མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ལ་གཞས་དཔྱད་གླེང་ཚོགས་འདུ་མཚོ་བྱང་ནུབ་མཚོ་གྲོང་རྡལ་དུ་ཚོགས།
2019.08.05 ཁུངས། ཀློག་གྲངས། 2077

ཟླ༨པའི་ཚེས༥ཉིན་གྱི་སྔ་དྲོའི་ཆུ་ཚོད་དགུའི་སྟེང་། ཞིང་ཆེན་ཡོངས་ཀྱི་ལ་གཞས་དཔྱད་གླེང་ཚོགས་འདུ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ནུབ་མཚོ་གྲོང་རྡལ་རིག་རྩལ་བྱ་འགུལ་ལྟེ་གནས་སུ་ཚོགས་ཤིང་། ཚོགས་ཐོག་ཏུ་ཆེད་མཁས་པ་དང་གླུ་བ་གླུ་མ་བཞི་བཅུ་ལྷག་ཚོགས་འདུར་ཞུགས།

མི་དམངས་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་ཚོགས་སུ་གཏོང་བ་དང་། དམངས་ཁྲོད་ཕུལ་བྱུང་རིག་གནས་རྒྱུད་འཛིན་གོང་སྤེལ། གཟུགས་འདས་ཤུལ་བཞག་རིག་གནས་ཨ་མདོའི་ལ་གཞས་སྲུང་སྐྱོབ་དང་དར་སྤེལ་གཏོང་ཆེད། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་གྱིས་རང་ཞིང་ཆེན་གྱི་ཁུལ་སོ་སོའི་རིག་གནས་སྡེ་ཁག་གི་རྒྱབ་སྐྱོར་འོག་ད་ལྟའི་བར་སྡེ་ཆེན་རྩེད་རའི་ཞིང་ཆེན་ཡོངས་ཀྱི་བོད་ཀྱི་ལ་གཞས་འགྲན་སྡུར་ཞེས་པ་ཐེངས་དྲུག་ཏུ་སྤེལ་ཞིང་། ལ་གཞས་སྒྱུ་རྩལ་ལ་དུངས་པ་ཟབ་ཅིང་འདུན་པ་ཆེ་ཞིང་གླུ་བ་གླུ་མ་མང་པོར་གར་སྟེགས་བསྐྲུན་ཏེ་ལ་གཞས་སྒྱུ་རྩལ་དར་སྤེལ་བྱས་ཡོད་ལ། ན་གཞོན་ལ་གཞས་སྒྱུ་རྩལ་པའང་མང་པོ་ཞིག་སྐྱེད་སྲིང་བྱས་པས། རྒྱ་ཆེའི་མང་ཚོགས་རྣམས་ཀྱིས་དགའ་བསུ་ཆེན་པོ་ཐོབ་ཡོད། ད་ཐེངས་མཚོ་བྱང་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་ཅུའུ་དང་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན། མཚོ་སྔོན་ཞིང་ཆེན་མི་རིགས་གློག་བརྙན་འཕྲིན་སྒྱུར་སྐྲུན་ལྟེ་གནས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། མཚོ་བྱང་ཁུལ་མང་ཚོགས་སྒྱུ་རྩལ་ཁང་བཅས་ཀྱིས་འགན་སྒྲུབ་གནང་སྟེ།2019ལོའི་སྡེ་ཆེན་རྩེད་ར་རྟགས་མའི་ཞིང་ཆེན་ཡོངས་ཀྱི་གླུ་བ་གླུ་མ་གྲགས་ཅན་གྱི་ལ་གཞས་ཆེད་ཚོགས་དང་། ཞིང་ཆེན་ཡོངས་ཀྱི་ལ་གཞས་དཔྱད་གླེང་ཚོགས་འདུ་མཚོ་བྱང་ཁུལ་ནུབ་མཚོ་གྲོང་རྡལ་དུ་བསྡུས།

