ཐོན་ལས་ཀྱི་རྟ་བོར་བཅིབས་པའི་བུམ་པ་སྡེ་བ།
2019.12.10 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 16

མཚོ་སྔོན་པོའི་ལྷོ་རྒྱུད་དུ་ཆགས་པའི་རྟ་ནག་མ་གྲོང་རྡལ་བུམ་པ་སྡེ་བ་ནི་འབྲོག་ལས་རྐྱང་རྐྱང་གཉེར་བའི་སྡེ་བ་ཞིག་ཡིན་པ་དང་། སྡེ་བ་ཡོངས་ལ་ཁྱིམ་ཚང་ལྔ་བརྒྱ་སུམ་ཅུ་དང་། མི་སྟོང་གཅིག་དང་དྲུག་བརྒྱ་བདུན་ཅུ་ཡོད་ལ། དེའི་ནང་ཁྱིམ་ཚང་གི་ཡིག་ཚགས་བཙུགས་པ་དང་བྱང་བུ་བཟོས་ཡོད་པའི་དབུལ་ཁྱིམ་བརྒྱ་དང་། མི་གྲངས་ཉིས་བརྒྱ་གོ་གཉིས་ཡོད། རྟ་ནག་མ་གྲོང་རྡལ་ནས་བུམ་པ་སྡེ་བ་ནི་དབུལ་སྡེ་གྲས་སུ་བཞག་ཡོད་ནའང་། མཚོ་སྔོན་པོའི་ཉེ་འགྲམ་དུ་ཆགས་ཡོད་པས། གནས་སྐོར་གྱི་ཐོན་ཁུངས་ཕུན་སུམ་ཚོགས་པ་ལྡན།

མཚོ་སྔོན་པོའི་འགྲམ་རྒྱུད་ཀྱི་བུམ་པ་སྡེ་བའི་རྩྭ་ཐང་།

གནད་འཁེལ་དབུལ་སྐྱོར་བྱ་བ་སྤེལ་བ་ནས་བཟུང་། གུང་ཧོ་རྫོང་དང་རྟ་ནག་མ་གྲོང་རྡལ་གཉིས་ཀྱིས་བུམ་པ་སྡེ་བའི་གནས་ཚུལ་ལ་གཞིགས་ཏེ། མ་དངུལ་སྒོར་མོ་ས་ཡ་དགུ་དང་འབུམ་གཉིས་ཁྲི་གསུམ་ལྷག་བཏང་ནས། སུམ་ཐོག་ཅན་གྱི་འབྲོག་ཡུལ་བུམ་པའི་དམངས་སྲོལ་མགྲོན་ཁང་ཞིག་ལས་པ་དང་། གསོལ་མགྲོན་ཁང་དེའི་ནང་ཁང་བ་གྱན་ལྔ་བཅུ་ང་བཞི་དང་། ཟ་ཁང་གྱན་བཞི། ཞབས་ཞུ་བ་འདུག་སའི་ཁང་བ་གྱན་བཞི་སྟེ། བསྡོམས་པས་ཁང་བ་གྱན་དྲུག་ཅུ་རེ་བཞི་ཡོད་ཅིང་། ད་ལོའི་ཟླ་ལྔ་བ་ནས་མཚོ་སྔོན་གཡང་དཀར་ཚོང་ལས་ཉོ་ཚོང་ཚད་ཡོད་ཀུང་ཟི་དང་འགན་གཙང་ལེན་བྱེད་པའི་གན་རྒྱ་བཞག་སྟེ། བོད་རང་གི་ཁྱད་ཆོས་ལྡན་པའི་མཛེས་སྤྲས་བྱེད་དུ་བཅུག་པ་དང་། ད་ལོའི་ཟླ་བརྒྱད་པའི་ནང་མགྲོན་ཁང་གི་སྒོ་དངོས་སུ་ཕྱེས།

