དགུན་ཟླ་བཅུ་བའི་ནང་ལ་ཆུ་བཟང་ཆུ་བོའི་འགྲམ་ངོགས་སུ་ཆབ་དར་སྲབ་མོ་ཙམ་ལས་ཆགས་མེད་པ་ནི་ཏང་གི་སྲིད་ཇུས་ཀྱི་དྲོད་ཁོལ་རྩྭ་ཐང་ལ་འཕྲོས་པས་ཡིན་ནམ། དགུན་ཟླ་བཅུ་བའི་ནང་ལ་བྱིས་པ་རྣམས་ཀྱིས་གྲང་འདར་རྒྱག་གིན་མེད་པ་ནི་ཕ་མ་དག་གི་ཡོང་འབབ་བཟང་བས་གྱོན་གོས་མཐུག་པོ་ཁུགས་སོང་པས་ཡིན་ནམ། “ད་ལོའི་དགུན་དང་སང་ལོའི་དཔྱིད”ཅེས་པ་ནི་སྲིད་གཞུང་གི་བྱ་བ་གལ་ཆེན་ཁྲོད་ཀྱི་གཅིག་ཡིན་ལ། ཞིང་ཆེན་སྲིད་གཞུང་གིས་ལོ་རེར་ཆེད་དོན་ཚོགས་འདུ་བསྡུས་ནས་ལས་སྒོ་སྣ་ཚོགས་བཀོད་སྒྲིག་བྱེད་བཞིན་ཡོད། ཁྱད་པར་ཏུ་མཐོ་སྒང་གི་གཞི་ན་གནས་པའི་རང་ཞིང་གི་འབྲོག་ཕྱོགས་ས་ཁུལ་ལ་མཚོན་ན་དགུན་ཁའི་ཁངས་གནོད་སྔོན་དང་སོས་ཀའི་གཟན་རྩྭ་གསོག་འཇོག་བྱེད་པ། མང་ཚོགས་ཀྱི་བུད་ཤིང་ཁག་ཐེག་བྱེད་པ། ད་དུང་རྩྭ་སར་མེ་སྐྱོན་འབྱུང་བ་སྔོན་འགོག་བྱེད་པ་བཅས་ནི་ས་གནས་སྲིད་གཞུང་གིས་“ད་ལོའི་དགུན་དང་སང་ལོའི་དཔྱིད”ཀྱི་བྱ་བ་གཙོ་བོ་རེད།
མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་དགུན་དུས་གཞི་རིམ་དུ་བསྐྱོད་པའི་གསར་འགོད་པ་དགུན་ཟླ་བཅུ་བའི་ཙག་བསེར་གྱི་ཁྲོད་ནས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་ཐར་ཤུལ་རྩྭ་ཐང་ལ་ཐོན་དུས། ཐར་ཤུལ་རྩྭ་ཐང་ནི་འབྲས་བུའི་ཁུར་གྱིས་དུད་པའི་རོང་གྲོང་གི་རྣང་ཞིང་དང་འདྲ་བར་ས་གཞི་ཧྲིལ་བོ་རྨོ་འབྲེག་གི་ཤུལ་རྗེས་སུ་ནོར་ལུག་གི་རྒྱུ་བས་ཁེངས་འདུག རྒྱུས་ལོན་བྱུང་པ་ལྟར་ན། དེ་ནི་མ་གཞི་ཐར་ཤུལ་ཞང་གིས་རྩྭ་དང་ཡུག་པོ་བཏབ་ནས་དགུན་ཁའི་ཁངས་སྐྱོན་སྔོན་འགོག་གི་ལས་ལ་རེམ་པ་རེད་ལ། ཁོ་ཚོས་རྩྭ་འདེབས་ཀྱི་ལས་རིགས་ལ་བརྟེན་ནས་ཕྱུགས་ཟོག་གི་ཁངས་སྐྱོན་གནད་དོན་ཐག་གིས་བཅད་པ་མ་ཟད། བཏབ་རྩྭ་ཕྱིར་ཚོང་བྱས་ནས་ཁྱིམ་ཚང་གི་ཡོང་འབབ་ཀྱང་སྔར་ལས་ཇེ་མང་དུ་སོང་འདུག