ད་ལོར་སྐབས་དྲུག་ཏུ་སྤེལ་བའི་ལ་གཞས་འགྲན་སྡུར་ལས་ཨང་དང་པོ་དང་གཉིས་པ་ཐོབ་པའི་གླུ་བ་གླུ་མ་རྣམས་ཕྱོགས་གཅིག་ཏུ་བསྡུས་ཤིང་། ཆེད་མཁས་པ་མང་པོ་གདན་ཞུ་བྱས་ནས་ཞིང་ཆེན་ཡོངས་ཀྱི་ལ་གཞས་དཔྱད་གླེང་ཚོགས་འདུ་བསྡུས་པ་ཡིན་ལ། ཚོགས་འདུའི་སྟེང་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་གཙོ་གཞོན་པ། མི་རིགས་དགེ་འོས་སློབ་གླིང་གི་གླིང་གཙོ་རྒྱ་ཡེ་བཀྲ་བྷོ་དང་། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དང་། དམངས་སྲོལ་ཆེད་མཁས་པ་གཅན་བཀྲ་བྷོ། དམངས་ཁྲོད་རིག་རྩལ་ཆེད་མཁས་འབྲུག་རྒྱལ་འབུམ། དམངས་ཁྲོད་སྒྱུ་རྩལ་པ་དང་ཁུལ་རིམ་པའི་ལ་གཞས་རྒྱུད་འཛིན་པ་ལྕགས་མོ་རྒྱལ། དམངས་ཁྲོད་སྒྱུ་རྩལ་པ་དང་ཞིང་ཆེན་རིམ་པའི་ལ་གཞས་རྒྱུད་འཛིན་པ་ཚེ་དཔལ་སྐྱབས། དམངས་ཁྲོད་སྒྱུ་རྩལ་པ་དང་ཁུལ་རིམ་པའི་ལ་གཞས་རྒྱུད་འཛིན་པ་སྒྲོལ་མ་ཚེ་རིང་། མཚོ་བྱང་ཁུལ་རྐང་ཚ་རྫོང་རིག་གནས་ཁང་གི་མགོ་གཙོ་ཐུགས་རྗེ་བཅས་གདན་ཞུ་གནང་ལ། གླུ་བ་གླུ་མ་སུམ་ཅུ་ལྷག་ཚོགས་འདུར་ཟུར་ཞུགས་བྱས།

ཚོགས་འདུའི་སྟེང་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་གྱི་སྤྱི་ཁྱབ་ལྟ་སྐུལ་བ་གཞོན་པ་ལྷ་བརྟན་གྱིས་ཚོགས་འདུར་མགོ་འཛིན་བྱས་ཤིང་། ཆེད་མཁས་པ་དག་གིས་ལ་གཞས་སྒྱུ་རྩལ་ཇི་ལྟར་སྲུང་སྐྱོབ་དང་། དར་སྤེལ། རྒྱུད་འཛིན་བྱ་བའི་ཐད་ནས་དཔྱད་གླེང་བྱས།

ཐོག་མར་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་བོད་སྐད་རླུང་འཕྲིན་གྱི་རིག་རྩལ་ཚན་ཁག་གི་མགོ་གཙོ་བསྟན་འཛིན་གྱིས་སྡེ་ཆེན་རྩེད་རའི་ལེ་ཚན་དང་པོ་ཇི་ལྟར་བསྒྲུབས་པ་དང་། མང་ཚོགས་ལ་ཤན་ཤུགས་ག་འདྲ་ཐེབས་པ། ལྷག་པར་སྡེ་ཆེན་རྩེད་ར་རྟགས་མའི་ཞིང་ཆེན་ཡོངས་ཀྱི་བོད་ཀྱི་ལ་གཞས་འགྲན་སྡུར་སྤེལ་བའི་རིང་གི་གནས་ཚུལ་དག་གླེང་ཞིང་། ཐེངས་འདིའི་དཔྱད་གླེང་ཚོགས་འདུའི་གལ་ཆེའི་རང་བཞིན་དང་ལ་གཞས་ཆེད་ཚོགས་བསྡུ་བའི་དགེ་མཚན་གྱི་སྐོར་ནས་གླེང་།

