རྒྱལ་ཡོངས་ན་མཚན་སྙན་གྱི་གྲགས་པ་འབར་པའི་བེ་སང་སྒྲོག་བཤད་ཚོགས་པའི་གནས་ཚུལ།
2019.12.19 ཁུངས། ཀློག་གྲངས། 16

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཞིན་ཧེ་རྫོང་ན་ཏང་གི་སྲིད་ཇུས་སྒྲོག་འགྲེལ་བྱེད་པའི་རུ་ཁག་ཅིག་ཡོད་ལ།རུ་ཁག་དེས་རང་གི་ནུས་ཤུགས་ལ་བརྟེན་ནས་མང་ཚོགས་ཀྱི་ཁྲོད་དུ་ཏང་གི་བྱེད་ཐབས་དང་སྲིད་ཇུས་སྣ་ཚོགས་དྲིལ་སྒྲོག་བྱས་ནས་མང་ཚོགས་ཀྱི་དགའ་བསུ་ཚད་མེད་འཐོབ་ཡོད་པ་མ་ཟད།ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་ཉིས་སྟོང་བཅུ་དགུ་ལོའི་གཞི་རིམ་གཞུང་ལུགས་སྒྲོག་བཤད་སྔོན་ཐོན་ཐུན་མོང་གི་མཚན་སྙན་ཐོབ།རུ་ཁག་དེའི་མིང་ལ་བེ་སང་སྒྲོག་བཤད་ཚོགས་པ་ཟེར།

བཅར་འདྲི་ཚོགས་པ་དཔལ་ཁ་གྲོང་རྡལ་དུ་ཐོན་དུས།བེ་སང་སྒྲོག་བཤད་ཚོགས་པས་དཔལ་ཁ་གཞིས་ཁུལ་གྱི་ལས་བྱེད་དང་མང་ཚོགས་རྣམས་ལ་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་པའི་བརྗོད་དོན་སློབ་གསོའི་སྒྲོག་བཤད་བྱ་འགུལ་སྤེལ་བཞིན་འདུག བེ་སང་སྒྲོག་བཤད་ཚོགས་པས་དཔལ་ཁ་གྲོང་རྡལ་དུ་འཆད་ཁྲིད་བྱེད་བཞིན་པ། ཉེ་སྔོན་སྐད་འཕྲིན་གྱི་སྒང་ན་དགོད་བྲོ་བརྙན་ཐུང་ཞིག་གི་ནང་དུ་“ཞང་གཙོ་ལགས།ངེད་ཚང་ཁྱོད་ཀྱིས་གཞེས་ནིང་མ་མཐའི་འཚོ་བའི་འགན་སྲུང་ནང་དུ་མ་བཞག་ནི་རེད།ན་ནིང་གནད་འཁེལ་དབུལ་སྐྱོར་ནང་དུའང་མ་བཞག་ནི་རེད།ད་ལོའི་ནག་འཇོམས་ངན་སེལ་གྱི་ནང་དུ་ངེས་པར་དུ་འཇོག་དགོས།”ཞེས་བཤད་ཀྱིན་པ་ལྟར།དམངས་ཀྱིས་སྲིད་ཇུས་མ་གོ་ན་མ་རྟོགས་ལོག་རྟོག་གི་ཆ་རུ་འགྲོ་བའི་གནས་ཚུལ་འབྱུང་ངེས་པ་ནི་རྒྱུན་ལྡན་རེད།གནས་ཚུལ་དེ་ལྟ་བུ་ལ་དམིགས་ནས་ཞིན་ཧེ་རྫོང་གིས་རྫོང་ཏང་ཨུ་དང་སྲིད་གཞུང་གི་བཀོད་སྒྲིག་ལྟར་བེ་སང་སྒྲོག་བཤད་ཚོགས་པ་ཞེས་པའི་སྲིད་ཇུས་སྒྲོག་འགྲེལ་གྱི་རུ་ཁག་ཅིག་བཙུགས་ཤིང་།རུ་ཁག་དེར་སྐད་གཉིས་ལ་བྱང་ཆ་ལྡན་ཞིང་སྲིད་ཇུས་ཀྱི་གོ་དོན་རྟོགས་པའི་མི་སྣ་རྩ་འཛུགས་བྱས་ཏེ།མང་ཚོགས་ཀྱིས་གོ་བདེ་ཞིང་སྲིད་ཇུས་ཀྱི་དོན་སྟོན་ནུས་པའི་འཆད་ཐབས་དམིགས་བསལ་པ་ལ་བརྟེན་ནས་སྒྲོག་འགྲེལ་གྱི་ལས་ཀ་གཉེར་པ་རེད།
བེ་སང་སྒྲོག་བཤད་ཚོགས་པ་འདི་ལ་རྒྱལ་ཡོངས་སུ་དགའ་བསུ་དང་གཟེངས་བསྟོད་ཐོབ་པ་ནི་མང་ཚོགས་ལ་སྲིད་ཇུས་སྒྲོག་བཤད་བྱས་པའི་རྔུལ་ཆུའི་གྲུབ་འབྲས་རེད་ལ།མང་ཚོགས་ལ་ཁ་གསལ་གོ་བདེ་ཡི་ངང་ནས་སྒྲོག་འགྲེལ་གྱི་ནང་དོན་གོ་རུ་བཅུག་པ་ནི་གཙོ་བོ་རྩ་འཛུགས་དེའི་དགེ་རྒན་གྱི་དཔུང་སྡེའི་འཆད་ཐབས་ལ་རག་ལས་པ་རེད།ཞིན་ཧེ་རྫོང་ཨུའི་ཏང་གི་སློབ་གྲྭའི་སློབ་གཙོ་གཞོན་པ་དང་།བེ་སང་སྒྲོག་བཤད་ཚོགས་པའི་ཚོགས་གཙོ་གཡང་ཕྱུག་ཚེ་རིང་གིས་བཤད་རྒྱུར། “ང་ཚོ་སྒྲོག་བཤད་རུ་ཁག་གིས་ཡིག་ཆ་ཙམ་ངོ་སྤྲོད་དང་ཀློག་འདོན་བྱེད་པ་མ་ཡིན་པར།དམངས་ཀྱི་སེམས་ཁ་དང་མཐུན་ཞིང་མང་ཚོགས་ཀྱི་སྐད་ཆ་བེད་སྤྱད་དེ། འཇིག་རྟེན་མི་ཆོས་ཀྱི་བསླབ་བྱ་དང་གཏམ་དཔེ་སོགས་ལ་སྦྱར་ནས་བཤད་པ་ཡིན།དེ་ལྟར་སྒྲོག་བཤད་བྱས་ན་ཡི་གེ་མི་ཤེས་མཁན་ཞིག་གིས་ཀྱང་སྲིད་ཀྱི་དོན་གོ་ཐུབ་པ་རེད”ཟེར།


བེ་སང་སྒྲོག་བཤད་རུ་ཁག་འདི་ལ་མཚོན་ན།ཞིན་ཧེ་རྫོང་གི་ཞང་དང་སྡེ་བ་ཡོད་ཚད་ལ་དུས་རྒྱུན་དུ་སྲིད་ཇུས་དང་རིག་གནས་ཤེས་བྱ་སོགས་སྒྲོག་འགྲེལ་བྱེད་དུ་འགྲོ་བཞིན་ཡོད་ལ།ཁོ་ཚོས་སྒྲོག་བཤད་བྱས་པའི་ནང་དོན་རེ་རེ་ནི་དམངས་ཀྱིས་ངེས་པར་ཤེས་དགོས་པའི་དམངས་ཚིས་ཀྱི་གནད་འགག་གི་ཤེས་བྱ་དག་རེད།རྒྱ་ཆེའི་མང་ཚོགས་རྣམས་ཀྱིས་སྒྲོག་འགྲེལ་དགེ་རྒན་དག་གིས་བཤད་པའི་ནང་དོན་ལ་གཞིགས་ནས་རང་གི་བསམ་བློའི་གོ་རྟོགས་དང་ཤེས་རྒྱ་ཡང་ཇེ་ཆེར་གཏོང་གིན་མཆིས་ལ།ཁོ་ཚོའི་བསམ་བློའི་གོ་རྟོགས་དང་ཤེས་རྒྱ་ཆེ་རུ་ཕྱིན་པ་དང་བསྟུན་ནས།སྤྱི་ཚོགས་ལག་ལེན་གྱི་གོ་རིམ་ཁྲོད་དུ་ཡང་དུས་རབས་ཀྱི་གོམ་འགྲོས་དང་བསྟུན་ཐུབ་ཀྱིན་ཡོད།

