དགེ་རྒན་ཆེན་མོ་གཉིས་ཀྱི་སྡེ་སྡོད་གཏམ་རྒྱུད།
2019.12.06 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 43

              གྲོགས་པོ་ལགས། ཁྱེད་ཀྱིས་འཕྲིན་ལམ་སྣ་ཚོགས་ནས་དབུལ་སྐྱོར་གྱི་གཏམ་རྒྱུད་གང་མང་ཐོས་ཡོད་ལ། མཐོང་མྱོང་ཡོད་ཀྱང་སྲིད། དེ་རིང་གསར་འགོད་པས་གླེང་རྒྱུ་ནི་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་གཉིས་ཀྱིས་དབུལ་སྐྱོར་གྱི་ལམ་བུའི་སྟེང་མང་ཚོགས་རྣམས་ལ་ཏང་གི་གནད་འཁེལ་དབུལ་སྐྱོར་གྱི་སྲིད་ཇུས་དྲིལ་སྒྲོག་དང་ལག་ལེན་དུ་བཏབས་པའི་གཏམ་རྒྱུད་བསྡུས་མ་ཞིག་ཡིན།

                 ཆུ་རྔ་སྡེ་བའི་སྡེ་སྡོད་ཧྲུའུ་ཅི་དང་པོ་རིན་ཆེན་ནོར་བུ།

མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་དགུན་དུས་གཞི་རིམ་དུ་བསྐྱོད་པའི་གསར་འགོད་པ་གུང་ཧོ་རྫོང་ཨེར་སྟི་ཞང་ཆུ་རྔ་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་གཞུང་སྒྲུབ་ཁང་དུ་ཐོན་སྐབས། ཐོག་མར་མཐོང་བ་ནི་ཡིག་ཆ་མང་པོ་སྤུངས་ཡོད་པའི་སྒྲོག་ཙེ་རིང་པོ་ཞིག་གི་འགྲམ་གཉིས་སུ་ལས་བྱེད་པ་ལྔ་དྲུག་ཅིག་གིས་ཅི་ཞིག་ལ་གྲོས་བསྡུར་བྱེད་བཞིན་ཡོད་པ་དེ་རེད། ང་ཚོ་མཐོང་བ་ན་ཁོ་ཚོས་བྲེལ་སྟབས་ཀྱིས་མདུན་བསུས་བྱུང་། ཁོ་ཚོའི་གཟུགས་བྱད་དང་གྱོན་པའི་ཆ་ལུགས་ལ་བལྟས་ན་སྡེ་བ་འདིའི་སྡེ་མི་ཏག་ཏག་ཡིན་པའི་སྣང་བ་ཞིག་ཀྱང་སྟེར། རྒྱུས་ལོན་བྱས་པ་བརྒྱུད། ད་གཟོད་གདོང་སྨུག་པོར་ཤེལ་མིག་གྱོན་པ། གཟུགས་དེ་འདྲ་རིང་རྒྱུ་མེད་ལ་སྒམ་བརླིང་ཅན་ཞིག་ཡོད་པ་དེ་ནི་མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་རིན་ཆེན་ནོར་བུ་དང་། དཔྲལ་བའི་དབྱིབས་ཆེ་ཞིང་སྐྲ་ལོ་ལྟག་རྒྱབ་ཏུ་ཤད་ཡོད་ལ། གཟུགས་རིང་རྒྱུ་ཐུང་རྒྱུ་མེད་པ་གདོང་ལ་གཟབ་ནན་གྱི་མདངས་ཤིག་ཤར་ཡོད་པ་ཁོ་ནི་མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་དགེ་རྒན་ཕག་མོ་དོན་འགྲུབ་ཡིན་པ་ཤེས། མ་གཞི་དགེ་རྒན་ཆེན་མོ་རིན་ཆེན་ནོར་བུས་ཆུ་རྔ་སྡེ་བའི་སྡེ་སྡོད་ཧྲུའུ་ཅི་དང་པོའི་འགན་ཁུར་ཡོད་པ་དང་། དགེ་རྒན་ཕག་མོ་དོན་འགྲུབ་ནི་ཆུ་རྔ་སྡེ་བའི་སྡེ་སྡོད་ལས་བྱེད་པ་ཞིག་རེད། སྡེ་བ་ནས་ཡུན་རིང་བོར་བསྡད་པའི་དབང་གིས་དགེ་རྒན་ཁོང་གཉིས་ཀྱི་ལུས་སྟེང་ན་གྲོང་ཁྱེར་གྱི་གྲལ་དག་པའི་ཕྱི་ཚུལ་གྱི་རྣམ་པ་དེ་གཏན་ནས་བོར་འདུག་ལ། དེ་ལས་ཁོང་གཉིས་ཀྱིས་སྡེ་བའི་དབུལ་སེལ་གྱི་བྱ་བའི་ཆེད་ལ་གྲང་ཤུར་ཤུར་གྱི་ཁོར་ཡུག་འདིར་དུས་ཡུན་རིང་བོར་བྱ་བ་བསྒྲུབས་པའང་རྟོགས་ཐུབ།