རྩྭ་རྐང་རེ་རེ་ནི་མཐོ་སྒང་གི་ཚེ་སྲོག་གྱེན་དུ་འདེགས་པའི་ཀ་བ་རེ་རེ་ཡིན་ལ།ཆུ་ཐིགས་རེ་རེ་ནི་མིའི་རིགས་ཀྱི་འབྱུང་གཞི་གཅིག་ཏུ་སྦྲེལ་བའི་ཐག་པ་རེ་རེ་ཡིན་པ་ལྟར།ཐར་ཤུལ་ཞང་གིས་རང་གི་ས་གནས་ཀྱི་ཁྱད་ཆོས་ལ་གཞིགས་ནས་ཡུག་པོ་དང་རྩྭ་སོགས་བཏབས་པ་དང་།ད་ལོ་ཞང་ཡོངས་ནས་ས་མུའུ་ཁྲི་གསུམ་དང་།ལོག་གར་ས་མུའུ་ཁྲི་གཅིག་དང་སྟོང་གཅིག ཡུག་པོ་ས་མུའུ་ཁྲི་གསུམ་དང་ལྔ་སྟོང་བརྒྱད་བརྒྱ་བཅས་བཏབ་ཅིང་།སྟོན་དུས་ཀྱི་ལོ་ལེགས་བྱུང་ཚད་ཀྱང་ཤིན་ཏུ་བཟང་པས་འབྲོག་པ་ཀུན་གྱི་གདོང་ན་འཛུམ་མདངས་སྣུམ་ཤིག་གེར་མངོན་འདུག
ཐར་ཤུལ་ཞང་གིས་ཞང་ཏང་ཨུ་དང་སྲིད་གཞུང་གིས་མང་ཚོགས་རྣམས་ལ་རྩྭ་དང་ཡུག་པོ་འདེབས་པའི་བྱ་བའི་ཕྱོགས་སུ་སྐུལ་འདེད་བྱས་ཤིང་།སྡེ་དམངས་རྣམས་ཀྱིས་ཀྱང་རང་རང་གི་རྩྭ་སའི་ཁྲོད་དུ་ཞིང་ས་ས་མུའུ་ངེས་ཅན་རེ་བཏབ་ནས།ད་ལྟ་ཁྱིམ་ཚང་རང་གི་ཕྱུག་ཟོག་ལ་དགུན་ཁའི་ཁངས་སྐྱོན་གྱིས་གནོད་པ་མི་ཐེབས་པར་ཁེག་ཐག་བྱེད་ཐུབ་པ་མ་ཟད།ས་ཆ་གཞན་ལ་བཙོང་རྒྱུ་ཡང་ཡོད་པས།སྡེ་དམངས་རྣམས་ཀྱི་ཡོང་སྒོ་འཕར་འདུག
འབྲོག་པ་ལ་མཚོན་ན་རྩྭ་ས་ནི་རང་གི་འཚོ་སྡོད་ཀྱི་རྟེན་གཞི་ཡིན། རི་མཐོ་ས་གཙང་གི་ཡུལ་གྲུ་འདི་རུ་འབྲོག་པ་རེ་རེའི་རྒྱུ་ནོར་དང་ཚེ་སྲོག་གི་རྟེན་གཞི་ནི་རྩྭ་ས་བཟང་ངན་ལ་རག་ལས་པས། རྩྭ་ས་ལ་རང་བྱུང་དང་མིས་བཟོས་ཀྱིས་གནོད་སྐྱོན་མི་ཐེབས་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་ལ། དེ་ལྟ་བུའི་འདུ་ཤེས་ཀྱི་དབང་གིས་འབྲོག་པ་རྣམས་ཀྱིས་རང་གི་རྩྭ་ས་ལ་བདག་དམ་དང་སྲུང་སྐྱོབ་བྱེད་རྒྱུར་ནམ་ཡང་ཤུགས་སྣོན་བྱེད་ཀྱིན་ཡོད།
ཉེ་བའི་ལོ་ངོ་འདི་དག་ལ། ཀོས་ནན་རྫོང་ཐར་ཤུལ་ཞང་གིས་རྫོང་དང་ཞང་གི་རེ་བ་དང་བཀོད་སྒྲིག་ལྟར།སྡེ་བའི་རྩྭ་སའི་མེ་སྐྱོན་སྔོན་འགོག་གི་ཤེས་བྱ་གང་མང་བསྒྲགས་པས། འབྲོག་དམངས་རྣམས་ཀྱིས་རྩྭ་སའི་མེ་དགྲ་སྔོན་འགོག་གི་ཕྱོགས་ནས་ཤིན་ཏུ་གཟབ་ནན་བྱེད་ཀྱིན་ཡོད་ལ། དེར་མ་ཟད། ཡུག་པོ་དང་ནས་སོགས་ཀྱི་སྐྱེ་སྟོབས་ཇེ་བཟང་དང་། རྩྭ་ཐང་གི་ས་ནག་ཐང་བཅོས་སྐྱོང་བྱས་ནས་ས་གཞིའི་སྲུང་འཛིན་གྱི་ནུས་པ་ཇེ་ཆེར་འགྲོ་རུ་འཇུག་ཆེད། ཀོས་ནན་རྫོང་རྩྭ་ཕྱུགས་ཅུའུ་དང་ཐར་ཤུལ་ཞང་གི་རེ་བ་དང་བཀོད་སྒྲིག་ལྟར། རྩྭ་ཐང་གི་ཨ་བྲ་འགོག་པའི་ལས་འགུལ་རྒྱ་ཆེར་སྤེལ་ཏེ། རྩྭ་ཐང་གི་རྩྭའི་སྐྱེ་སྟོབས་དང་ས་ཞིང་གི་ལོ་ལེགས་འབྱུང་པ་ལ་གནོད་པའི་བྱ་བ་མཐའ་དག་གཏན་འགོག་བྱེད་དང་བྱེད་མུས་སུ་མཆིས།
