ང་ཚོར་མི་གཞན་ལ་རོགས་རམ་བྱེད་པའི་འགན་ཁུར་མེད་མོད། འོན་ཀྱང་ཉམ་ཆུང་གི་མི་དག་ལ་ཕན་འདོད་ཀྱི་ལྷག་བསམ་རླབས་པོ་ཆེ་དེ་ཡོད་པས། མི་ཡུལ་འདིར་ནམ་ཡང་དྲོད་ཁོལ་གྱིས་ཁེངས་ཡོད། ང་ཚོ་མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་བཅར་འདྲིའི་ཚན་ཆུང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་ནས་ལམ་ལ་ཆས་ཏེ་དར་ལག་རྫོང་དུ་བགྲོད་པའི་ལམ་བར་དུ། དགའ་བདེ་རྫོང་དྲིལ་སྒྲོག་པུའུ་ཡི་འགོ་ཁྲིད་བློ་མཐུན་གྱི་འགྲོ་རོགས་འོག་དར་དཀར་འདྲ་བའི་གཞུང་ལམ་དེད་ནས་ཁོ་ཆུ་གྲོང་རྡལ་རྒན་བཀུར་ཁང་གི་བདག་མེད་ལོ་ལོན་རྣམས་ལ་ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་མ་རྐང་ཚད་ཡོད་ཀུང་ཟིས་འཚམས་འདྲི་བྱེད་བཞིན་པའི་གནས་ཚུལ་ལ་རྒྱུས་ལོན་བྱེད་པར་བསྐྱོད་པ་ཡིན།
ང་ཚོ་ཁོ་ཆུ་གྲོང་རྡལ་དཀྱིལ་སྙིང་རྒན་བཀུར་ཁང་གི་སྒོ་ཁར་ཐོན་པ་ན། ངོ་གདོང་གཉེར་མས་ཁེངས་ཤིང་ལོ་ན་བདུན་བཅུ་ལྷག་སོན་པའི་རྒད་པོ་རྒན་མོ་འགའ་ཡིས་བཅོས་མིན་སེམས་ཀྱིས་ང་ཚོར་བསུ་མ་བྱས་བྱུང་། ཁོ་ཚོ་ནི་ས་དེའི་བདག་མེད་ལོ་ལོན་ཏག་ཏག་ཡིན་ལ། 2008ལོར་སྲིད་གཞུང་གིས་མ་དངུལ་སྒོར་ས་ཡ་གཅིག་དང་འབུམ་གཉིས་ལྷག་བཏང་ནས་ཁོ་ཚོར་རྨིད་གྲུ་བཞི་མ་སྟོང་གཅིག་དང་ལྔ་བརྒྱ་ལྷག་གི་སར་ཟ་ཁང་དང་མལ་ཁང་སོགས་ལས་པ་རེད། ང་ཚོ་རྨིད་གྲུ་བཞི་མ་བརྒྱ་དང་བཞི་ཅུ་ཙམ་ཡོད་པའི་རྒན་པ་ཚོའི་ཟ་ཁང་ནང་དུ་ཐོན་པ་ན་དྲོད་ལམ་ལམ་གྱི་ལྕགས་ཐབ་ནག་པོ་སྟེང་གི་སླ་ང་ཆེན་པོ་ཞིག་གི་ནང་དུ་ཤ་འབྲས་ལྷོག་ལྷོག་གདུ་བཞིན་འདུག་ལ། འབོལ་ཁྲི་རིང་མོའི་སྟེང་ན་ཟ་མ་ཁོལ་བར་སྒུག་ཡོད་པའི་རྒན་པ་ལྔ་བཅུ་ལྷག་གིས་ལག་ཏུ་བོད་ལྭ་གསར་བ་རེ་བཟུང་ཞིང་གདོང་ལ་འཛུམ་གྱིས་ཁེངས་ནས་ཁ་བརྡ་བྱེད་བཞིན་འདུག