ཆུ་རྔ་སྡེ་བ་ཡོངས་ལ་བསྡོམས་པས་ཁྱིམ་ཚང་ཉིས་བརྒྱ་ཞེ་ལྔ་དང་། མི་གྲངས་དགུ་བརྒྱ་དོན་གཅིག་ཡོད་ལ། ཕྱུགས་ལས་གཙོ་བོ་བྱས་ཏེ། ཞིང་ལས་དང་ཕྱུགས་ལས་ཐོན་སྐྱེད་གཉིས་མཉམ་དུ་གཉེར་བཞིན་པའི་སྡེ་བ་ཞིག་ཡིན། གཞི་ཁྱོན་ཅན་གྱི་ཞིང་ལས་དང་ཕྱུགས་ལས་གཉེར་སའི་ས་རྒྱ་ཆུང་བའི་རྐྱེན་གྱིས་དབུལ་ཕོངས་སྡེ་བའི་གྲས་སུ་བཅུག་པ་དང་། གནད་འཁེལ་དབུལ་སྐྱོར་གྱི་བྱེད་སྒོ་མཐའ་དག་ཕྱོགས་ཡོངས་ནས་སྤེལ་མགོ་བརྩམས། ཆུ་རྔ་སྡེ་བའི་རོགས་སྐྱོར་ལས་ཁུངས་ཡིན་པའི་ཆ་ནས་མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་རིན་ཆེན་ནོར་བུ་དང་ཕག་མོ་དོན་གྲུབ་གཉིས་ཀྱང་སྡེ་སྡོད་ལས་བྱེད་པ་མང་པོ་དང་མཉམ་དུ་གུང་ཧོ་རྫོང་ཨེར་སྟི་ཞང་ཆུ་རྔ་སྡེ་བར་འོངས་ཏེ་དེ་གར་གནས་བཅས། གནད་འཁེལ་དབུལ་སྐྱོར་ནི་རྒྱལ་ཁབ་ཀྱི་ཆེས་ཆེ་བའི་དམངས་ཚིས་ལས་དོན་ཞིག་ཡིན་པའི་ཆ་ནས་ལས་ཀའི་གོ་རིམ་ཚད་ལྡན་ཡིན་ལ། ཞིབ་ཚགས་ཧ་ཅང་ཆེ། མི་ཚེ་ཕྱེད་ཀར་སྒོ་སམ་གྱི་མདུན་དུ་སྣོད་ལྡན་སློབ་བུ་དག་ལ་ཆེད་ལས་སློབ་ཁྲིད་ཀྱི་ལས་ཁོ་ན་གཉེར་བའི་ལོ་རྒྱུས་དང་རྫས་འགྱུར་གྱི་དགེ་རྒན་ཆེན་མོ་གཉིས་ལ་མཚོན་ན། གནད་འཁེལ་དབུལ་སྐྱོར་ནི་ཧ་ཅང་རྒྱུས་མེད་པའི་ལས་ཀ་ཞིག་ཡིན་པས་ཁོ་གཉིས་ལ་གནོན་ཤུགས་ཆེན་པོ་བསྩལ། “དགེ་རྒན་རྣམས་ནི་སྤོབས་པ་ཆུང་ཞིང་ཞིབ་ཚགས་ཡིན་པས། དང་ཐོག་བྱ་བ་སྤེལ་སྐབས་གནོན་ཤུགས་ཧ་ཅང་ཆེ་ལ། བྱ་བའི་མགོ་རྩོམ་ས་གང་ཡིན་པའང་མི་ཤེས།”དགེ་རྒན་ཕག་དོན་འགྲུབ་ཀྱིས་དེ་ལྟར་བཤད།  