རྨ་རྒྱལ་སྦོམ་རིའི་འདབས་ཀྱི་དབུལ་ཐར་ཡུལ་ཚོ།
2020.01.07 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 5

རྨ་རྒྱལ་སྦོམ་རའི་མཐའ་སྐོར་གྱི་ཡུལ་གྲུ་ཀུན་ཏུ་དངུལ་དཀར་གྱི་ཁ་བས་གཡོགས་པའི་དུས་ཚིགས་འདིར། ཡུལ་དེའི་མི་རྣམས་ཀྱི་གདོང་ལ་དགའ་བའི་འཛུམ་གྱིས་ཁེངས་ཤིང་སེམས་ལ་བརྩེ་བའི་དྲོད་ཀྱིས་ཁྱབས་ཡོད་པ་དེ་ནི་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་བོ་དངོས་འབེབས་བྱས་པའི་བཀའ་དྲིན་ཡིན་པ་སྨྲོས་ཅི་དགོས། ཏང་གི་ཚོགས་ཆེན་བཅུ་དགུ་བའི་ཚུན་ལ། མེས་རྒྱལ་གྱི་ཡུལ་གྲུ་ཀུན་དུ་དབུལ་ཐར་མཁྲེགས་གཏོར་གྱི་འཐབ་ཇུས་ཆེན་པོ་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད་པས། ང་ཚོ་དགུན་དུས་གཞི་རིམ་དུ་བསྐྱོད་པའི་བཅར་འདྲིའི་ཚན་ཆུང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་དྲིལ་སྒྲོག་པུའུ་ཡི་བློ་མཐུན་གཉིས་ཀྱིས་འགྲོ་རོགས་བྱས་འོག རྫོང་མཁར་དང་སྤྱི་ལེ་སུམ་བཅུའི་མཚམས་སུ་ཡོད་པའི་སྡོམ་ཁོག་ཡུལ་ཚོར་བཅར་འདྲིར་བྱེད་པར་བསྐྱོད་པ་ཡིན། ཡུལ་ཚོ་འདིར་མཚོན་ན་2018ལོར་ཡོངས་སུ་དབུལ་ཐར་བྱས་ཟིན་པ་དང་། ད་ལོར་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཏང་གི་བརྗོད་དོན་སློབ་གསོའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱས་ཤིང་། དབུལ་ཐར་མཁྲེགས་གཏོར་ཐད་ལ་བྱ་བ་གང་མང་བསྒྲུབས་ནས་གྲུབ་འབྲས་མང་པོ་བླངས་འདུག

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྗོང་སྡོམ་ཁོག་ཡུལ་ཚོ་ནི་རྨ་ཆེན་གངས་རིའི་འདབས་རོལ་དུ་ཆགས་ཡོད་ལ་ཡུལ་ཚོར་དེར་སྡེ་བ་གཉིས་དང་ཕྱུགས་ལས་མཉམ་ལས་ཁང་བརྒྱད་ཀྱིས་གྲུབ་ཡོད་པའི་ཕྱུགས་ལས་གཙོ་གཉེར་གྱི་ཡུལ་ཚོ་ཞིག་ཡིན། སྡོམས་པའི་ཁྱིམ་ཚང་ལྔ་བརྒྱ་དོན་གཅིག་དང་མི་གྲངས་སྟོང་གཉིས་དང་ཉིས་བརྒྱ་རེ་དགུ་ཡོད། དེའི་ཁྲོད་དབུལ་ཕོངས་ཁྱིམ་ཚང་གོ་བཞི་དང་མི་གྲངས་ཉིས་བརྒྱ་གོ་བཞི། དམིགས་བསལ་དཀའ་ཁག་ཅན་མི་ཉི་ཤུ་དང་དབང་བོ་སྐྱོན་ཅན་གྱི་མི་བརྒྱ་དང་དྲུག་ཡོད་པ་རེད། ཉེ་བའི་ལོ་འདི་དག་གི་རིང་ལ་རྗོང་ཏང་ཨུ་དང་རྗོང་མི་དམངས་སྲིད་གཞུང་གི་སྣེ་ཁྲིད་འོག་དང་ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་དང་ཏང་གི་བརྗོད་དོན་སློབ་གསོའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ལ། ཀྲུང་དབྱང་གི་དབུལ་ཐར་མཁྲེགས་གཏོར་གྱི་འཐབ་ཇུས་བཀོད་སྒྲིག་ལྟར་གནད་འཁེལ་དབུལ་སྐྱོར་གྱི་རྩ་བའི་བྱེད་ཐབས་དངོས་འབེབས་མཐར་ཕྱིན་བྱས་པ་དང་ཡུལ་ཚོ་ཡོངས་སུ་སྟབས་བདེ་གནས་སྤོར་དང་ཐོན་ལས་དངོས་འབེབས། སྡེ་བའི་དཔལ་འབྱོར་ཐིག་ལས་བརྒལ་བའི་བཟོ་སྐྲུན་གལ་ཆེན་ལག་བསྟར་བྱས་པར་མ་ཟད་ཆུ་དང་ལམ། འཕྲིན་གཏོང་སོགས་ཀྱི་གཞི་རྩའི་རྨང་གཞིའི་སྒྲིག་ཆས་འཐུས་ཚང་དུ་བཏང་བ་རེད།