ཚེ་དཔལ་སྐྱབས་ཀྱིས་ལ་གཞས་སྒྱུ་རྩལ་གྱི་གླུ་ཚིག་དང་དབྱངས་ཀྱི་སྟེང་ནས་ནོར་འཁྲུལ་འགའ་བྱུང་དང་འབྱུང་བཞིན་པའི་ཚུལ་ནས་གླེང་ཞིང་། གསར་རྩོམ་གྱི་ལ་གཞས་འགའ་ཤས་ལ་སྔ་མའི་ལ་གཞས་སྒྱུ་རྩལ་ཉིང་བཅུད་མི་འདུག་པའི་སྟེང་ནས་གླུ་བ་གླུ་མ་རྣམས་ལ་གསལ་འདེབས་བྱས།

གཅན་བཀྲ་བྷོས་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱིས་བོད་ཀྱི་རིག་གནས་སྟེང་གོ་གནས་ག་འདྲ་ཟིན་པ་དང་། ལྷག་པར་གླུ་གཞས་སྒྱུ་རྩལ་འདི་དམ་པའི་ལྷ་ཆོས་དང་འཇིག་རྟེན་མི་ཆོས་སུ་མངོན་ཚུལ་ག་འདྲ་ཡིན་པ་དང་། དེ་ཡི་གལ་ཆེའི་རང་བཞིན་ག་འདྲ་ཡིན་པ་གླེང་ཞིང་། གླུ་བ་གླུ་མ་དག་ལ་རང་གི་རིག་གནས་ཀྱི་ངོ་བོ་ངོས་ཟིན་དགོས་པ་དང་། འགན་ཁུར་གྱི་འདུ་ཤེས་གལ་ཆེན་པོ་ཡིན་སྟངས་ཐད་ནས་གླེང་ལ། གླུ་གཞས་སྒྱུ་རྩལ་འདི་ལག་ལེན་བྱ་དུས་བོད་ཀྱི་རིག་གནས་དང་བོད་ཀྱི་འཚོ་བ་དང་མཐུན་དགོས་པ་དང་། སྔ་མའི་གླུ་ཚིག་དང་དབྱངས་རྟ་ལ་བརྩི་འཇོག་བྱ་དགོས་པ། ཉམས་བཞིན་པའི་དབྱངས་རྟའི་ཐད་ནས་ཤུགས་རྒྱག་དགོས་འདུག་ཅེས་གླེང་།

རྒྱ་ཡེ་བཀྲ་བྷོས་ཐོག་མར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གཙོ་བྱས་པའི་ཏང་ཀྲུང་དབྱང་གིས་མི་རིགས་རིག་གནས་ལ་མཐོང་ཆེན་དང་། རྒྱུད་འཛིན་ཐད་ནས་ཤུགས་རྒྱག་དགོས་ཞེས་དགོངས་པ་གལ་ཆེན་ཡོད་པའི་སྐོར་ནས་གླེང་ཞིང་། དེ་ནས་ལ་གཞས་སྒྱུ་རྩལ་གྱི་བྱུང་བ་དང་འབྲེལ་ནས་ངག་ཐོག་གི་རིག་གནས་འདིའི་གལ་ཆེན་གླེང་ལ། རང་ཅག་གི་གླུ་གཞས་རིག་གནས་འདི་བོད་ཀྱི་རིག་གནས་བཅུ་དང་། ཕུན་ཚོགས་སྡེ་བཞི་རུ་ཇི་ལྟར་ཡོད་པ་གླེང་བ་དང་། བོད་ཀྱི་ངག་ཐོག་རིག་གནས་ཧ་ཅང་ཕུན་སུམ་ཚོགས་པ་རྒྱལ་སྤྱི་རྒྱལ་ནང་དུ་གདེང་འཇོག་དང་གོ་གནས་གལ་ཆེན་ཟིན་པའི་སྐོར་གླེང་།

