ཏང་གི་བཀའ་དྲིན་ནམ་ཡང་བརྗེད་མི་སྲིད།
2020.01.07 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 10

ད་ལོའི་ཟླ་བཅུ་གཅིག་པའི་ཚེས་བཅོ་བརྒྱད་ཉིན་གྱི་སྔ་དྲོར། ཟི་ལིང་གྲོང་ཁྱེར་དུ་ཁ་བ་ལྷབ་ལྷུབ་བབས་ཤིང་གྲང་རླུང་འུར་འུར་གཡུགས་ཏེ། གྲོང་ཁྱེར་ཡོངས་ལ་དགུན་དུས་ཀྱི་རྣམ་པ་ཞིག་ཤར་ཡོད་མོད། འོན་ཀྱང་མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་དགུན་དུས་གཞི་རིམ་དུ་བསྐྱོད་པའི་མགོ་ལོག་བཅར་འདྲི་ཚན་ཆུང་གིས་ཁངས་དཀར་པོ་ཐོད་ལ་བཟུང་ཞིང་ཙག་བསེར་བུ་ཐོང་གིས་གཏུབས་ཏེ་སྤོབས་པ་དང་ཡིད་ཆེས་ཀྱི་ངང་ནས་མགོ་ལོག་ཕྱོགས་སུ་ལམ་དུ་ཆས་སོང་།འདི་ལྟར་ང་ཚོས་འདུ་འཛི་ཆེ་བའི་གྲོང་ཁྱེར་དང་རྨང་ཞིང་གྲུ་བཞིའི་རོང་སྡེ། རྟ་ནོར་ལུག་གསུམ་བག་ཡངས་སུ་རྒྱུ་བའི་འབྲོག་སྡེ་བཅས་ཀྱི་དགུན་དུས་ཀྱི་རང་མདངས་མིག་གིས་ལོངས་སུ་སྤྱོད་བཞིན་སྤྱི་ལེ་སུམ་བརྒྱ་ལྷག་བསྐྱོད་མཐར་སྐར་ཚོགས་ས་ལ་འཕོས་འདྲའི་གྲོང་རྡལ་ཆུང་ཆུང་ཞིག་ལ་ཐོན་པ་དང་། གྲོང་རྡལ་དེའི་ཡུལ་གྲུ་ཀུན་དུ་ཏང་གི་བརྗོད་དོན་སློབ་གསོར་སློབ་སྦྱོང་དང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་པའི་མཐོ་རླབས་ཤིག་འཕྱུར་བཞིན་ཡོད་པར་མ་ཟད། གྲོང་རྡལ་དེའི་ཧྲུའུ་ཅི་གནམ་ཁོ་ཚེ་རིང་གིས་ད་ལོའི་དབྱར་ཁ་ཆར་ཆུས་གནོད་འཚེ་ཐེབས་པའི་གནས་སྤོར་མང་ཚོགས་ཚོས་དགུན་དུས་འཚོ་བ་རོལ་སྟངས་དང་།ལྷག་པར་དུ་མི་འགྱངས་པར་ཐོན་ལ་ཉེ་བའི་དུས་ཆེན་གཉིས་ཀྱི་སྐབས་སུ་གནོད་ཐེབས་མང་ཚོགས་ཀྱིས་ལོ་སར་ཅི་ལྟར་རོལ་བའི་སྐོར་ལ་བསམ་གཞིགས་ཀྱི་སྨིན་མ་གཅིག་ཏུ་བསྡུས་ནས་འཆར་གཞི་སྣ་ཚོགས་འཐེན་བཞིན་མཆིས།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྗོང་ར་རྒྱ་གྲོང་བརྡལ་གྱི་ཏང་ཨུའི་ཧྲུའུ་ཅི་གནམ་ཁོ་ཚེ་རིང་གིས་བཅར་འདྲི་དང་ལེན་བྱེད་བཞིན་པ།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་ར་རྒྱ་གྲོང་རྡལ་ནི་མགོ་ལོག་ཏུ་སྐྱོད་པའི་ལམ་ཁར་བརྗིད་ཆགས་ངང་འགྱིང་སྟོབས་དུ་གནས་པའི་ཨ་མྱེ་ཁྱུང་མགོན་གྱི་འདབས་རོལ་དང་རྨ་དྲོ་དྲོ་ལུ་གུའི་མཁལ་ཁུག་དུ་འབོད་པའི་རྨ་ཆུ་སྔོན་མོའི་འགྲམ་རྒྱུད་དུ་ཆགས་ཤིང་། མི་རིགས་མང་པོ་འཆམ་མཐུན་མཉམ་གནས་དང་ཞིང་ཕྱུགས་གཙོར་གྱུར་བའི་ཐོན་ལས་སྣ་ཚོགས་གཅིག་ལས་གཅིག་ལྷག་པའི་ངང་གོང་འཕེལ་འགྲོ་བའི་གྲོང་རྡལ་ཆུང་ཆུང་ཞིག་ཡིན་ལ། གྲོང་རྡལ་དེ་ནི་མགོ་ལོག་ཁུལ་གྱི་ཤར་བྱང་གི་མཚམས་སུ་གནས་ཤིང་། རྨ་ཆེན་རྫོང་མཁར་ལས་སྤྱི་ལེ་བདུན་ཅུ་ཡོད་པ་དང་། ཤར་ཕྱོགས་རྨ་ལྷོ་ཁུལ་གྱི་ཧི་ནན་རྫོང་དང་འབྲེལ་ཡོད་ལ། བྱང་ཕྱོགས་མཚོ་ལྷོ་ཁུལ་གྱི་ཐུན་ཏེ་རྫོང་དང་ཞིན་ཧེ་རྫོང་གཉིས་སུ་འབྲེལ་ཡོད་པས། སའི་ཆགས་དབྱིབས་རི་མཐོ་ལུང་ཟབ་དང་།འགག་འཕྲང་དང་གྲོག་རོང་མང་སྟབས། ལོ་རེའི་དབྱར་དུས་སུ་ཆར་ཆུའི་གནོད་འཚེ་རྒྱུན་དུ་བྱུང་དང་འབྱུང་བཞིན་ཡོད།