ང་ཚོས་དེའི་ཁྲོད་ཀྱི་རྒད་པོ་ཞིག་ལ་ད་ལྟའི་འཚོ་བ་ཅི་འདྲ་ཡིན་ཚུལ་སོགས་འདྲི་དུས། ཁོང་གིས་རྒྱལ་ཁབ་དྲིན་ཆེན་པོས་ང་ཚོར་ཁང་བ་ལས་པར་མ་ཟད། ཟ་མའང་རིན་མེད་སྒོས་འདི་ནས་ཟས་ཆོག ད་རུང་ལོ་རེར་སྒོར་ཁྲི་ཙམ་གྱི་ཁ་གསབ་མ་དངུལ་སྟེར་བཞིན་ཡོད། སྨན་བཅོས་ཀྱི་ཐད་ལའང་རང་ཉིད་ཀྱིས་སྒོར་སྐར་གང་ཡང་གཏོང་མི་དགོས་པས་དངོས་གནས་འཚོ་བ་སྐྱིད་པོ་རེད། དེ་རིང་གི་དགུན་ལྭ་འདི་ཡང་མི་སེམས་བཟང་ཁོས་བྱིན་ནི་རེད་ཟེར།
རྒན་རྒོན་ཁོ་ཚོས་བརྗོད་པའི་མི་སེམས་བཟང་དེ་ནི་ཀྲུང་གོ་ལྕགས་ལམ་མ་རྐང་ཚད་ཡོད་ཀུང་ཟིའི་འཐུས་ཚབ་མི་སྣ་ཝའེ་པེན་ཡུག་རེད། ཀུང་ཟི་འདིས་2014ལོ་ནས་བཟུང་ལོ་རེ་བཞིན་རྒན་བཀུར་ཁང་འདིའི་བདག་མེད་ལོ་ལོན་རྣམས་ལ་རོགས་སྐྱོར་བྱེད་བཞིན་ཡོད་པ་དང་། ད་ལོར་དགའ་བདེ་རྫོང་ལ་ཁངས་ཆེན་བབས་ནས་ནམ་ཟླ་ཤིན་ཏུ་འཁྱགས་པས་ལོ་ལོན་རེར་དགུན་ལྭ་རེ་བཟོས་ཏེ་སྟེར་གྱིན་འདུག
ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་མ་རྐང་ཚད་ཡོད་ཀུང་ཟི་ནི་སྔོན་ཆད་ཀྱི་ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་ལྕགས་ལམ་དམག་ཡིན་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་དོ་དམ་བྱེད་པའི་དམིགས་བསལ་བཟོ་སྐྲུན་ཁེ་ལས་ཆེ་གྲས་ཤིག་ཡིན། 2019ལོའི་<<རྒྱུ་ནོར>>་ཞེས་པའི་འཛམ་གླིང་གི་སྟོབས་ལྡན་ཁེ་ལས་ལྔ་བརྒྱའི་ཁྲོད་དུ་ཨང་59པར་སླེབས་ཡོད། 2016ལོ་ནས་བཟུང་ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་མ་རྐང་ཚད་ཡོད་ཀུང་ཟིས་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་ལ་དབུལ་སྐྱོར་བྱེད་ཤུགས་རྒྱུན་མཐུད་ངང་ཆེ་རུ་བཏང་ནས་མ་རྐང་ཀུང་ཟིས་གཅིག་གྱུར་འཆར་འགོད་དང་རིམ་པ་གཉིས་པའི་ལས་ཁུངས་ཀྱིས་གཙོ་བོར་དམ་འཛིན་བྱེད་པ་དང་། འཐབ་ཕྱོགས་དང་པོའི་དབུལ་སྐྱོར་ལས་བྱེད་པས་དོན་འཁྱོལ་བྱེད་པའི་བྱ་བའི་རྐྱེན་སྲོལ་བཙུགས་ཏེ་གནད་འཁེལ་དབུལ་སྐྱོར་བྱ་གཞག་ཁྲོད་བྱས་རྗེས་གསར་པ་མངོན་པར་བྱས་ཡོད། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་མ་རྐང་ཚད་ཡོད་ཀུང་ཟི་བསྟུད་མར་ལོ་གཉིས་ལ་"མཚོ་སྔོན་ཞིང་ཆེན་གྱི་དབུལ་ཐར་མཁྲེགས་གཏོར་གྱི་སྔོན་ཐོན་ལས་ཁུངས་ལ"་བདམས་པ་དང་། ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་ཅུའུ་བཅུ་བདུན་པའི་སྡེ་ཚོགས་ཏང་ཨུས་མཚོ་སྔོན་གྱི་དབུལ་སྐྱོར་ཧྲུའུ་ཅི་དང་པོར་མངགས་གཏོང་བྱས་པའི་བློ་མཐུན་ལིག་དབྱིན་ཀྲིག2018ལོར་མགོ་ལོག་ཁུལ་གྱི"ཕུལ་བྱུང་ཧྲུའུ་ཅི་དང་པོར"་བདམས་པ་རེད་།
ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་མ་རྐང་ཚད་ཡོད་ཀུང་ཟིས་ཧུར་ཐག་གིས་ཐོན་ལས་དབུལ་སྐྱོར་བྱེད་ཐབས་སྤྱད་དེ་སྔ་རྗེས་སུ་མ་དངུལ་སྒོར་ས་ཡ་གཅིག་དང་འབུམ་བཞི་ལྷག་བཏང་ནས་དགའ་བདེ་རྫོང་རྐྱང་ཆད་ཞང་དུ་མུའུ་ཁྲི་ཅན་གྱི་གཟན་རྩྭའི་རྟེན་གཞི་བཙུགས་ཤིང་། རྫོང་ཡོངས་ཀྱི་ཁྱིམ་ཚང་ལྔ་བཅུའི་མི་གྲངས་བརྒྱ་དང་རེ་གཉིས་དབུལ་ཐར་བྱེད་པའི་ཐད་སྐུལ་ཁྲིད་བྱས་ལ། གཟན་རྩྭའི་རྟེན་གཞི་རྨང་གཞིར་བྱས་ནས་མ་དངུལ་སྒོར་བྱེ་བ་བརྒྱད་ཙམ་བཏང་སྟེ"་གངས་རིའི་འབྲོག་ལས་"་ཀྱི་དམངས་གཉེར་ཁེ་ལས་ལེགས་འགྲུབ་བྱས་པ་དང་རྐྱང་ཆད་ཞང་ཧྲིལ་པོ་འཕེལ་རྒྱས་སུ་འགྲོ་བར་སྐུལ་ཁྲིད་བྱས། དེར་མ་ཟད་ཤེལ་ལུང་སྡེ་བའི་མི་རིགས་གྱོན་ཆས་ལས་སྣོན་བཟོ་གྲྭ་བཙུགས་པ་དང་མིག་སྔར་ཤེལ་ལུང་སྡེ་བའི་དབུལ་ཕོངས་ཁྱིམ་ཚང་རེ་དྲུག་དབུལ་ཕོངས་ལས་ཐར་བར་བྱས།