རྨ་ཆེན་རྫོང་སྡོམ་ཁོག་ཡུལ་ཚོའི་ཞང་གཙོ་རིག་གསལ།

རང་རེའི་སྡོམ་ཁོག་ཡུལ་ཚོས་༢༠༡༩ལོར་བྱ་བ་མང་པོ་ཞིག་སྒྲུབ་ནས་འགྲུབ་ཡོད།  གཅིག སློབ་སྦྱོང་གི་ཕྱོགས་ནས་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་དང་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོར་སློབ་སྦྱོང་བྱས་ཏེ་རྒྱ་ཆེའི་ཏང་ཡོན་དང་མང་ཚོགས་ཀྱི་བསམ་པའི་གོ་རྟོགས་ཇེ་མཐོར་བཏང་ཡོད། གཉིས། གནད་འཁེལ་དབུལ་སྐྱོར་གྱི་ཐད་ནས་སྲིད་གཞུང་གི་ལས་བྱེད་པ་རྣམས་བྱ་བའི་ཚན་ཆུང་ལྔ་རུ་བགོས་ཏེ་མང་ཚོགས་ཁྲོད་ཟབ་ཞུགས་བྱས་ཤིང་། མང་ཚོགས་ལ་རེ་བ་གང་ཡོད་པ་དང་དཀའ་ཁག་གང་ཡོད་པའི་ཐད་ནས་རྒྱུས་ལོན་བྱས་ཏེ་ཁོ་ཚོའི་རེ་བ་ལྟར་གོང་རིམ་ལ་ཡར་ཞུ་བྱས་ནས་མ་དངུལ་བརྩོན་ལེན་བྱས་པར་མ་ཟད། ཁྱིམ་ཚང་རེ་རེར་དོང་ཆུ་ལས་པ་དང་གཞུང་ལམ་ཞིག་གསོ། འཕྲིན་གཏོང་སོགས་ཀྱི་རྨང་གཞིའི་སྒྲིག་ཆས་འཐུས་ཚང་དུ་བཏང་བས་རྒྱ་ཆེའི་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ། དེར་མ་ཟད་ད་ལོའི་དགུན་དང་སང་ལོའི་དཔྱིད་དུས་ཀྱི་གནོད་འགོག་ཕྱུགས་སྐྱོབ་ཐད་གསོ་ཆས་ཏུན་སུམ་བརྒྱ་དང་གསོ་རྩྭ་ཏུན་ལྔ་བཅུ་གྲ་སྒྲིག་བྱས་པ་དང་། བྱེ་དང་འབྲས། སྣུམ། སྐམ་ཐུག བལ་དོར། ཉལ་ཐུལ། ལྭ་རིང་། བརླན་འགོག་གདན་སོགས་བྱིན་པས། རང་ཡུལ་ཚོའི་ད་ལོའི་དགུན་དང་སང་ལོའི་དཔྱིད་ཀྱི་གནོད་འགོག་ཕྱུགས་སྐྱོབ་འགན་སྲུང་གི་བྱ་བ་བརྟན་བརླིང་ངང་སྤེལ་བར་སྐུལ་འདེད་ཀྱི་ནུས་པ་མི་དམན་པ་ཞིག་ཐོན།  མ་འོངས་པར་རང་ཡུལ་ཚོས་དུས་རབས་ཀྱི་འགྲོས་དང་བསྟུན་ནས་ཞང་གྲོང་དར་རྒྱས་ཀྱི་སྲིད་ཇུས་ཁ་ཕྱོགས་ལྟར། དབུལ་ཐར་བྱ་བ་སྲ་བརྟན་དུ་གཏོང་བ་དང་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་མ་ལག་འཐུས་ཚང་དུ་བཏང་ནས་མཉམ་དུ་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པར་འབད་བརྩོན་ལྷོད་མེད་བྱ་རྒྱུ་ཡིན་ཟེར།