ར་རྒྱ་གྲོང་རྡལ་གྱི་ཧྲུའུ་ཅི་གནམ་ཁོ་ཚེ་རིང་གིས་བཞིན་ལ་རྒྱལ་ཁའི་འཛུམས་མདངས་རྒྱས་པའི་ངང་ནས་འདི་ལྟར་བཤད་བྱུང་། ད་ལོའི་ལུགས་གསར་གྱི་ཟླ་དགུ་བའི་ཚེས་ཉི་ཤུ་ཉིན། བསྟུད་མར་ཆར་ཆུ་འབབ་ཞོད་ཆེ་བའི་དབང་གིས་དུས་བདེ་ལས་བརྩོན་ངང་ལྷིང་འཇགས་ཀྱིས་འཚོ་བ་རོལ་བཞིན་པའི་ར་རྒྱའི་མང་ཚོགས་ལ་ཆར་ཆུས་འཇིགས་པ་ཆེན་པ་ཞིག་བཟོས་བྱུང་། རྨ་ཆུའི་ལྷོ་རྒྱུད་ཀྱི་བཙུན་མོ་དམར་ཡག་མའི་རི་སྐེད་ཀྱི་གཞུང་ལམ་ཆར་ཆུས་བསྣུབས་ནས་རི་འདབས་ཀྱི་མང་ཚོགས་ཀྱི་སྡོད་ཁང་མང་པོར་གནོད་འཚེ་ཆེན་པོ་ཐེབས། རེབ་འདིའི་ཆར་ཆུའི་གནོ་འཚེ་ཁྲོད་དུ། ངེད་གྲོང་རྡལ་གྱི་ཁྱིམ་ཚང་བརྒྱ་དང་བཅུ་བདུན་དང་མི་གྲངས་བཞི་བརྒྱ་གོ་བརྒྱད་ལ་རིམ་པ་མི་འདྲ་བའི་གནོད་པ་ཐེབས་པ་དང།དེའི་ནང་གི་ཁྱིམ་ཚང་བཅོ་བརྒྱད་ཀྱི་ཁང་བ་གྱན་ང་གཅིག་བརྡིབས་ནས་མེད་པར་གྱུར་བ་དང་།ཐད་ཀར་དུ་དཔལ་འབྱོར་གྱོང་གུད་སྒོར་ཁྲི་ལྔ་བརྒྱ་ལྷག་ཐེབས་མོད། འོན་ཀྱང་མི་གཅིག་ཀྱང་ཤི་རྨས་མ་བྱུང་། ད་ལྟ་གནོད་འཚེ་ཐེབས་པའི་མང་ཚོགས་གཅིག་ཀྱང་མ་ལུས་པར་བཀོད་སྒྲིག་བྱས་ཚར་བ་མ་ཟད། ཁོ་ཚོའི་འཚོ་བའི་ཕྱོགས་ནའང་དཀའ་ཁག་ཅི་ཡང་མེད།