བུམ་པ་སྡེ་བའི་གསོལ་མགྲོན་ཁང་།

མགྲོན་ཁང་གི་གན་རྒྱ་བཞག་པའི་དུས་ཡུན་ནི་ལོ་དྲུག་ཡིན་པ་དང་། ལོ་དང་པོ་དང་གཉིས་པར་ལོ་རེར་སྒོར་མོ་འབུམ་གསུམ་རེ་དང་། ལོ་གསུམ་པ་ནས་ལོ་རེར་སྒོར་མོ་འབུམ་གསུམ་དང་ཁྲི་ལྔ་བྱས་ཏེ། ལོ་དྲུག་གི་རིང་ལ་སྒོར་མོ་ས་ཡ་གཉིས་སྟེར་རྒྱུའི་གྲོས་མཐུན་བཞག གསོལ་མགྲོན་ཁང་དེ་ལས་པས་མང་ཚོགས་ལ་སྒོ་ཁ་ནས་ཡོང་སྒོ་བཙལ་ས་ཡོད་པར་གྱུར་བ་དང་། ད་ལོར་བུམ་པ་སྡེ་བའི་དབུལ་ཕོངས་ཁྱིམ་ཚང་གི་མི་དྲུག་གསོལ་མགྲོན་ཁང་དུ་ཞབས་ཞུ་བར་བཀོད་སྒྲིག་བྱས་པ་དང་། ཁོ་ཚོར་ཟླ་རེར་སྒོར་མོ་སྟོང་གསུམ་གྱི་ཟླ་ཕོགས་བྱིན་ནས་ཁྱིམ་ཚང་གི་འཚོ་བའི་ཁ་སྣོན་བྱེད་བཞིན་ཡོད། གསོལ་མགྲོན་ཁང་དང་མཚོ་སྔོན་པོའི་བར་དུ་སྤྱི་ལེ་གསུམ་མ་གཏོགས་མེད་པས། མགྲོན་ཁང་གི་སུམ་ཐོག་ནས་མཚོ་སྔོན་པོའི་མཛེས་ལྗོངས་ལ་རོལ་མྱོང་ཡང་བྱེད་ཐུབ་ལ། དེ་ནི་གནས་སྐོར་བར་མཚོན་ན་གནས་སྐོར་བྱེད་སའི་གནས་མཆོག་ཅིག་རེད།

བུམ་པ་སྡེ་བས་དབུལ་ཕོངས་ཁྱིམ་ཚང་གི་མི་རྣམས་ལ་ཟ་མ་གཡོས་སྦྱོར་བྱེད་པ་དང་། ཚ་ལ་བྱེད་པ་སོགས་ཀྱི་ལག་རྩལ་གསོ་སྦྱོང་བྱསས་ལས་ཀ་གཉེར་བ་དང་། མཚོ་སྔོན་པོའི་མཐའ་འཁོར་དུ་སོང་ནས་གནས་སྐོར་བར་རྟ་དང་གཡག་སོགས་ལ་ཞོན་པའི་ཞ་ནས་ལག་རྟགས་ལེན་དུ་བཅུག་པར་མ་ཟད། མང་ཚོགས་རྣམས་ཀྱང་ཉིན་རྒྱུན་ཁོམ་ནས་མི་འདུག་པར་སྒོ་ཕྱི་ལ་སོང་སྟེ་ལག་རྩལ་ལ་བརྟེན་ནབས་ཞུ་འདོན་སྤྲོད་བྱས་ནས་ཡོང་སྒོ་བཙལ་བཞིན་ཡོད། ད་དུང་རང་སྡེ་བའི་ཞོ་དང་། འོ་མ། མར། ཆུར་བ། སྨན་རྩྭ་སོགས་གསོལ་མགྲོན་ཁང་དུ་བཞག་ནས་ཕྱིར་འཚོང་བྱེད་བཞིན་ཡོད་པས། ས་གནས་མང་ཚོགས་ཀྱི་ཡོང་སྒོ་ལོ་རེར་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་འདུག