ཁོ་གཉིས་ཀྱིས་ཁྱིམ་ཚང་ཐོ་འགོད་བྱེད་པ་ནས་མགོ་བརྩམས་ཏེ། དབུལ་ཕོངས་ཁྱིམ་ཚང་གསལ་འབྱེད་བྱེད་པ་དང་ཡིག་ཚགས་འཛུགས་པ། ཐོན་ལས་འདེམས་པ། བཀོལ་ཆོག་པའི་ཡོང་སྒོ་རྩིས་ལེན་བྱེད་པ་སོགས་ལས་ཀའི་རྣམ་གྲངས་སོ་སོ་གོང་རིམ་གྱི་དུས་བཅད་ལྟར་སྡེ་སྡོད་བྱ་བ་སྤེལ།“དབུལ་ཕོངས་ཁྱིམ་གྲངས་མང་བ་དང་། སྡོད་གནས་ཐར་ཐོར་ཡིན་པ་ནི་ང་ཚོ་འཕྲད་པའི་དཀའ་ངལ་ཐོག་མ་རེད། དབུལ་ཕོངས་ཁྱིམ་ཚང་ཡོངས་ལ་སྒོ་མྱུལ་ཐེངས་གཅིག་བྱེད་ན་ཕལ་ཆེར་ཟླ་གཅིག་གི་དུས་ཚོད་དགོས་ཤིང་། ཁྱིམ་ཚང་ལ་ལར་རླངས་འཁོར་མི་ཐོན་པས་རྐང་ཐང་ལ་འགྲོ་དགོས་ས་མང་པོ་ཡོད།”དགེ་རྒན་ཕག་མོ་དོན་འགྲུབ་ཀྱིས་དབུལ་ཁྱིམ་ཐོ་འགོད་ལ་འགྲོ་སྐབས་ཀྱི་དཀའ་ཚེགས་དང་གཏམ་རྒྱུད་ཐུང་བུ་མང་པོ་ཞིག་གསར་འགོད་པར་བཤད། ཡིན་ཡང་། ཁོ་གཉིས་ཀྱིས་དབུལ་ཕོངས་མང་ཚོགས་ལ་དོན་དངོས་ཀྱི་བྱ་བ་ཞིག་སྒྲུབ་འདོད་ཀྱི་བློས་ཀུན་ནས་བསླངས། ཉིས་སྟོང་བཅོ་ལྔའི་ལོ་སྨད་ནས་བཟུང་། དབུལ་ཁྱིམ་ཐོ་འགོད་དང་དབུལ་རྐྱེན་དབྱེ་ཞིབ་སོགས་ཞིབ་ཚགས་ཀྱི་བྱ་བ་སྣ་མང་སྤེལ་ནས། ཐོན་ལས་རོགས་སྐྱོར་ལག་བསྟར་དང་། 2019ལོར་སྡེ་བའི་དབུལ་ཕོངས་ཁྱིམ་ཚང་ཡོངས་དབུལ་ཐར་འབྱུང་བར་རྨང་གཞི་བརྟན་པོ་བཏིངས།