ཤེས་བྱ་ནི་ཉམས་མྱོང་ལས་བྱུང་ཞིང་། ཉམས་མྱོང་ནི་ལག་ལེན་ལས་བྱུང་པ་ཇི་བཞིན་དུ། ཐར་ཤུལ་སྡེ་བའི་འབྲོག་དམངས་རྣམས་ལ་མཚོན་ན་ཡང་མི་ལོ་དུ་མར་རྩྭ་འདེབས་ཀྱི་ལས་ཀ་གཉེར་བའི་གོ་རིམ་ཁྲོད་དུ་ཉམས་མྱོང་མང་པོ་གསོག་འཇོག་བྱས་ནས། ད་ལྟ་རྩྭ་སའི་སྟེང་གི་ས་ཞིང་དེ་ཇི་ལྟར་བཏབ་ན་བཟང་ཚུལ་གྱི་སྐོར་ནས་ཤེས་བྱ་མང་པོ་འབྱོར་འདུག གསར་འགོད་པས་ཡུལ་དངོས་ལ་ཐོན་པ་ན། ཐར་ཤུལ་ཞང་རྟ་ར་སྡེ་བའི་སྡེ་དམངས་རྣམས་ཀྱིས་བཤད་པ་ལྟར་ན། ས་ཞིང་ལས་ལོ་རེ་རེ་བཞིན་ཡུག་པོ་བཏབ་ན་འབྲས་བུ་དེ་འདྲ་མི་ལེགས། ས་ཞིང་འདེབས་དུས་སུ་ད་ལོ་ཡུག་པོ་འདེབས་པ་དང་། སང་ལོ་ནས་འདེབས་པ་བཅས་རེས་འཁོར་གྱིས་བཏབ་ན་གཡུར་དུ་ཟ་བའི་འབྲས་བུ་འབྱུང་པ་རེད་ཟེར། ཁོ་ཚོས་ད་དུང་གཞན་ཡུག་པོ་ནི་ལུག་དང་ར་མ་ལ་བྱིན་ན་ལུས་པོར་འཕྲོད་ཅིང་ཤ་ཤེད་རྒྱས་ལ། ནོར་ལ་གཟན་ཆས་སྟེར་དུས་ཡུག་པོའི་ནང་ལ་རྩྭ་སྔོན་གྱི་རིགས་བསྲེས་ཏེ་བྱིན་ན་ད་གཟོད་ཤིན་ཏུ་ལེགས་ཟེར།
སྤྱིར་དགུན་ཁ་ཟེར་དུས། གྲང་ངར་གྱི་གདུག་རྩུབ་དང་ནོར་ལུག་གི་ཤ་ཤེད་ཉམས་པའི་རྣམ་པ་ཞིག་སྣང་བའི་ཡུལ་དུ་འཆར་ངེས་མོད། ཐར་ཤུལ་རྩྭ་ཐང་ནི་གསེར་གྱི་གཞོངས་པའི་ནང་དུ་མར་ཁུ་འཁྱིལ་བ་ཇི་བཞིན་སེར་ལྟེམས་མེ་ཆགས་འདུག་ལ། རྩྭ་ཐང་གི་མཐའ་རུ་རི་ཚོགས་ནི་སོ་སྲུང་བ་ཇི་བཞིན་ཀྲོང་ངེར་འགྲེང་འདུག དུད་ཁྱིམ་རེ་རེའི་སྒོ་འགྲམ་དུ་གཟན་རྩྭ་ཕོན་པོ་མང་པོ་རི་ཚོགས་ལྟར་བརྩིགས་ཤིང་། ཉེ་འདབས་ཀྱི་ཆུ་བཟང་ཆུ་བོའི་འགྲམ་རྒྱུད་ན་ནོར་ལུག་གིས་རྩྭ་ཆུ་ལ་གང་དགར་རོལ་བའི་རྣམ་པ་དེ་ཡིས་དགུན་དུས་ཀྱི་ཉམས་སྣང་ཞིག་གཏན་ནས་བྱིན་མ་བྱུང་།
སྤྱིར་དགུན་ཁ་ཟེར་དུས། འབྲོག་པ་རྣམས་ལ་མཚོན་ན་ཕྱུགས་ཟོག་ཁངས་སྐྱོན་དང་དུས་ངན་གྱིས་གཙེས་ཏེ་སོས་ཕུད་ཐུབ་མིན་གྱི་སེམས་འཁུར་དང་འུ་ཐུག་གི་དུས་ཚིགས་ཤིག་གི་བསྡུས་གཟུགས་ཡིན་མོད། ཐར་ཤུལ་ཞང་གི་འབྲོག་མི་རྣམས་ལ་མཚོན་ན། གཟན་རྩྭ་འདང་ངེས་ཤིག་གསོག་འཇོག་བྱས་ཡོད་པ་དང་། གཟན་རྩྭ་ལྷག་མ་ཕྱིར་འཚོང་བྱ་རྒྱུ་ཡང་ཡོད་པས། འབྲོག་མི་སྨུག་པོ་རེ་རེའི་གདོང་ལ་ཡིད་ཆེས་ཀྱིས་རབ་ཏུ་བརྟས་འདུག