རྒྱ་སྐོར་རྩྭ་ཐང་ན་འཕྱོ་བའི་ཏང་གི་དར་ཆ།
2019.12.09 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 28

                                         རྒྱ་སྐོར་རྩྭ་ཐང་ན་འཕྱོ་བའི་ཏང་གི་དར་ཆ།

དུས་ཚོད་གསུམ་རིང་གི་ལམ་ཐག་བརྒྱུད་མཐར་ང་ཚོ་དགུན་དུས་གཞི་རིམ་དུ་བསྐྱོད་པའི་བཅར་འདྲི་ཚོགས་པ་གཞི་ནས་གུང་ཧོ་རྫོང་ཆོས་རྗེ་ཞང་རྒྱ་སྐོར་སྡེ་བའི་ཏང་ཡོན་བྱ་འགུལ་ཁང་དུ་ཐོན།

ཉིན་དེར་རྒྱ་སྐོར་སྡེ་བའི་ཏང་ཀྲི་པུའུ་ཡིས་ཏང་ཡོན་གྱི་སློབ་སྦྱོང་བྱ་འགུལ་ཞིག་སྤེལ་བཞིན་ཡོད། གསར་འགོད་པ་ཏང་ཡོན་བྱ་འགུལ་ཁང་གི་ཚོགས་རའི་ནང་འཛུལ་བ་ན། ཏང་ཡོན་ཉི་ཤུ་ལྷག་ཡོད་པ་ཚོས་སྐབས་རེར་མགོ་བོ་ཡར་བཀྱགས་ནས་ནན་ཏན་གྱིས་ཉན་བཞིན་ཡོད་ལ། ལན་རེར་མགོ་སྒུར་ནས་ཟིན་བྲིས་འདེབས་པའི་ཚུལ་ལ་བལྟས་ན་སློབ་ཁྲིད་ལ་གཟབ་ནན་བྱེད་བཞིན་པ་ཤེས་ཐུབ། འཆད་ཁྲིད་སྟེགས་བུའི་སྟེང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་གནམ་བྱམས་ཡག་གིསPPTབཀོལ་ནས“ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་དམ་པོར་བཅངས”ཞེས་པའི་བརྗོད་དོན་སློབ་གསོ་ཐེངས་བདུན་པའི་ནང་དོན་འཆད་ཁྲིད་བྱེད་བཞིན་འདུག

