཚར་བའི་ངང་ནས“ད་སྐབས་ལུག་གཅིག་ལའང་སྒོར་བརྒྱ་དང་ལྔ་བཅུ་དགོས་པས། ཁྱོད་འབྲོག་པ་དཀྱུས་མ་ཞིག་ལ་མཚོན་ན་སྒོར་ཁྲི་གཅིག་ནི་དེ་འདྲའི་གྲངས་ཀ་ཆུང་ཆུང་ཞིག་མ་རེད། སྔར་ལས་མི་མང་པོ་ཞིག་ལ་རོགས་སྐྱོར་བྱ་ཆེད། རབ་ཡིན་ན་སྒོར་ཁྲི་གཅིག་པོ་འདི་གསེར་ལུང་ཞང་དུ་བྱིན་ན་བཟང་སྙམ”ཟེར།

བསོད་ནམས་ཀྱིས་རྫོང་དཔོན་གཞོན་པ་གྲགས་པས་བཤད་པ་ནང་བཞིན་སྒོར་མོ་ཁྲི་གཅིག་པོ་དེ་ཞང་སྲིད་གཞུང་བརྒྱུད་ནས་གསེར་ལུང་ཞང་གི་དྭ་ཕྲུག་དང་དབུལ་ཁྱིམ་གྱི་བྱིས་པ་ཚོར་ཞལ་འདེབས་ཕུལ་ཏེ། ཁོ་ཚོ་སྔ་མོ་ནས་སློབ་གྲྭ་འགྲོ་ཐུབ་པར་མཐུན་རྐྱེན་གང་ལེགས་བསྐྲུན།

རེབ་དེའི་བསོད་ནམས་ཀྱིས་ཕུལ་བའི་ཞལ་འདེབས་ལ་གསེར་ལུང་ཞང་དུ་ཚུར་སྣང་ཆེན་པོ་བྱུང་སྟེ། ཞང་སྲིད་གཞུང་གིས་ཆེད་དུ་གཟེངས་བསྟོད་ཚོགས་ཆེན་བསྡུས་ཏེ་བསོད་ནམས་ལ་བྱ་དགའི་རྟགས་མ་གནང་བ་དང་། གཟེངས་བསྟོད་ཚོགས་ཆེན་སྟེང་དུ་བསོད་ནམས་ཀྱིས་ཡུན་རིང་བོར་སེམས་ལ་སྦས་པའི་སེམས་གཏམ་འདི་ལྟར་བཤད་བྱུང་། “ད་སྐབས་ངས་རོལ་བཞིན་པའི་བདེ་སྐྱིད་ཀྱི་འཚོ་བ་འདི་ནི་ཏང་དང་སྲིད་གཞུང་གིས་གནང་བ་ཡིན་པས། ང་རང་ཏང་ནང་དུ་ཞུགས་འདོད་ཀྱི་འདུན་པ་འགོག་ཐབས་བྲལ། ཡིན་ཡང་ང་རང་ཉིད་ལ་མཚོན་ན་ཡིག་འབྲུ་གཅིག་ཀྱང་མི་ཤེས་པས། ཏང་ནང་དུ་ཞུགས་པའི་རེ་འདོད་ཡི་གེ་འབྲི་ཐབས་བྲལ། རྩ་འཛུགས་ཀྱིས་ངའི་འདོད་བློ་འདི་མངོན་འགྱུར་བྱེད་པར་རེ་བ་བཏོན་པ་ཡིན”ཟེར།

འདི་ལྟར་ཏང་རྩ་འཛུགས་ཀྱིས་བསོད་ནམས་ཀྱི་རེ་བ་སྟོང་ཟད་དུ་མ་བཏང་བར་ཏང་ནང་དུ་ཞུགས་པའི་གོ་སྐབས་བསྩལ།

བསོད་ནམས་ཏང་ནང་དུ་ཞུགས་རྗེས་གཞན་ལ་རོགས་རམ་བྱེད་པའི་བརྩོན་སེམས་ཇེ་ཆེ་དང་དབུལ་བོར་བདག་སྐྱོང་བྱེད་པའི་གྲངས་ཀའང་ཇེ་མང་དུ་སོང་།