དེ་ནས་ལ་གཞས་སྒྱུ་རྩལ་འདི་བོད་ཀྱི་འཚོ་བ་ལས་བྱུང་བ་དང་། གླུ་བ་གླུ་མ་རྣམས་ཀྱི་ངག་གི་རྩལ་ལས་བྱུང་ཞིང་། དེ་ཉིད་ལ་འཚོ་བའི་རྨང་གཞི་དང་སྐྱིད་སྡུག བློ་གྲོས་མེད་ན་རང་ཅག་གི་རིག་གནས་འདི་ལྟ་བུ་འགྲུབ་མི་ཐུབ་པའི་སྐོར་ནས་གླེང་། 

དེ་ནས་བོད་ཀྱི་གླུ་གཞས་སྒྱུ་རྩལ་འདི་ཧ་ཅང་དཔལ་ཡོན་ལྡན་པའི་རིག་གནས་ཡིན་པ་དང་། འཚོ་བའི་རྨང་གཞི་བརྟན་ཞིང་། ཤན་ཤུགས་ཆེ་བ། སེམས་ཀྱི་རིག་གནས་དང་ལོངས་སྤྱོད་ཅིག་ཡིན་པ་དང་། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ལས་ཁུངས་སོགས་ཀྱིས་ད་ལྟའི་བར་ལ་གཞས་སྒྱུ་རྩལ་གྱི་རྒྱུད་འཛིན་དར་སྤེལ་ཐད་ལ་འབད་པ་ཧུར་ཐག་བྱས་པ་རེད་ཅེས་གླེང་།

མཇུག་མཐར་གླུ་བ་གླུ་མ་དག་གིས་རང་གི་འགན་འཁྲིའི་འདུ་ཤེས་དེ་རྟོགས་རྒྱུ་གལ་ཆེ་བ་དང་། གླུ་བ་དག་གིས་བོད་སྤྱི་ལ་ཕན་ཐོགས་ཆེ་བའི་གླུ་གཞས་སྒྱུ་རྩལ་ལ་ཤུགས་ཆེན་པོ་རྒྱག་དགོས་པ་དང་། ངག་ཐོག་རིག་གནས་དར་སྤེལ་ལ་ཆེས་གལ་ཆེ་བ་ནི་རྒྱུད་འཛིན་ཡིན་པ་དང་། རྒྱུད་འཛིན་ནི་ཁ་ཕྱོགས་གཙོ་བོ་ཡིན་པར་བཤད།

མཇུག་མཐར་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་གྱི་སྤྱི་ཁྱབ་ལྟ་སྐུལ་བ་ཆོས་ཕྱུག་རྒྱལ་གྱིས་མཚར་སྡུག་གི་ལོ་ངོ་བདུན་ཅུའི་ནང་། སྲོལ་རྒྱུན་རིག་གནས་ཀྱི་འཛིན་སྐྱོང་སྤེལ་གསུམ་ཐད་ལ་ཏང་དང་རྒྱལ་ཁབ་ཀྱིས་ཇི་ལྟར་ཤུགས་བསྣན་པ་དང་། རང་རེའི་ལས་ཁུངས་ཀྱིས་ཀྱང་འབད་པ་ལྷུར་ལེན་བྱས་ཏེ་འགྲན་སྡུར་དང་ཆེད་ཚོགས་སྣ་མང་བསྡུས་ཏེ། བོད་ཀྱི་སྲོལ་རྒྱུན་རིག་གནས་ཉམས་པ་སླར་གསོ་དང་། མ་ཉམས་གོང་འཕེལ་ཐད་ལ་ཤུགས་བསྣན་ཡོད་པའི་སྐོར་ནས་གླེང་བར་མ་ཟད། ཚོགས་འདུར་ཕེབས་པའི་ཆེད་མཁས་པ་དང་གླུ་བ་གླུ་མ་དག་ལ་བཀའ་དྲིན་ཆེ་ཞུ་བ་དང་ལྷན་དུ། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ལ་གཞས་དཔྱད་གླེང་ཚོགས་འདུ་མཇུག་རྫོགས།