ཆུ་རྔ་སྡེ་བའི་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་པས་གྲོས་བསྡུར་བྱེད་ཀྱིན་པ།

ཆུ་རྔ་སྡེ་བ་ཡོངས་ལ་དབུལ་ཕོངས་ཁྱིམ་ཚང་གྱ་ལྔ་དང་དབུལ་ཕོངས་མི་གྲངས་ཉིས་བརྒྱ་གྱ་དྲུག་གི་ཡིག་ཚགས་ཞིབ་རྒྱས་བཟོས་པ་དང་ཐོན་ལས་རོགས་སྐྱོར་བདེ་བླག་ངང་ལག་ལེན་དུ་བསྟར། ཁོ་གཉིས་ཀྱི་སྣེ་ཁྲིད་འོག ཆུ་རྔ་སྡེ་བས་དབུལ་ཕོངས་ཁྱིམ་ཚང་རང་གི་འཇོན་ནུས་དང་། འདོད་བློ་ལྟར་ཐོན་ལས་གཉེར་དུ་བཅུག་ནས་དབུལ་ཕོངས་མང་ཚོགས་ལ་རོགས་དངུལ་ལེན་པ་ནས་ཡོང་སྒོ་འཚོལ་བའི་ཐབས་ལམ་ཞིག་གསར་བསྐྲུན་བྱས། དེ་དང་མཉམ་དུ་ཆུ་གློག་ལམ་གསུམ་སོགས་སྡེ་བའི་རྨང་གཞི་འཛུགས་སྐྲུན་དང་ཁང་རྙིང་བསྒྱུར་བཀོད། མཛེས་སྡུག་ཞིང་གྲོང་འཛུགས་སྐྲུན་སོགས་རྣམ་གྲངས་མང་པོ་བརྩོན་ལེན་བྱས་ཏེ་དབུལ་ཕོངས་སྡེ་བའི་རྣམ་པར་འགྱུར་ལྡོག་དང་དབུལ་ཕོངས་ཁྱིམ་ཚང་གི་ཡོང་སྒོ་འཕར་སྣོན་བྱུང་དུ་བཅུག ཡངས་ཤིང་གྲལ་དག་པའི་ཁང་ཁྱིམ་དང་ངོས་སྙོམས་ཤིང་དྲོད་འཛིན་པའི་ཕྱི་གྱང་། གཙང་ཞིང་དག་པའི་སྤྱོད་ཁང་སོགས་སྤུས་ལེགས་པའི་སྡོད་ཁང་གསར་བ་ཕྲེང་བར་བསྟར། ན་ནིང་དབུལ་ཐར་བྱུང་བའི་སྡེ་མི་ནོར་རྒྱལ་གྱིས་གསར་འགོད་པར་བཤད་དོན། ཁོ་ནི་གནད་འཁེལ་དབུལ་སྐྱོར་གྱིས་རོགས་སྐྱོར་དང་དགེ་རྒན་རྣམ་གཉིས་ཀྱི་རོགས་རམ་ལ་བརྟེན་ནས་དབུལ་སྐྱོར་གྱི་རྣམ་གྲངས་མང་པོ་ལོངས་སུ་སྤྱད་པ་དང་། ཁྱིམ་ཚང་གི་ཡོང་སྒོའང་ལྡབ་འགྱུར་གྱིས་ཇེ་མཐོར་སོང་ཡོད་པས། ན་ནིང་རང་སྟེང་ནས་ཡར་ཞུ་བརྒྱབ་སྟེ་དབུལ་ཐར་བྱུང་ཟེར།