བསོད་ནམས་ཀྱིས2001ལོ་ནས2004ལོའི་བར་དུ་སྐ་ཆེན་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་ཁུར་བ་དང་། དེའི་རིང་ལ་ཁོས་སྡེ་བའི་མང་ཚོགས་སྐུལ་སློང་བྱས་ཏེ་རང་འགུལ་གྱིས་མ་དངུལ་བསྡུ་གྲབས་བྱས་ནས་སྡེ་བའི་གཞུང་ལམ་གསར་དུ་ལས་པ་དང་། སྡེ་བའི་ནང་གི་དབང་བོ་སྐྱོན་ཅན་གྱི་དབུལ་ཁྱིམ་བསྟན་འཕེལ་ཚང་གི་འཚོ་བའི་ཆ་རྐྱེན་ཧ་ཅང་ཞན་པས་བསོད་ནམས་ཀྱིས་རང་སྒེར་གྱི་སྒོར་ཁྲི་གཅིག་བྱིན་ནས་བསྟན་འཕེལ་ཚང་གི་འབྱོར་བ་ཇེ་ལེགས་སུ་བཏང་བར་མ་ཟད། རང་སྡེ་བའི་ཕྱུགས་ཟོག་གསོ་སྤེལ་རྟེན་གཞི་ལ་ལུ་གུ་བརྒྱ་རིན་མེད་དུ་བྱིན་ནས་སྡེ་བ་དང་དབུལ་ཕོང་ཁྱིམ་ཚང་གི་རོགས་སྐྱོར་ཐེབས་རྩ་བཙུགས་ལ། ཐུན་རིན་རྫོང་ཐོ་རྒྱ་གྲོང་བརྡལ་འགྲམ་སྡེ་བའི་སྙིང་མོ་ལ་སྨན་བཅོས་རོགས་དངུལ་སྒོར་སྟོང་བཞི་ལྷག་གནང་སྦྱིན་བྱས།

བསོད་ནམས་ཚང་ནི་རི་མཐོ་ལུང་ཟབ་དུ་གནས་པའི་སྤྱིར་བཏང་གི་འབྲོག་ཁྱིམ་དཀྱུས་མ་ཞིག་ཡིན་མོད། འོན་ཀྱང་ཁོ་ཚང་གི་མི་སེམས་འགུལ་བའི་སྤྱི་སེམས་རྣམ་དག་གི་གཏམ་རྒྱུད་དེ་ཀུན་གྱི་ཁ་ན་རླུང་ལྟར་རྒྱུ་བཞིན་ཡོད།

ཉིས་སྟོང་བཅུ་ལོར་ཡུལ་ཤུལ་ལ་ས་འགུལ་བྱུང་རྗེས། བསོད་ནམས་ཀྱིས་བྲེལ་འཚུབ་ངང་རང་ཡུལ་ནས་ལུག་བརྒྱ་དེད་དེ་སྤྱི་ལེ་བཞི་བཅུ་ལྷག་གི་སར་ཡོད་པའི་ཞང་སྲིད་གཞུང་དུ་ཡོང་ནས་ཏང་དངུལ་ལྷག་མ་སྒོར་དྲུག་བརྒྱ་སྤྲད་པ་དང་། དེའི་ཁར་ལུག་བརྒྱའི་བཙོང་རིན་སྒོར་མོ་ཡོད་ཚད་བསྣན་རྗེས་གནོད་ཐེབས་ས་ཁུལ་དུ་ཞལ་འདེབས་སུ་ཕུལ་བ་རེད།

2012ལོར་བསོད་ནམས་ཀྱིས་སྐ་ཆེན་སྡེ་བའི་འབྲོག་ཁྱིམ་ཞིག་ལ་འབྱོར་བ་ཞན་པས་བྱིས་པ་གཉིས་སློབ་གྲྭར་འགྲོ་དཀའ་བའི་གནས་ཚུལ་བྱུང་ཡོད་པ་ཤེས་རྗེས། སེར་སྣ་སྤུ་ཙམ་ཡང་མེད་པའི་སྒོ་ནས་སློབ་ཡོན་རོགས་སྐྱོར་ལ་སྒོར་ཁྲི་གཅིག་བྱིན་ཏེ་བྱིས་པ་དེ་གཉིས་དུས་ལྟར་སློབ་གྲྭ་འགྲོ་ཐུབ་པར་གྱུར།