དབུལ་ཁྱིམ་ལ་གསར་དུ་ལས་པའི་སྡོད་ཁང་གི་ཕྱིའི་བཀོད་པ།

ཉིས་སྟོང་བཅོ་བརྒྱད་ལོར། གོང་རིམ་གྱི་བཀོད་སྒྲིག་ལྟར་ཅང་སུའུ་ཞིང་ཆེན་གྱིས་བུམ་པ་སྡེ་བའི་དབུལ་ཁྱིམ་ལ་སྡོད་ཁང་ལས་རོགས་བྱས་པ་དང་། ཁྱིམ་ཚང་གཅིག་ལ་སྒོར་མོ་ཁྲི་དྲུག་གི་ཚད་གཞི་ལྟར་སྡོད་ཁང་ལས་ཏེ། དབུལ་ཁྱིམ་བདུན་ཅུ་ལ་སྡོད་ཁང་བཀོད་སྒྲིག་བྱས་པ་དང་། སྡོད་ཁང་གི་ཆེ་ཆུང་ལ་མུས་གྲུ་བཞི་མ་དྲུག་ཅུ་ཡོད་པ་རེད། གསར་འགོད་པ་དབུལ་ཁྱིམ་དཔལ་མོ་རྒྱལ་ཚང་གི་འདུག་སར་སླེབས་པ་ན། ཨ་ཡེ་རྒན་མོ་ཁྱམས་ར་ན་ཉི་མར་ལྡེ་འདུག ཁང་བ་འདིར་ཉལ་ཁང་གཉིས་དང་འགྲུལ་ཁང་གཅིག་ཡོད་ལ། ཤེལ་ལེབ་ཀྱིས་བཀབ་པའི་ཁྱམས་ར་རིང་པོ་ཞིག་ཀྱང་འདུག ཁོ་མོས་མོ་རང་ད་ལོ་ལོ་བརྒྱད་ཅུ་ཡིན་པ་དང་། སྡོད་ཁང་འདི་ཕུབ་པར་རང་སྟེང་ནས་སྒོར་མོ་སྐར་མ་གཅིག་ཀྱང་ཕུད་མེད་ལ། དགུན་ཁར་ཁང་བ་འདིའི་ནང་བསྡད་ན་ཤིན་ཏུ་དྲོ་བས། མི་ཚེ་གང་བོར་ཁང་བ་འདི་འདྲའི་སྐྱིད་པོ་ཞིག་ཏུ་བསྡད་མ་མྱོང་། རྒྱལ་ཁབ་ཀྱི་བཀའ་དྲིན་ངོ་མ་བརྗེད་ཐབས་མེད་ཅེས་མིག་ཆུ་འབྱིད་བཞིན་དེ་སྐད་བཤད། ཉིས་སྟོང་བཅུ་དགུ་ལོར། གོང་རིམ་ནས་ཡང་བསྐྱར་རོགས་སྐྱོར་མ་དངུལ་བཏང་སྟེ། ཁྱིམ་ཚང་ཉི་ཤུ་རྩ་བཞིར་སྒོར་མོ་ཁྲི་དྲུག་གི་རིན་པ་ལྟར་སྡོད་ཁང་ལས་པ་དང་། ད་ལྟ་སྡོད་ཁང་བརྒྱ་ཆའི་བརྒྱ་བོ་དབུལ་ཕོངས་ཁྱིམ་ཚང་ལ་བཀོད་སྒྲིག་བྱས་ཚར་བར་མ་ཟད། སྡེ་བར་འཐེན་པའི་ཆུ་གློག་ལམ་གསུམ་སོགས་ཀྱང་ལེགས་འགྲུབ་བྱུང་ཡོད།

ཉིས་སྟོང་བཅོ་བརྒྱད་ལོར། རྒྱལ་ཁབ་ཀྱིས་དབུལ་ཕོངས་སྡེ་བ་སོ་སོར་ཐོན་ལས་དབུལ་སྐྱོར་མ་དངུལ་བཏང་བ་དང་།བུམ་པ་སྡེ་བའི་དབུལ་ཕོངས་ཁྱིམ་ཚང་གི་མི་རེ་ལའང་ཁྱིམ་ཐོན་མ་དངུལ་སྒོར་མོ་སྟོང་དྲུག་དང་བཞི་བརྒྱ་རེ་ཡོད། བུམ་པ་སྡེ་བས་མ་དངུལ་དེ་དག་མ་རྐང་དུ་བཞག་སྟེ་ཐོན་ལས་སྤེལ་བ་དང་། ཡོང་སྒོ་རྣམས་སྡེ་བའི་དབུལ་ཕོངས་ཁྱིམ་ཚང་ལ་བགོས། ཉིས་སྟོང་བཅོ་བརྒྱད་ལོར། དབུལ་ཕོངས་ཁྱིམ་ཚང་གི་མི་རེར་སྒོར་མོ་དྲུག་བརྒྱ་དང་བཞི་བཅུ་རེ་བགོས་པ་དང་། ཉིས་སྟོང་བཅུ་དགུ་ལོའི་ལོ་སྟོད་ལ་མི་རེར་སྒོར་མོ་སུམ་བརྒྱ་དང་ཉི་ཤུ་བགོས་ཤིང་། ལོ་སྨད་ཀྱི་སྒོར་མོས་མ་མོ་སྟོང་གཅིག་དང་ཉིས་བརྒྱ་གོ་དགུ་ཉོས་ནས་དབུལ་ཕོངས་ཁྱིམ་ཚང་རེ་རེར་བགོས་པ་དང་། མི་རེར་ཆ་སྙོམས་ཀྱིས་ལུག་ལྔ་རེ་བགོས།