བྱ་འགུལ་ཁང་དེ་ཧ་ཅང་ཆེ་རྒྱུ་མེད་ནའང་། སྐབས་རིམ་བྱོན་གྱི་ཏང་གི་ཚོགས་ཆེན་ངོ་སྤྲོད་དང་། སྡེ་བའི་ཏང་ཀྲི་པུའུ་ཡིས་སྤེལ་བའི་བྱ་འགུལ་སྣ་ཚོགས། མང་ཚོགས་ལ་བསྒྲུབས་པའི་དོན་དངོས། བླངས་པའི་གྲུབ་འབྲས་སོགས་ཀྱི་པར་རིས་མང་པོ་ཞིག་གྲལ་དག་པའི་ངང་སྒྲིག་ཡོད། སློབ་ཐུན་གྲོལ་རྗེས། ཧྲུའུ་ཅི་གནམ་བྱམས་ཡག་གིས་གསར་འགོད་པར་སྡེ་བའི་ཏང་ཡོན་བྱ་འགུལ་ཁང་གི་གཞུང་ལས་ཁང་སོ་སོའི་བྱེད་ནུས་ངོ་སྤྲོད་ཅིག་བྱས་རྗེས། ཏང་ཀྲི་པུའུ་ཡིས་སྡེ་བའི་ཏང་འཛུགས་དང་འཕེལ་རྒྱས། མི་རིགས་མཐུན་སྒྲིལ། དབུལ་སྐྱོར།སློབ་གསོ་སོགས་ཀྱི་ཐད་བཏོན་པའི་ནུས་པ་ངོ་སྤྲོད་བྱས་བྱུང་། རྒྱ་སྐོར་སྡེ་བ་ནི་མཚོ་ལྷོ་ཁུལ་དང་མཚོ་ནུབ་ཁུལ་གཉིས་ཀྱི་འདྲེས་མཚམས་སུ་ཡོད་པས། རྩྭ་ས་རྩོད་གླེང་ཐེངས་མང་བྱུང་བར་མ་ཟད། ཐ་ན་མི་ཤི་རྟ་འགྱེལ་གྱི་དོན་རྐྱེན་ཡང་བྱུང་མྱོང་། གནམ་བྱམས་ཡག་གིས་རང་ཉིད་ཏང་ཡོན་ཞིག་ཡིན་པའི་འགན་འཁྲི་ཕྲག་ཏུ་བླངས་ནས་རྒྱ་སྐོར་སྡེ་བའི་རྩྭ་ཐང་ན་རྩྭ་སའི་རྩོད་གླེང་ཆེ་བའི་མཚོ་ནུབ་ཁུལ་བུའུ་ལན་རྫོང་ཚྭ་ཁ་གྲོང་རྡལ་ན་རིན་སོགས་འདབས་འབྲེལ་སྡེ་བར་སོང་སྟེ་གྲོས་སྡུར་ཐེངས་མང་བྱས་མཐར། 2003ལོ་ནས་བཟུང་ས་མཚམས་ཆུ་མཚམས་བཀར་ཏེ་ས་མཚམས་རྡོ་རིང་བཙུགས་པ་དང་། དེ་ནས་ལོ་རེར་བོད་སོག་སྡེ་བ་གཉིས་ཀྱིས་རེས་བསྐོར་ནས་མཛའ་མཐུན་སྤྲོ་ཚོགས་བསྡུས་ཤིང་། ད་ལྟའི་བར་དུ་མཛའ་མཐུན་སྤྲོ་ཚོགས་ཐེངས་བཅུ་གསུམ་སྤེལ་ལ། མཛའ་མཐུན་སྡེ་བའི་ཡི་གེ་བཀོད་པ་ནས་ལོ་ངོ་མང་པོའི་རིང་ལ་བོད་སོག་སྡེ་བ་གཉིས་ཀྱི་བར་ཁ་རྩོད་ཚིག་རྩོད་གཅིག་ཀྱང་མ་བྱུང་བའི་ཁར། སྡེ་མི་མང་ཆེ་བ་ཞིག་ཤག་པོར་གྱུར་ནས་སོ་སོར་མཚོ་ལྷོ་ཁུལ་དང་མཚོ་ནུབ་ཁུལ་གཉིས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་སྡེ་བར་གྱུར་ཡོད། ཐོན་སྐྱེད་སྣ་གཅིག་ཡིན་པ་དང་རང་བྱུང་ཆ་རྐྱེན་ཞན་པ། ཐོན་ལས་གསུམ་པ་མེད་པ་སོགས་ཀྱིས་ང་ཚོ་སྡེ་བའི་དཔལ་འབྱོར་ཆ་རྐྱེན་ཞན་པ་དང་། དབུལ་ཕོངས་ཁྱིམ་ཚང་ཡང་མང་པོ་ཡོད། ལོ་འདི་དག་ལ་ཏང་གི་དམངས་ཕན་སྲིད་ཇུས་རབས་དང་རིམ་པར་ཐོན་པ་དང་ཁྱད་པར་དུ་གནད་འཁེལ་དབུལ་སྐྱོར་ཐོན་ཏེ་རྣམ་གྲངས་མང་པོ་དངོས་འབེབ་བྱས་པ་དང་བསྟུན་ནས། སྡེ་བའི་ཏང་ཡོན་ཚོའང་དེའི་ཁྲོད་ཞུགས་ཏེ་དབུལ་ཕོངས་ཁྱིམ་ཚང་ལ་རོགས་སྐྱོར་བྱས། རྒྱ་སྐོར་སྡེ་བར་དབུལ་ཕོངས་ཁྱིམ་ཚང་བཞི་བཅུ་ཞེ་དྲུག་ཡོད་པ་དང་། ཏང་ཡོན་ཡང་བཞི་བཅུ་ཞེ་དྲུག་ཡོད། རྒྱ་སྐོར་སྡེ་བས་ཏང་ཀྲི་པུའུ་རྩ་འཛུགས་བྱས་ནས་ཏང་ཡོན་གཅིག་གིས་ཁྱིམ་ཚང་གཅིག་ལ་རོགས་རམ་བྱེད་དུ་བཅུག་པ་དང་། ལོ་མཇུག་གི་ཏང་ཡོན་གྱི་གྲུབ་འབྲས་དེ་དབུལ་ཕོངས་ཁྱིམ་ཚང་ལ་རོགས་རམ་བྱས་པའི་ཚད་གཞི་ལྟར་སྐར་གྲངས་བརྒྱབ་ཅིང་། སྒོར་མོ་གཅིག་གིས་རོགས་རམ་བྱས་ན་སྐར་མ་གཅིག་ལ་བརྩི་བའི་སྲོལ་བཙུགས་ནས་འགྲན་སྡུར་སྤེལ། ཏང་ཡོན་ལ་ལས་སྒོར་མོ་ཁྲི་གསུམ་ལྷག་བཀོལ་ནས་དབུལ་ཕོངས་ཁྱིམ་ཚང་ལ་ཅ་ལག་ཉོ་བ་དང་། དྲོད་ཁང་སོགས་ལས་ནས་དབུལ་ཕོངས་ལས་ཐར་བར་རོགས་རམ་བྱེད་གང་ཐུབ་བྱས་པ་དང་། སྐར་གྲངས་མཐོ་བའི་ཏང་ཡོན་ལ་ལོ་མཇུག་གཟེངས་བསྟོད་དང་། རོགས་སྐྱོར་མི་བྱེད་མཁན་གྱི་ཏང་ཡོན་ལ་སྐྱོན་བརྗོད་བྱས་ཏེ། ཏང་ཡོན་རྣམས་ལ་ཡོད་ཚད་མང་ཚོགས་བསམ་དགོས་པའི་སློབ་གསོ་བཏང་།