གནོད་འཚེ་བྱུང་རྗེས་ཀྱི་རྣམ་པ། 

མགོ་ནག་སྐྱིད་སྡུག་གནམ་གྱི་ལག་ཡིན་ཟེར་བའི་དཔེ་ལྟར། རང་བྱུང་གི་གནོད་འཚེ་སྣ་ཚོགས་ལ་སྔོན་དཔག་དང་གཞོལ་ཐབས་བྱེད་དཀའ་མོད། འོན་ཀྱང་གནོད་འཚེའི་མདུན་དུ་ཏང་གི་དྲོད་ཁོལ་དང་ཏང་ཡོན་ལས་བྱེད་པའི་རྒྱབ་རི་བརྟན་པོ་ཡོད་པས། གནོད་ཐེབས་མང་ཚོགས་ཀྱི་སེམས་སུ་རྒྱལ་ཁའི་ཡིད་ཆེས་དང་གདོང་ན་བདེ་སྐྱིད་ཀྱི་འཛུམས་མདངས་ཡོད་ངེས།

ཆུ་བ་རྒྱ་བཟའ་སྡེ་བའི་རྒྱ་མོ་ཚང་ནི་རེབ་འདིར་ཆུ་ལོག་གིས་གཞུང་ལམ་བརྡིབས་ནས་གནོད་འཚེ་བཟོས་པའི་མང་ཚོགས་ཕལ་བ་ཞིག་ཡིན་ལ། ཁོ་ཚང་གི་ཁང་བ་ཡོད་ཚད་ཆུ་ལོག་གིས་མེད་པར་བཟོས་མོད། འོན་ཀྱང་ཁྱིམ་ཚང་གི་ཅ་ལག་དང་མིའི་ཚེ་སྲོག་ལ་གྱོང་གུད་གཅིག་ཀྱང་ཐེབས་མེད་སྟབས། རྒྱ་མོ་ཚང་གིས་སྲིད་གཞུང་གི་ཁང་གླའི་ཁ་གསབ་བླངས་རྗེས་གྲོང་རྡལ་དུ་བོད་ལུགས་ཀྱི་ཁྱད་ཆོས་ལྡན་པའི་ཁང་བ་གྱན་འགའ་གླས་ཏེ་ལོ་གསར་བར་གྲ་སྒྲིག་བྱེད་བཞིན་ཡོད། ད་ལོའི་དགུན་ཁ་ཕྱིའི་ནམ་ཟླ་འཁྱགས་རུང་ངའི་ནང་གི་སེམས་པ་ཧ་ཅང་དྲོ། རྒྱུ་མཚན་ངེད་ཚང་གི་ཁང་གླ་ཡོད་ཚད་སྲིད་གཞུང་གིས་བྱིན་པ་མ་ཟད། རྡོ་སོལ་ཉོ་སྤྱད་ལའང་སྒོར་བརྒྱད་བརྒྱ་བྱིན་པ་ལས་གཞན། ད་རུང་མི་རེར་བྱེ་འབྲས་ཁུག་མ་བཞི་རེ་བྱིན་ཟིན་པས། ངེད་ཚང་ལྟ་བུར་མཚོན་ན་ད་ལོའི་དགུན་ཁ་བྱེ་འབྲས་གཅིག་ཀྱང་ཉོ་མི་དགོས། ངོ་མ་གུང་ཁྲན་ཏང་ཕ་མ་ལྟ་བུའི་དྲིན་བརྗེད་མི་སྲིད་རྒྱ་མོ་ཡིས་འདི་འདྲའི་སེམས་གཏམ་བཤད་བཞིན་གསར་འགོད་པ་རང་ཁྱིམ་དུ་གདན་འདྲེན་བྱས་བྱུང་།