དབུར་ཕོངས་ལས་ཐར་བའི་སྡེ་མི་ནོར་རྒྱལ་ཚང་གི་སྡོད་ཁང་གསར་པ།

སྡེ་སྡོད་ལས་བྱེད་པས་ཐོན་ལས་འཕེལ་རྒྱས་ཀྱི་ཐད་ལ་བསམ་གཞིགས་གང་མང་བཏང་བ་བརྒྱུད། ཉིས་སྟོང་བཅུ་དྲུག་ལོར། ཆུ་རྔ་སྡེ་བའི་ཆ་རྐྱེན་དང་འཚམ་པའི་རྒྱུད་བཟང་བོད་ལུག་གསོ་སྤེལ་གྱི་ཐོན་ལས་ཐོག་མར་གཉེར་མགོ་བརྩམས་ལ། ཆུ་རྔ་སྡེ་བའི་རོགས་སྐྱོར་ལས་ཁུངས་མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོས་ལོ་མང་པོར་མ་དངུལ་གྱིས་རོགས་སྐྱོར་བྱས་པར་བརྟེན། ད་ལྟ་རྒྱུད་བཟང་བོད་ལུག་གསོ་སྤེལ་བྱེད་ས་དེ་རུ་མ་མོ་བཞི་བརྒྱ་ཉོས་པ་དང་། ལུག་གི་རྒྱུ་སྤུས་ཧ་ཅང་བཟང་པས། ཉིས་སྟོང་བཅོ་བརྒྱད་ལོར། རྒྱུད་བཟང་བོད་ལུག་གསོ་སྤེལ་ལ་བརྟེན་ནས་ཡོང་སྒོ་རྐྱང་རྐྱང་སྒོར་མོ་འབུམ་གཅིག་བླངས་ཤིང་། དེ་ནི་སྡེ་བ་རང་གིས་ཐོན་ལས་ལ་བརྟེན་ནས་ཐུན་མོང་ཡོང་སྒོ་བཙལ་ཐེངས་དང་པོ་རེད།

ཆུ་རྔ་སྡེ་བའི་ཡུལ་དངོས་གནས་ཚུལ་གྱི་བརྙན་རིས།

ད་ལྟ་ཆུ་རྔ་སྡེ་བའི་དབུལ་ཕོངས་མང་ཚོགས་མི་རེའི་ཆ་སྙོམས་ཡོང་སྒོ་སྒོར་མོ་སྟོང་བཞི་དང་ཉིས་བརྒྱར་འཕར་ཡོད་པ་དང་། དེ་སྔོན་ཆད་དང་བསྡུར་ན་ལྡབ་གཅིག་འཕར་ཡོད་ལ། ཆུ་རྔ་སྡེ་བའི་སྡེ་སྡོད་ཧྲུའུ་ཅི་དང་པོ་རིན་ཆེན་ནོར་བུསཀྲུའུ་ཞི་ཞི་ཅིན་ཕིང་གིསདབུལ་ཐར་བྱེད་ན་དཔལ་འབྱོར་ཁོ་ནའི་སྟེང་དབུལ་ཐར་བྱེད་རྒྱུ་མ་ཡིན་པར་བསམ་བློའི་སྟེང་ནས་དབུལ་ཐར་བྱེད་དུ་འཇུག་དགོསཞེས་པའི་གསུང་བཤད་ཀྱི་དགོངས་དོནལག་བསྟར་ནན་མོ་བྱས་ནས། ཆུ་རྔ་སྡེ་བའི་དབུལ་ཕོངས་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་ལ་ཤུགས་བསྣན་པའི་དུས་མཚུངས་སུ། སྡེ་བའི་མང་ཚོགས་ལ་སློབ་གསོ་བཏང་ནས་བསམ་པའི་སྟེང་ནས་དབུལ་ཐར་བྱེད་པར་འབད་བརྩོན་བྱས་ཞེས་བཤད།  སྡེ་སྡོད་ལས་བྱེད་པ་ཕག་མོ་དོན་འགྲུབ་ཀྱིས་ད་དུང་རྒྱུད་བཟང་བོད་ལུག་གསོ་སྤེལ་གྱི་ཐོན་ལས་མུ་མཐུད་དུ་རྒྱ་བསྐྱེད་དེ་མང་ཚོགས་ཀྱི་ཡོང་སྒོ་སྔར་ལས་ཇེ་མང་དུ་གཏོང་རྒྱུའི་ཐད་ལ་འཆར་འགོད་བཟོ་བཞིན་ཡོད་ཅེས་བཤད།