བེ་སང་སྒྲོག་བཤད་ཚོགས་པས་དབྱར་དགུན་སྟོན་དཔྱིད་མེད་ཅིང་།གཟའ་མཇུག་དང་ངལ་གསོ་ཡི་དུས་སྐབས་སུ་ཡང་གནས་གང་ཞིག་ན་གནད་དོན་གྱི་མདུད་པ་འཁྲོལ་གྱིན་མེད་ཚེ།ས་དེ་རུ་སོང་ནས་འགལ་བ་དང་དོགས་གནད་སོགས་སེལ་གྱིན་ཡོད་པས། ས་ཕྱོགས་འདིའི་མང་ཚོགས་རྣམས་ལ་མཚོན་ན་བེ་སང་སྒྲོག་བཤད་ཚོགས་པ་ནི་སྨག་རུམ་གསེབ་ནས་འོད་ཟེར་གྱི་ལམ་སྟོན་གནང་པའི་སྒྲོན་མེ་ལྟ་བུ་རེད།འོན་ཀྱང་།རླབས་ཆེ་བའི་བྱ་གཞག་རེ་རེའི་ལྟག་རྒྱབ་ན་སྒེར་སེམས་དང་ངན་གཡོ་ཡིས་མ་བསྒྲིབས་པའི་རྔུལ་ཁྲག་གང་མང་གི་རིན་དོད་ཡོད་པ་ནི་སྨོས་མ་དགོས་ཏེ།སྒྲོག་བཤད་ཚོགས་པ་འདིའི་ནང་གི་སྒྲོག་བཤད་དགེ་རྒན་རྣམས་ཀྱིས་ཀྱང་དཀའ་སྡུག་གི་རྔུལ་ཆུ་མང་པོ་བཏོན་ནས།ད་གཟོད་དགའ་འོས་པའི་གྲུབ་འབྲས་བླངས་པ་རེད་ལ།ཐ་ན་རང་གི་ཚེ་སྲོག་ལའང་འཇིགས་ཉེན་ཆེན་པོ་བྱུང་ཚུལ་གྱི་ལོ་རྒྱུས་ཀྱང་སྣ་ཚོགས་བཤད་རྒྱུ་འདུག དེའི་སྐོར་ནས་གཡང་ཕྱུག་ཚེ་རིང་ལགས་ཀྱིས་བཤད་རྒྱུར།“ཐེངས་ཤིག་ལ་ང་ཚོ་རྫོང་ལྷོ་ཕྱོགས་ཀྱི་ཞང་གསུམ་ལ་འགྲོ་དུས་རླངས་འཁོར་ལམ་འོག་ཏུ་ལྷུང་གྲབས་བྱས་ནས།སྟབས་མི་ལེགས་རྒྱུ་ན་རི་མགོའི་རྦབ་རྡོ་བཞིན་གྲོག་རོང་གི་ནང་དུ་འགྲིལ་སོང་།ཡང་སྐབས་ལ་ལ་ཤིག་ལ་རླངས་འཁོར་གྱི་འཁོར་ལོ་ལྷུང་ནས་ཆག་སྒོ་དང་འཇིགས་ཉེན་བཟོས་དུས་ཀྱང་ཡོད་མོད།ང་ཚོ་མུ་མཐུད་དུ་ཅི་ཐུབ་གང་ནུས་ཀྱིས་སློབ་ཁྲིད་བྱེད་དུ་སོང་བ་ཡིན།མང་ཚོགས་རྣམས་ཀྱིས་སློབ་ཁྲིད་ལ་ཉན་པའི་ཡུལ་དངོས་ཀྱི་སྤྲོ་སེམས་དང་དད་འདུན་རྣམ་དག་དེ་རིག་ན་རང་གི་དཀའ་སྡུག་ནི་རི་མགོའི་སྨུག་པ་ཇི་བཞིན་གཡའ་དྭངས་ནས་བུད་འགྲོ་གི”ཟེར།