རྒྱ་སྐོར་སྡེ་བར་སྔོན་ཆད་སློབ་གྲྭ་ཆེན་མོ་བ་གཅིག་ཀྱང་མེད་པ་དང་། ཏང་ཀྲི་པུའུ་ཡིས་ཐོག་མར་བྱིས་གཉོར་ཁང་དུ་འགྲོ་མཁན་ལ་སྒོར་མོ་ལྔ་བཅུ་དང་། བྱ་དགའི་རྟགས་མ་བྱིན་པ་དང་། སློབ་འབྲིང་དུ་འགྲོ་མཁན་ལ་སྒོར་མོ་ལྔ་བརྒྱ། སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད་མཁན་ལ་སྒོར་མོ་སྟོང་གཉིས་ཀྱིས་བྱ་དགའ་སྟེར་བ་སོགས་ཀྱི་ཐབས་ལམ་ལ་བརྟེན་ནས། ཉིས་སྟོང་བཅོ་བརྒྱད་ལོར་ཐོན་དུས་རྒྱ་སྐོར་སྡེ་བར་སློབ་ཆུང་སློབ་མ་སུམ་ཅུ་ཡོད་པ་དང་། སློབ་མ་བཅུ་དྲུག་གིས་ལོ་དེར་སློབ་གྲྭ་ཆེན་མོ་བར་རྒྱུགས་འཕྲོད་པས། སློབ་གསོའི་ཐད་ནས་རྒྱ་སྐོར་སྡེ་བ་ཉིན་རེ་ནས་ཉིན་རེར་འཕེལ་རྒྱས་འགྲོ་བཞིན་ཡོད་ཀྱང་། སྡེ་བ་རང་ན་སློབ་གྲྭ་མེད་པའི་དབང་གིས་སློབ་མ་ས་གཞན་དུ་སོང་ནས་སློབ་གྲྭར་བསྐྱལ་ན་མི་ཤུགས་དང་རྒྱུ་ཤུགས་མང་པོ་ཞིག་འཕྲོ་བརླག་གཏོང་དགོས་པས། རྒྱ་སྐོར་སྡེ་བའི་ཧྲུའུ་ཅི་གནམ་བྱམས་ཡག་གིས་མང་ཚོགས་ཀྱི་ཚབ་བྱས་ནས་མཚོ་ལྷོ་ཁུལ་སློབ་གསོ་སྡེ་ཁག་ལ་ཡར་ཞུ་གང་མང་བྱས་པ་བརྒྱུད། ད་ལྟ་སྡེ་བའི་ནང་སློབ་གྲྭ་ཞིག་ཀྱང་གསར་དུ་འཛུགས་ཐུབ་པ་བྱུང་བས། རྒྱ་སྐོར་སྡེ་བའི་མ་འོངས་པའི་སློབ་གསོའི་མདུན་ལྗོངས་ཤིན་ཏུ་ལེགས་པོ་ཡོང་བར་གདོན་མི་ཟ་ལ། དེ་ནི་སྡེ་བའི་ཏང་ཡོན་གྱིས་སྟོབས་ཤུགས་ལས་བྱུང་བ་ཞིག་ལགས།