མཚོ་སྔོན་དགའ་བདེ་རུ་ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་མ་རྐང་ཚད་ཡོད་ཀུང་ཟིས་མ་དངུལ་སྒོར་འབུམ་གཅིག་བཏང་ནས་དྲ་ཐོག་ཚོང་ཁང་གསར་སྤེལ་དང་འཛུགས་སྐྲུན་བྱས་ཏེ་བོད་ཁུལ་གྱི་དབྱར་རྩྭ་དགུན་འབུ་དང་སྐམས་ཤ་སོགས་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ས་གནས་སོ་སོར་ཕྱིར་འཚོང་བྱེད་པ་དང་། ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་ཁོངས་གཏོགས་ཀྱི་ཁྲོམ་རའི་ལེགས་ཆར་བརྟེན་ནས་ས་མཐོའི་ཞིང་ཕྱུགས་ཐོན་རྫས་ནང་ལོག་ཏུ་བྲིན་ཚོང་བྱེད་པའི་སྐར་ཁུང་བཏོད་པ་རེད་།
དེ་བཞིན་སྒོར་ས་ཡ་བཞི་དང་འབུམ་གསུམ་ཁྲི་ལྔ་ཞལ་འདེབས་སུ་ཕུལ་ནས་དགའ་བདེ་རྫོང་གཞོན་ནུ་ལོ་ཆུང་བྱ་འགུལ་ལྟེ་གནས་འཛུགས་སྐྲུན་བྱས་པ་དང་། མ་དངུལ་སྒོར་འབུམ་གསུམ་བཏང་ནས་དཀའ་ཁག་ཅན་གྱི་མང་ཚོགས་ལ་རོགས་སྐྱོབ་བྱས། ཆེད་སྤྱོད་མ་དངུལ་སྒོར་འབུམ་གཅིག་བཏང་ནས་རང་བྱུང་གནོད་འཚེ་ཁྲོད་གྱོང་གུད་ཐེབས་པའི་ཁྱིམ་ཚང་ལ་རོགས་རམ་བྱས་པ་དང་། མ་དངུལ་སྒོར་འབུམ་ལྔ་བཏང་ནས་ཡུལ་གཞན་གནས་སྤོར་ལས་གཞིའི་དྲོད་རླངས་སོགས་སྒྲིག་ཆས་ཆ་ཚང་འཛུགས་སྐྲུན་བྱས་པར་མ་ཟད། མ་དངུལ་སྒོར་འབུམ་གཅིག་བཏང་ནས་དགའ་བདེ་རྫོང་ཁོ་ཆུ་གྲོང་རྡལ་དུ་གྲོང་ཚོ་རིམ་པའི་ཏང་ཡོན་བྱ་འགུལ་ཁང་བཅུ་ལས་པ་དང་། མ་དངུལ་སྒོར་འབུམ་གཅིག་བཏང་ནས་དགའ་བདེ་རྫོང་གི་སློབ་གྲྭ་འབྲིང་ཆུང་གི་སློབ་མར་སློབ་སྦྱོང་གི་མཁོ་ཆས་ཉོས་ཤིང་། ལྕགས་ལམ་འཛུགས་སྐྲུན་གཅེས་སེམས་སློབ་རོགས་ཐེབས་རྩ་བཙུགས་ནས་ལོ་ལྟར་རྫོང་ཡོངས་ཀྱི་སྤྱོད་ཡོན་གཉིས་ལྡན་དང་དཀའ་ངལ་ཡོད་པའི་སློབ་མ་50ལ་བྱ་དགའ་སྟེར་བ་དང་རོགས་དངུལ་སྤྲོད་པ་དང་། ལོ་ལྟར་ཁྱིམ་ཚང་དབུལ་པོར་འཚམས་འདྲིའི་དངུལ་དང་འཚོ་བའི་མཁོ་ཆས་སྟེར་བཞིན་ཡོད་པས། ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་མ་རྐང་ཚད་ཡོད་ཀུང་ཟིའི་གཞན་ཕན་གྱི་ལྷག་བསམ་རྣལ་མ་འདི་ལ་ང་ཚོས་ནམ་ཡང་སློབ་སྦྱོང་དང་རྗེས་སུ་ཡི་རང་བྱེད་འོས།