བེ་སང་སྒྲོག་བཤད་ཚོགས་པ་ནི་སྔོན་ཆད་ནས་ཡོད་མོད།སྤྱི་ལོ་ཉིས་སྟོང་བཅུ་བཞི་ནས་བཟུང་ཞིན་ཧེ་རྫོང་ཏང་ཨུ་དང་སྲིད་གཞུང་གིས་སྔར་ལས་གཙིགས་སུ་བཟུང་ནས།འབྲེལ་ཡོད་འཇོན་ཐང་མི་སྣ་སྐོང་འཐེན་བྱས་ཤིང་།རྫོང་ཨུའི་དྲིལ་སྒྲོག་པུའུ་དང་ཏང་གི་སློབ་གྲྭས་ནུས་ཤུགས་ཡོད་རྒུ་བཏོན་ཏེ།ད་ལྟ་མང་ཚོགས་ཀྱིས་ཆབ་སྲིད་ཀྱི་རྟོགས་པ་སད་ཅིང་། སྲིད་ཇུས་ཀྱི་ནང་དོན་གོ་ལ།རིག་གནས་ཀྱི་བརྡ་འཕྲིན་ཤེས་པ་མ་ཟད།མི་ཆོས་སློབ་གསོ་སོགས་ཡུལ་དུས་དང་མཐུན་པའི་རིན་ཐང་གི་ལྟ་བ་མང་པོ་ཡང་རང་གི་དངོས་བརྒྱུད་ལག་ལེན་ཁྲོད་དུ་བཀོལ་སྤྱོད་བྱེད་ཀྱིན་འདུག
གསར་འགོད་པས་བཅར་འདྲི་མཇུག་རྫོགས་དུས།ནུབ་ཁའི་ཉི་ཟེར་ནི་འཁྲེང་ཞེན་དང་བསྡོངས་ནས་བྲག་དཀར་རྩྭ་ཐང་གི་ཁྱོན་ལ་ཞི་དུད་ཀྱིས་འཕྲོས་འདུག་ལ།དུད་ཁྱིམ་རེ་རེའི་ཁྱིམ་བདག་མ་རྣམས་ཀྱིས་ཐབ་མགོ་རུ་མེ་ཁ་གསོ་བཞིན་འདུག གཞིས་ཁྱིམ་གྱི་ཉེ་འཁོར་ཧྲིལ་བོ་ན་དུ་བ་ཕྲ་ལ་རིང་བ་རེ་ནམ་མཁའི་སྤྲིན་དང་འདྲེས་པའི་སྟོ་གོན་བྱེད་ཀྱིན་འདུག་ལ།རྒྱང་རིང་ནས་དུད་ཁྱིམ་ལ་ཤས་ཀྱིས་ཁ་བརྡ་བྱེད་པའི་སྒྲ་གསལ་ལ་མི་གསལ་བ་རེ་ཐོས་འོང་།

ཁོ་ཚོས་“སང་ལོ་ནས་གནད་འཁེལ་དབུལ་སྐྱོར་གྱི་ལས་དོན་ཡོངས་སུ་མཇུག་རྫོགས་ཏེ་དབུལ་ཐར་མཁྲེགས་གཏོར་བྱ་བ་ལེགས་འགྲུབ་བྱུང་སོང་ནི་རེད་ཟེར་ཀ སང་ལོར་འབྱོར་འབྲིང་སྤྱི་ཚོགས་ཀྱི་ལམ་ལ་འགྲོ་དགོས་ནི་རེད་ཟེར་ཀ དེའི་གནས་ཚུལ་རེ་སློབ་ཁྲིད་བྱེད་དུ་ཡོང་རྒྱུ་ཨེ་ཡིན་ནམ།གལ་ཏེ་གོང་རིམ་ནས་སློབ་ཁྲིད་བྱེད་དུ་བུད་ཡོང་ན།ཕྱུགས་ཟོག་ལྷས་འདབས་ཀྱི་རྩྭ་རའི་ནང་རྒྱག་དགོས་རྒྱུ་རེད”ཟེར། དེ་ལྟ་བུའི་རེ་བ་དང་ཡིད་ཆེས་ཀྱིས་ཁེངས་པའི་ས་སྲོད་ཀྱི་གྲོང་སྡེ་ནས་ང་ཚོ་ཕྱིར་རྫོང་ཐོག་ལ་ཆས་པ་ཡིན།ལམ་བར་དུ་བྱིས་པ་རེ་འགས“ང་དང་ངའི་མེས་རྒྱལ་”ཞེས་པའི་གླུ་དབྱངས་ལེན་བཞིན་རང་ཡུལ་ལ་འགྲོ་བཞིན་འདུག