རྒྱ་སྐོར་སྡེ་བར་ད་དུང་གནད་དོན་ཆེན་པོ་ཞིག་ཡོད་པ་དེ་ནི་ཁྱིམ་ཚང་ལ་ལའི་རྩྭ་ས་ཤིན་ཏུ་ཆེ་བ་དང་། ཁྱིམ་ཚང་ལ་ལའི་རྩྭ་ས་ཤིན་ཏུ་ཆུང་བ་དེ་རེད། རྩྭ་ས་ཆ་སྙོམས་ཀྱིས་བགོ་རྒྱུ་དེ་ནི་སྡེ་བ་འདིའི་ཀྲི་པུའུ་ཧྲུའུ་ཅི་དང་སྡེ་དཔོན་སོགས་མགོ་ན་བའི་དོན་དག་ཅིག་ཡིན། ཏང་ཀྲི་པུའུ་ཧྲུའུ་ཅི་གནམ་བྱམས་ཡག་གིས་ཁོ་རང་ཐེངས་གཉིས་ལ་ཅིན་ཀང་རི་བོར་སློབ་སྦྱོང་དུ་སོང་བའི་ཉམས་མྱོང་དང་འབྲེལ་ཏེ།“ཅིན་ཀང་རི་བོའི་སྙིང་སྟོབས”ཏང་ཡོན་ཁྲོད་དྲིལ་སྒྲོག་བྱས་ནས། ངོས་ཟིན་ཐོབ་པའི་ཏང་ཡོན་གྱིས་མིང་རྟགས་བཀོད་དེ་སྔོན་ལ་སྒོར་བུད་པ་དང་། ངོས་ཟིན་ཐོབ་མེད་པའི་ཏང་ཡོན་ལ་སྐྱོན་བརྗོད་སོགས་བྱས་ནས་ཚོགས་འདུ་ཐེངས་དྲུག་ཅུ་བདུན་ཅུར་ཉེ་བ་བསྡུས་པའི་མཐའ་མར་མང་ཚོགས་ཚང་མ་རྩྭ་ས་འདྲ་མཉམ་གྱིས་བགོ་རྒྱུར་འཐད་པ་བྱུང་བ་དང་། རྩྭ་ས་ཚད་འཇལ་གྱི་བྱ་བ་དེ་ཉིས་སྟོང་བཅོ་བརྒྱད་ལོ་ནས་མགོ་བརྩམས་པ་དང་། ཉིས་སྟོང་ཉི་ཤུ་ལོའི་ཟླ་བཞི་བའི་ནང་མང་ཚོགས་ཀྱི་ལག་ཏུ་དངོས་སུ་ཐོན་ཐུབ་རྒྱུ་རེད།

རྒྱ་སྐོར་སྡེ་བའི་སྡེ་དཔོན་གཡང་ཕྱུག་ཡང་ཞང་དང་རྫོང་། ཁུལ་རིམ་པའི་ཏང་ཡོན་གྱི་བརྗོད་དོན་སློབ་གསོའི་བྱ་འགུལ་རབས་དང་རིམ་པར་ཞུགས་རྗེས། ངོས་ཟིན་ཟབ་མོ་ཐོབ་པ་སྟེ། ནམ་ཡང་གུང་ཁྲན་ཏང་ལ་བློ་དཀར་ནས་མང་ཚོགས་ལ་ཞབས་ཞུ་སྒྲུབ་པ་དང་། མང་ཚོགས་ལ་བདེ་སྐྱིད་ཀྱི་འཚོ་བ་བསྐྲུན་པ། མང་ཚོགས་ལ་ཕན་པའི་བྱ་བ་སྒྲུབ་པར་རང་ནུས་ཡོད་ཚད་འདོན་རྒྱུའི་ངེས་ཤེས་སྐྱེས་བྱུང་ཟེར།