རྒྱ་མོ་ཚང་གིས་ར་སྐོར་ཡོད་པའི་ཁང་བ་གྱན་འགའ་ལོ་གཅིག་ལ་གླས་ཡོད་པ་དང་། ལོ་རྗེས་མའི་ནང་དུ་སྲིད་གཞུང་གིས་བཀོད་སྒྲིག་བྱས་པའི་ཁང་པ་གསར་བའི་ནང་དུ་གནས་སྤར་རྩིས་ཡོད་ལ། འགྲུལ་ཁང་ནང་དུ་བོད་ལུགས་ཀྱི་འབོལ་ཁྲི་དང་ཤིང་བརྐོས་ཀྱི་ཐག་ཆ་སྣ་ཚོགས་གཙང་དག་ངང་ཤར་མར་བསྒྲིགས་ཡོད་པ་དང་། རིམ་བྱོན་གཙོ་འཛིན་གྱི་སྐུ་པར་སྟེང་དུ་ཁ་བཏགས་སེར་པོ་འཕངས་ཏེ་ཁྱིམ་གྱི་མཐོ་སར་བཀལ་འདུག་པའི་མཛེས་ལྗོངས་དེ་ཡིས་གསར་འགོད་པའི་མིག་དབང་ཅིག་ཅར་འཕྲོགས་སོང་།ལས་ལ་བརྩོན་ཞིང་མགྲོན་པོར་དགའ་བའི་རྒྱ་མོ་བཟའ་ཟླ་གཉིས་ཀྱི་སེམས་ན་གནོད་ཐེབས་ཀྱི་སྡུག་བསྔལ་སྤུ་ཙམ་ཡང་མེད་པར་དགོད་སྒྲ་དང་འཛུམས་མདངས་ཀྱི་ངང་ནས་གསར་འགོད་པ་མགྲོན་བསུ་བྱས་བྱུང་ལ། པ་ཏའི་རི་མོས་བརྒྱན་པའི་ལྕགས་ཐབ་སྟེང་དུ་དྲི་ཞིམ་གྱི་འོ་ཇ་ལྷོག་ལྷོག་གདུ་བཞིན་དཀར་ཡོལ་འབྲུག་མའི་ནང་དུ་རླངས་པ་ཐུ་ལུ་ལུ་འོ་ཇ་མངར་མོ་གསར་འགོད་པར་དྲངས་བྱུང་བས། ཕྱི་ན་དགུན་གྱི་གྲང་ངར་ཆེ་ཡང་རྒྱ་མོ་ཚང་གི་ཁྱིམ་དུ་དབྱར་དུས་ལྟ་བུའི་དྲོད་ཁོལ་རྒྱས་འདུག

གསར་འགོད་པ། དབྱངས་ཅན། ཨ་བརྟན་རྒྱལ། རིག་འཛིན་ཐར། ཤ་བོ་གསེར་མཚོ།