རྒྱུད་བཟང་བོད་ལུག་གསོ་སྤེལ་གྱི་ཡོང་སྒོ་དབུལ་ཕོངས་མང་ཚོགས་ལ་བགོ་བྱ་བརྒྱབ་པ།

གསར་འགོད་པ་དེ་གར་ཐོན་སྐབས་ནི་ཆུ་རྔ་སྡེ་བའི་དབུལ་སྐྱོར་བྱ་བར་ཞིང་ཆེན་རིམ་པའི་ཞིབ་བཤེར་རྩིས་ལེན་བྱས་མ་ཐག་ཡིན་པ་དང་། དགེ་རྒན་ཆེན་མོ་གཉིས་ཀྱི་བྱ་བར་ཆེད་ལས་མི་སྣའི་ཁས་ལེན་གང་ལེགས་ཐོབ།         མང་ཚོགས་ལ་དོན་དངོས་རེ་བསྒྲུབས་པའི་ལྟག་རྒྱབ་ན་སྡེ་སྡོད་ཧྲུའུ་ཅི་དང་སྡེ་སྡོད་ལས་བྱེད་པས་ཉིན་མཚན་མང་པོར་བཏོན་པའི་རྔུལ་ཆུ་ཡོད་པ་དང་། དབུལ་ཕོངས་མང་ཚོགས་དོན་ངོ་མས་སེམས་སུ་ཉར་ཡོད་པ་ཚོར་ཐུབ་སྟེ། ཁོ་གཉིས་ཁྱིམ་ཚང་རེ་རེའི་སྒོ་ཁར་སོང་ནས་ཁྱིམ་ཚང་དབུལ་བོར་གྱུར་བའི་རྒྱུ་རྐྱེན་ལ་རྟོག་དཔྱོད་བྱས་པ་དང་། ཁྱིམ་ཚང་རེ་རེར་ཕྱུགས་ཅི་ཙམ་ཡོད་པ་དང་། ཡོང་སྒོ་ཅི་འདྲ་ཡིན་པ་སོགས་གསལ་བོར་རྒྱུས་ལོན་བྱས་ཡོད་པར་མ་ཟད། དབུལ་ཕོངས་ཁྱིམ་ཚང་གི་གནས་ཚུལ་བཤད་ན་རང་ཁྱིམ་གྱི་གནས་ཚུལ་འཆད་པ་བཞིན་བྱང་ཆ་ལྡན།  དབུལ་སྐྱོར་བྱ་བའི་ཁྲོད་དགེ་རྒན་གཉིས་ཀྱིས་ཆེད་ལས་ཀྱི་ཡོན་ཏན་ལ་བརྟེན་ནས་སྲིད་ཇུས་སྒྲོག་འགྲེལ་དང་ཡིག་ཚགས་སྒྲིག་བཟོ་བཅས་ཀྱི་ཐད་ནས་ཁྱད་འཕགས་འཇོན་ཐང་ངོམས་པ་དང་། ཁོ་གཉིས་ཀྱི་བཟོས་པའི་ཡིག་ཚགས་སྒྲིག་ལུགས་རེ་འགའ་ད་དུང་གུང་ཧོ་རྫོང་ཡོངས་སུ་ཁྱབ་རྡལ་དུ་བཏང་།

                                             གསར་འགོད་པ། ལྷ་བརྟན། ཕྱུག་ལོ། ཚེ་རིང་སྒྲོལ་མ། སྐལ་བཟང་རྣམ་རྒྱལ།