རྒྱ་སྐོར་སྡེ་བའི་སྡེ་དཔོན་གཡང་ཕྱུག་ཚེ་རིང་ལ་བཅར་འདྲི་བྱེད་བཞིན་པ།

ཀྲུའུ་ཞི་ཞི་ཅིན་ཕིང་གིས“ནམ་ཡིན་ཡང་མི་དམངས་དཀྱིལ་སྙིང་དུ་འཛིན་དགོས”ཞེས་གསུངས་པ་བཞིན། རྒྱ་སྐོར་སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དཔོན་སོགས་ཀྱིས་གྲོས་བྱས་ནས་སྡེ་བའི་ལོ་བདུན་ཅུ་ཡན་གྱི་རྒན་པར་ཕྱེ་དང་སྒོར་མོ་སྦྱིན་པ་དང་། འགྲོ་འདུག་མི་བདེ་བའི་རྒན་པར་ཕྱེ་དང་སྒོར་མོ་ཁྱིམ་ཚང་དུ་བསྐྱལ། ད་དུང་ཏང་ཡོན་རྩ་འཛུགས་བྱས་ནས་ནད་པ་ཡོད་པའི་ཁྱིམ་ཚང་ལ་འཚམས་འདྲི་བྱས་པར་མ་ཟད། སྡེ་བའི་ནང་ཡོད་པའི་བཅིངས་གྲོལ་གཏོང་སྐབས་བྱ་བར་ཞུགས་པའི་རྒན་པ་རྣམས་ལ་འཚམས་འདྲི་བྱེད་བཞིན་ཡོད་པ་དང་དེའི་ཁར་འཚོ་བའི་ཁ་གསབ་ཀྱང་སྟེར་གྱིན་ཡོད།

དེ་དག་ནི་རྒྱ་སྐོར་སྡེ་བའི་ཏང་ཡོན་གྱིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་པའི་བརྗོད་དོན་སློབ་གསོ་སྤེལ་བའི་ལག་ལེན་གྱི་བསྡུས་གཟུགས་ཤིག་རེད།

རྒྱ་སྐོར་སྡེ་བའི་ཏང་ཡོན་རྒན་པ་ལྷ་དཔལ་སྐྱབས་ལ་བཅར་འདྲི་བྱེད་བཞིན་པ།

སྡེ་བ་ཞིག་ཁྱོན་ཡོངས་ནས་དབུལ་ཐར་བྱེད་ན་སྡེ་བ་རང་གི་ཁྱད་ཆོས་ལྡན་པའི་ཐོན་ལས་ཞིག་ངེས་པར་དུ་དགོས། རྒྱ་སྐོར་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་གཙོ་བྱས་པའི་ཏང་ཡོན་རྣམས་ཀྱིས་ས་གནས་རང་གི་ལུག་རྒྱུད་བཟང་པོའི་ཐོན་ཁུངས་ལ་བརྟེན་ནས། རྒྱ་སྐོར་སྡེ་བའི་ལུག་ཤ་ཐོན་རྫས་སུ་བསྒྱུར་ཏེ། མཚོ་སྔོན་གྱི་ཐོན་རྫས་གྲས་སུ་འཇོག་ཐུབ་པ་བྱུང་བ་དང་། རྒྱལ་ལམ109རྒྱ་སྐོར་སྡེ་བ་ནས་བརྒྱུད་པ་དང་ཚྭ་མཚོ་གནས་སྐོར་འཕེལ་རྒྱས་སོང་བར་བསྟུན་ནས་རྒྱ་སྐོར་སྡེ་བས་རྒྱལ་ལམ109འགྲམ་དུ་ཚོང་ལས་སུ་བཀོལ་བའི་ཁང་བ་ལས་པ་དང་། ད་ལོ་ནས་ཕན་ཁེ་བསྐྲུན་པས་རྗེས་ཕྱོགས་སྡེ་བའི་དབུལ་ཕོངས་ཁྱིམ་ཚང་ལ་གཏན་འཇགས་ཀྱིས་རོགས་སྐྱོར་བྱེད་ཐུབ།

ཧྲུའུ་ཅི་གནམ་བྱམས་ཡག་གིས་བཤད་རྒྱུར། གྲུབ་འབྲས་དེ་དག་ནི་ང་ཚོ་ཏང་ཀྲི་པུའུ་དང་ཏང་ཡོན་གྱི་ནུས་པ་བཏོན་པས་ཡིན་ཟེར།

འཚོ་བ་ད་དུང་མུ་མཐུད་དུ་རོལ་དགོས། ཡངས་པའི་རྩྭ་ཐང་གི་གཞི་འདི་ན་ཏང་ནང་དུ་ཞུགས་མཁན་གྱི་མང་ཚོགས་སྔར་ལས་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། ཁོ་ཚོ་ནི་རྒྱ་སྐོར་རྩྭ་ཐང་ན་ལྷབ་ལྷུབ་དུ་སྐྱོད་པའི་དར་ཆ་ཡུག་གཅིག་རེད།

                                                          གསར་འགོད་པ། ལྷ་བརྟན། ཕྱུག་ལོ། ཚེ་རིང་སྒྲོལ་མ། སྐལ་བཟང་རྣམ་རྒྱལ།