འདིའི་ཐད་ནས་ཀྲུང་གོ་ལྕགས་ལམ་མ་རྐང་ཚད་ཡོད་ཀུང་ཟིའི་འཐུས་ཚབ་མི་སྣ། དགའ་བདེ་རྫོང་གི་ལས་ཁུར་སྦྱོང་བརྡར་བྱེད་པའི་རྫོང་དཔོན་གཞོན་པ་ཝའེ་པེན་ཡུག་གིས་བཤད་རྒྱུར། དགའ་བདེ་རྫོང་ནི་ང་ཚོ་ཀྲུང་གོ་ལྕགས་ལམ་མ་རྐང་ཚད་ཡོད་ཀུང་ཟིས་རྒྱལ་ཡོངས་སུ་རོགས་སྐྱོར་བྱེད་པའི་རྫོང་གསུམ་གྲས་ཀྱི་གཅིག་ཡིན། ངེད་ཀུང་ཟིའི་འགོ་ཁྲིད་དག་གིས་དཀའ་ཁག་ས་ཁུལ་གྱི་མང་ཚོགས་ལ་ཧ་ཅང་ཐུགས་ཁུར་བྱེད་ཀྱིན་ཡོད་ཅིང་། ལྷག་པར་དུ་ད་ལོར་དགའ་བདེ་རྫོང་གི་ནམ་ཟླ་ཤིན་ཏུ་འཁྱགས་པས་རྫོང་ཡོངས་ཀྱི་བདག་མེད་ལོ་ལོན་བརྒྱ་དང་དགུ་ཅུ་ལ་བོད་ལྭ་རེ་བཟོས་ཏེ་བྱིན་པ་ཡིན། 2014ལོ་ནས་བཟུང་ང་ཚོས་ལོ་རེར་སྒོར་ས་ཡ་གཅིག་ལྷག་བཏང་ནས་གཟན་རྩྭ་དང་གསོ་སྤེལ། སློབ་གསོ་སོགས་ཐད་ལ་རོགས་སྐྱོར་བྱེད་བཞིན་ཡོད་ཅིང་། ད་ལོའི་བར་བསྡོམས་པས་སྒོར་ས་ཡ་བདུན་ལྷག་གིས་རོགས་སྐྱོར་བྱས་ཡོད་ཟེར།
དགུན་ཟླ་བཅུ་གཉིས་པའི་དུས་ཚིགས་འདིར་མཐོ་སྒང་གི་ཡུལ་གྲུ་སོ་སོ་ཁ་བས་གཡོགས་ཤིང་མཚོ་ངོས་ལས་མཐོ་ཚད་རྨིད་བཞི་སྟོང་ལས་བརྒལ་བའི་དགའ་བདེ་རྫོང་གི་ཆ་སྙོམས་དྲོད་ཚད་གོར་ཐིག་མན་གྱི་ཏུའུ་སུམ་བཅུར་སླེབས་ཡོད་ནའང་། ཡུལ་འདིའི་ལྷད་མེད་སེམས་བཟང་གི་མི་རྣམས་ཀྱི་གདོང་ལ་དགའ་བས་ཁེངས་འདུག ལྷག་པར་དུ་ཁོ་ཆུ་གྲོང་རྡལ་དཀྱིལ་སྙིང་རྒན་བཀུར་ཁང་གི་ལོ་ལོན་རྒན་པ་ཚོར་མཚོན་ན་ཏང་དང་རྒྱལ་ཁབ་ཀྱི་བཀའ་དྲིན་དང་། ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་མ་རྐང་ཚད་ཡོད་ཀུང་ཟིའི་བརྩེ་སེམས་ཀྱི་འོག་ན་དགུན་རྒྱ་སྟག་འདྲ་བོའི་གྲང་ངར་རྒོད་རུང་རྒས་དུས་གཉོར་མཁན་ཡོད་པ་དང་རྒས་དུས་བརྟེན་ས་ཡོད་པས་བདེ་སྐྱིད་ངང་ཚེ་མཇུག་གི་འཚོ་བ་རོལ་བཞིན་མཆིས།
རྒན་བཀུར་ཁང་ནས་གཉེན་སྒྲིག་བྱས་པའི་བཟའ་ཟླ་གཉིས།