དེ་ནས་ང་ཚོ་སྡོམ་ཁོག་ཡུལ་གཙོས་འགྲོ་རོགས་འོག་སྡོམ་ཁོག་ཡུལ་ཚོ་སྡོམ་ཆེན་འབྲོག་ཨུ་ཁང་རུ་ཆུང་དྲུག་པའི་འབྲོག་མི་དཔལ་སྒྲོན་ཚང་གི་ཁྱིམ་དུ་ཐོན་པ་ན་ཁོ་ཚང་གི་ཐག་སྒྲོམ་གྱི་སྟེང་དུ་གཙོ་འཛིན་རིམ་བྱོན་གྱི་སྐུ་པར་སྒྲིག་ཡོད་ལ་དེའི་སྟེང་དུ་དར་དཀར་གྱི་ཁ་བཏགས་དཀར་པོ་ཞིག་འཐེན་འདུག་ལ་མདུན་དུ་ཀར་ར་སིལ་ཏོལ་གི་སྡེར་ཁ་བཤམས་ཡོད་པ་དེ་ལས་ཁོ་མོའི་བདེ་སྐྱིད་ཀྱི་ཁྱིམ་གཞི་ལ་སྔར་མེད་ཀྱི་དྲོལ་ཁོལ་ཅིག་བསྩལ་འདུག  སྡོམ་ཁོག་ཡུལ་ཚོའི་ཞང་དཔོན་གྱིས་ང་ཚོ་ཁོ་མོར་མཚམས་སྦྱོར་བྱས་པ་ན་ཁོ་མོས་བྲེལ་འཚུབ་ཀྱིས་ང་ཚོར་འོ་ཇ་དཀར་ཡོལ་གང་རེ་བླུགས་རྗེས་གདོང་ལ་བཅོས་མིན་གྱི་མཛུམས་མདངས་ཤིག་ཤར་ཏེ་བཤད་རྒྱུར། དང་ཐོག་ང་ནི་ནད་པ་ཞིག་ཡིན་པའི་ཁར་དབུལ་བོ་དབུལ་ནག་གི་ཁྱིམ་ཚང་འང་ཡིན། རང་ཉིད་ཀྱི་སྡོད་སའི་ཁང་པ་དང་ཟ་འཐུང་སོགས་ཀྱི་ཐད་ལའང་དཀའ་ཁག་ཧ་ཅང་ཆེན་པོ་འདུག ཡིན་ཡང་ང་རང་དབུལ་ཐར་ཁྱིམ་ཚང་གི་རྣམ་གྲངས་ཀྱི་གྲས་སུ་བཞག་པ་ནས་བཟུང་སྡོད་སའི་ཁང་པ་དང་ཆུ་གློག་ལམ་གསུམ་སོགས་སྒོ་འགྲམ་དུ་བླངས་དེ་འཚོ་བར་ཧ་ཅང་སྟབས་བདེ་བསྐྲུན་པས་ད་ལྟ་ང་རང་གི་འཚོ་བར་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་སོང་ལ་ནད་གཞི་འང་ཇེ་བཟང་ལ་སོང་འདུག ངས་ནམ་ཡིན་ཡང་ཏང་དང་སྲིད་གཞུང་གི་བཀའ་དྲིན་སེམས་སུ་ཉར་ཡོད་ཟེར།