བུམ་པ་སྡེ་བའི་སྡེ་དཔོན་སྟག་ཕྱུག་རྒྱལ་གྱིས་བཤད་རྒྱུར། ང་ཚོ་སྡེ་བ་དབུལ་ཕོངས་སྡེ་བ་ཞིག་ཡིན་པས། གོང་རིམ་གྱིས་རོགས་སྐྱོར་སྒོར་མོ་མང་པོ་བཏང་ནས་དབུལ་སྐྱོར་བྱེད་བཞིན་ཡོད་ཀྱང་། དབུལ་ཁྱིམ་ཡོད་ཚད་ལ་འདྲ་མཉམ་གྱིས་རོགས་རམ་བྱེད་རྒྱུ་ནི་ཤིན་ཏུ་དཀའ་བས།ང་ཚོས་སྡེ་བ་རང་གི་ཞོ་དང་། འོ་མ། མར། ཆུར་བ། ཤ་མོ་སོགས་བཙོང་ནས་ཁྱིམ་ཚང་གི་ཡོང་སྒོ་འཕར་སྣོན་གཏོང་བཞིན་ཡོད་པ་མ་ཟད། བུམ་པ་སྡེ་བ་ནི་ལྷིང་འཇགས་ཀྱི་གནས་སུ་ཡོད་པས། ས་གནས་རང་གི་མང་ཚོགས་ཀྱིས་གླུ་གར་འཁྲབ་སྦྱོང་བྱས་ནས། རྗེས་ཕྱོགས་གནས་སྐོར་བ་མང་པོ་ཡོང་བའི་སྐབས་སུ་གནས་སྐོར་བར་རིག་རྩལ་ལེ་ཚན་འཁྲབ་སྟོན་བྱེད་པའི་དུས་མཚུངས་སུ་ད་དུང་གནས་སྐོར་ཐོན་རྫས་མང་པོ་ཕྱིར་འཚོང་བྱས་ནས་མང་ཚོགས་ཀྱི་ཡོང་སྒོ་ཇེ་མཐོར་གཏོང་རྒྱུ་ཡིན་ཟེར།

ཚེ་བརྟན་རྒྱལ་ནི་དབུལ་ཕོངས་ཁྱིམ་ཚང་གི་ཡིན་པ་དང་། ཁོ་རང་ས་བརྐོ་ལག་རིང་བསྐོར་བ་དང་། ཚ་ལ་བྱེད་པའི་གསོ་སྦྱོང་ལ་ཞུགས་ནས་ལག་རྟགས་བླངས་ཡོད་ལ། ལག་རྟགས་ཡོད་ན་ཞོར་ལས་རྙེད་པས། ཡོང་སྒོ་ལེན་ཐུབ་པ་དང་། ཁོས་ད་ལྟ་ཁོ་ཚང་གི་མི་རེའི་ལོ་རེའི་ཆ་སྙོམས་ཡོང་སྒོ་སྒོར་མོ་སྟོང་བརྒྱད་ལ་སླེབས་ཟེར།

བུམ་པ་སྡེ་བའི་དབུལ་ཕོངས་ཁྱིམ་མི་ཚེ་བརྟན་རྒྱལ།

བུམ་པ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་དོན་འགྲུབ་ཚེ་རིང་གིས་ད་ལོ་ནས་བུམ་པ་སྡེ་བས་མ་རྐང་མཉམ་ལས་ཁང་ཞིག་ལས་མགོ་བརྩམས་པ་དང་། མ་རྐང་མཉམ་ལས་ཁང་དེ་འགྲུབ་རྗེས་སྡེ་བའི་མང་ཚོགས་རྣམས་ཡང་བསྐྱར་ཚོང་ལས་ལ་ཁ་ཕྱོགས་རྒྱུའི་འཆར་གཞི་ཞིག་བཟོ་བཞིན་ཡོད་ཟེར། དབུལ་ཕོངས་ཁྱིམ་ཚང་གི་ཡོང་སྒོ་འཕར་བ་དང་། དབུལ་བོའི་གདོང་ལ་འཛུམ་གྱིས་ཁེངས་འདུག ད་ལྟའི་བུམ་པ་སྡེ་བ་ནི་ཁྲི་ཤོར་རྒྱལ་མོའི་འགྲམ་གྱི་མེ་ཏོག་རྐང་གཅིག་དང་འདྲ་བར་མཚར་སྡུག་གི་འདབ་མ་འཛུམ་གྱིས་གྲོལ་ཞིང་། ད་ལྟའི་བུམ་པ་སྡེ་བ་ནི་རྟ་མཆོག་ལ་བཅིབས་པའི་སྐྱ་མི་ཞིག་དང་འདྲ་བར་ཐོན་ལས་ཕྱུག་འགྱུར་གྱི་བྱང་ལམ་ན་བང་གིས་རྒྱུག་བཞིན་འདུག

                                                           གསར་འགོད་པ། ལྷ་བརྟན། ཕྱུག་ལོ། ཚེ་རིང་སྒྲོལ་མ། སྐལ་བཟང་རྣམ་རྒྱལ།