2014ལོར་བསོད་ནམས་ཀྱིས་ཧི་ནན་རྫོང་གཡུ་སྒང་གྲོང་རྡལ་གྱི་ཉིན་སེར་སྡེ་བ་དང་གསེར་ལུང་ཞང་རྒྱ་མཁར་སྡེ་བ། སྐ་ཆེན་སྡེ་བ་བཅས་ཀྱི་དབུལ་ཕོངས་ཁྱིམ་ཚང་བཞི་ལ་ལུག་བརྒྱ་བྱིན་པར་མ་ཟད། རྫོང་དམངས་སྲིད་ཅུའུ་བརྒྱུད་ནས་རྫོང་ཡོངས་ཀྱི་དབུལ་ཕོངས་ཁྱིམ་ཚང་དང་རྒན་གསོ་ཁང་གི་རྒན་པ་བཅས་ལ་སྒོར་ཁྲི་གཅིག་ལྷག་གི་རོགས་སྐྱོར་བྱས།

བསོད་ནམས་ཚང་གི་རྒྱུ་ནོར་ལ་རྫོགས་མཐའ་ཡོད་ཀྱང་བསོད་ནམས་ཀྱི་བྱམས་སེམས་ལ་ནམ་ཡང་མཛད་མཐའ་མེད། ཆ་མི་ཚང་བའི་བསྡོམས་རྩིས་བྱས་པ་ལྟར་ན། བསོད་ནམས་ཁྱིམ་མི་གང་བོས་ད་ལྟའི་བར་དུ་དབུལ་ཕོངས་ཁྱིམ་ཚང་དང་གནོད་ཐེབས་ས་ཁུལ་སོགས་ལ་ཕྱུགས་ཟོག་ལྔ་བརྒྱ་རེ་གཉིས་བྱིན་པ་དང་སྒོར་རྐྱང་འབུམ་གཅིག་དང་ཁྲི་ལྔ་ལྷག་བྱིན་ཟིན་པས། གྲངས་ཀ་འདི་དག་མཐོང་མ་ཐག་བསོད་ནམས་ནི་རྒྱུ་ནོར་ལོངས་སྤྱོད་ཀྱི་དབང་ཐང་རྒྱས་པའི་སྦྱིན་བདག་ཆེན་པོ་ཞིག་ཏུ་སྣང་མོད། འོན་ཀྱང་དོན་ངོ་མར་བསོད་ནམས་བཟའ་མི་གང་བོ་ད་ལྟའི་བར་དུ་སོ་ཕག་རྙིང་བའི་ཁང་བ་གྱན་གསུམ་གྱི་ནང་དུ་འཚོ་བ་རོལ་བཞིན་ཡོད་ལ། ད་ཡོད་ཀྱི་ཕྱུགས་ཟོག་བསྡོམས་པས་ཉིས་བརྒྱ་དང་བཅུ་ཡོད་པ་དེས་ད་ལྟའི་བར་དུ་གཞན་ལ་གནང་སྦྱིན་བྱས་པའི་ཕྱུགས་ཟོག་གི་བསྡོམས་གྲངས་ཀྱི་ཕྱེད་ཀའང་ཟིན་དཀའ་བར་མ་ཟད། ད་དུང་དངུལ་ཁང་དུ་ཆད་དངུལ་སྒོར་འབུམ་གཅིག་དང་ཁྲི་ལྔ་ཡོད།

མི་སེམས་ཤ་ལས་གྲུབ་ཅིང་བྱང་སེམས་གསེར་ལས་ལྷག་པའི་རྒད་པོ་བསོད་ནམས་ཀྱི་བྱས་རྗེས་ལ་ཏང་དང་མི་དམངས་ཀྱིས་གདེང་འཇོག་ཚད་མཐོན་པོར་གནངས་ཡོད་དེ་ཁོ་ལ་སྔ་གཞུག་ཏུ་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་ལེགས་ཅན་དང་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་མི་སྣ། རྒྱལ་ཡོངས་ཀྱི་ཡ་རབས་ཁྱིམ་ཚང་། རྒྱལ་ཡོངས་ཀྱི་ལེ་ཧྥུན་ལ་སློབ་སྦྱོང་བྱེད་པའི་མིག་དཔེ་བཟང་པོ་སོགས་རིམ་པ་སོ་སོའི་བྱ་དགའ་ཐེངས་བརྒྱད་ཅུར་ཐོབ་ཡོད།


གསར་འགོད་པ། ཨ་བརྟན་རྒྱལ་དང་བན་དེ་སྐྱབས།

ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།