དབུལ་ཐར་སྡེ་མི་དཔལ་སྒྲོན།

དབུལ་ཐར་སྡེ་མི་དཔལ་སྒྲོན་གྱི་དཔང་ཡིག

དེ་ནས་ང་ཚོ་སྡོམ་ཁོག་ཡུལ་ཚོ་སྡོམ་ཆེན་འབྲོག་ཨུ་ཁང་རུ་ཆུང་དྲུག་པའི་འབྲོག་མི་ཚོགས་གཉིས་རྒྱ་མཚོ་ཚང་ལ་སོང་བ་ཡིན་ལ། བཟའ་མི་གཉིས་ཀྱིས་སྔོན་གྲ་སྒྲིག་བྱས་ཏེ་ང་ཚོ་ཐོན་པར་སྒུག་འདུག་ལ་ཁོ་གཉིས་ལོ་ནའང་ཧ་ཅང་ཆུང་ལ་ཕར་ལྟས་ཚོད་ཀྱིས་ལོ་སུམ་བཅུར་འང་སླེབས་མེད་པའི་ན་གཞོན་གཉིས་ཡིན་སྣང་སྐྱེས། ཚོགས་གཉིས་རྒྱ་མཚོས་བཤད་རྒྱུར་ང་རང་ཆུང་དུས་སུ་ཕྱུགས་རྫི་ལ་འགྲོ་སྐབས་སྟབས་མ་ལེགས་པར་རྟ་ཐོག་ནས་སར་ལྷུང་དེ་དབང་རྩའི་ནད་བྱུང་བ་རེད། དེས་བདེ་སྐྱིད་ཀྱིས་ཡོངས་སུ་ཁེངས་བའི་ཁྱིམ་གཞི་ཆུང་ཆུང་འདིའི་འཚོ་བར་ཉིན་གཅིག་གི་ཆོ་འཕྲུལ་ལྟར་འགྱུར་བ་བཏང་སོང་ལ་ཆུང་མའི་ཡིད་ཆེས་ཀྱིས་ཁེངས་བའི་མིག་ཟུང་དང་མ་འོངས་པར་རེ་བའི་བརྟས་པའི་བྱིས་པ་གཉིས་མཐོང་ཐེངས་རེར་ང་ལ་གནོན་མི་ཐུབ་པའི་སྡུག་བསྔལ་ཆེན་པོ་ཞིག་གིས་ཡོངས་སུ་མནན་འདུག དེ་ནས་ངས་རུ་ཆུང་དང་ཡུལ་ཚོ་ལ་ཡར་ཞུ་བྱས་ཏེ་དབུལ་ཕོངས་ཁྱིམ་ཚང་གི་གྲས་སུ་བཞག་པ་རེད། དེའི་རྗེས་ཞིང་ཆེན་ཕྱི་ནང་གི་སྨན་ཁང་མང་པོར་སྨན་པ་བསྟན་ནས་སྨན་བཅོས་བྱས་ཀྱང་སྨན་རིན་གཅིག་གཏོངས་མ་དགོས་པ་དང་ནད་གཞིའང་ཇེ་བཟང་ལ་སོང་། ད་ལྟ་ང་རང་ཐོན་ལས་མ་དངུལ་དང་དབུལ་ཕོངས་ཁ་གསབ་ཀྱི་རྣམ་གྲངས། སྡེ་བའི་ནགས་སྲུང་སོགས་ལ་བཞག་ཡོད།  ནགས་སྲུང་གཅིག་པུའི་ངོས་ནས་ཀྱང་ལོ་གཅིག་གི་ཡོང་སྒོ་ལ་ཁྲི་གཉིས་ལྷག་དང་ཟླ་གཅིག་ལ་སྟོང་གཅིག་དང་དྲུག་བརྒྱ་ལྷག་གི་ཡོང་སྒོ་འདུག་ལ་རེ་བའི་བརྟས་པའི་ཁྱིམ་གཞི་འདི་ལ་ཡང་བསྐྱར་བདེ་སྐྱིད་ཀྱི་ཉི་ཟེར་ཤར་རིའི་རི་རྩེ་ནས་ཡུན་གྱིས་འཕྲོས་བྱུང་།

དབུལ་ཐར་སྡེ་མི་ཚོགས་གཉིས་རྒྱ་མཚོ།


གསར་འགོད་པ། དབྱངས་ཅན། ཨ་བརྟན་རྒྱལ། རིག་འཛིན་ཐར། ཤ་བོ་གསེར་མཚོ།