2019ལོའི་སྡེ་ཆེན་རྩེད་རའི་ཞིང་ཆེན་ཡོངས་ཀྱི་གླུ་བ་གླུ་མ་གྲགས་ཅན་གྱི་ལ་གཞས་ཆེད་ཚོགས་ཀྱི་ཉིན་གཉིས་པ།
2019.08.06 ཁུངས། ཀློག་གྲངས། 1633

2019ལོའི་སྡེ་ཆེན་རྩེད་རའི་ཞིང་ཆེན་ཡོངས་ཀྱི་གླུ་བ་གླུ་མ་གྲགས་ཅན་གྱི་ལ་གཞས་ཆེད་ཚོགས་ཚེས་དྲུག་ཉིན་མུ་མཐུད་དུ་སྤེལ་ཞིང་། མཚོ་ལྷོའི་གླུ་བ་ལྷ་ཆེན་རྒྱལ་དང་མཚོ་ལྷོའི་གླུ་མ་ལྷ་ཐར་མཚོ་གཉིས་ཀྱིས་སྡེ་ཆེན་པོའི་རྩེད་མགོ་ཁ་ལ་ལའི་གླུ་ལ་བཀུག་ཅིང་། ངག་འཇམ་པོ་སྙན་མོ་ཚིག་གིས་གྲོལ་ཏེ། རང་རིགས་མེས་པོ་རྣམས་ཀྱི་བློ་གྲོས་ཀྱི་རྩལ་ལས་བྱུང་བའི་སྲིད་པའི་གླུ་རྒན་ཆེན་པོ་མཐོ་བ་གངས་རིའི་ཁོང་གསེང་ནས་བརྡོལ་བའི་རྫ་ཆུ་བསིལ་མ་བཞིན། ལྷུང་ལྷུང་དང་ཤག་ཤག བསིལ་བསིལ་དང་མངར་མངར་གྱིས་ཁྲོམ་ཆེན་པོའི་དར་ལུང་རྣ་བའི་གསོས་དང་། ཁྲ་ཆུང་མིག་གི་དགའ་སྟོན་དུ་བྱོན་པ་ལེགས་པའི་ཚུལ་གྱིས་སྡེ་ཆེན་རྩེད་རའི་གར་སྟེགས་ཡོངས་སུ་ཕྱེ་བར། ཚོགས་རར་ཕེབས་ཀྱི་ཕྱོགས་ཡོངས་ཀྱི་མགྲོན་པོ་དག་དྲངས་པའི་མིག་ཟུང་ཅེར་ཞིང་། དགའ་བའི་སེམས་པ་གཡོ་བ་ཞལ་དཀར་པོའི་ངོས་ལ་འཛུམ་འཛུམ་དང་བཞད་བཞད་དུ་མངོན་བྱུང་ལ། སྤྲོ་བའི་ཐལ་སྒྲ་རྡེབ་བཞིན་སྲོལ་རྒྱུན་རིག་གནས་ཉིང་བཅུད་ལྡན་པ་འདི་དཀར་པོ་འོ་མར་མར་ལོ་སེར་པོས་མངར་བླུད་པའི་ལོངས་སྤྱོད་ཆེན་པོའི་ངང་ཚུལ་ཞིག་ཏུ་ངོམས་པ་མེད་པའི་རྟེན་འབྲེལ་འགྲིག་པར། རང་ཅག་སྡེ་ཆེན་རྩེད་རའི་འགྲན་སྡུར་ལས་ཕུལ་དུ་བྱུང་བའི་གླུ་བ་གླུ་མ་དག་གི་ལ་གཞས་སྒྱུ་རྩལ་གྱི་རང་མདངས་དང་ངག་རིག་སྒྱུ་རྩལ་གྱི་རྩལ་མངོན་པ་ཡིན་ལ། ལ་གཞས་སྒྱུ་རྩལ་གྱི་རྨད་བྱུང་གི་ཁྱད་ཆོས་དེ་ཡོངས་སུ་མཚོན་པར་བྱས་པས། ཐེངས་འདིའི2019ལོའི་སྡེ་ཆེན་རྩེད་རའི་ཞིང་ཆེན་ཡོངས་ཀྱི་གླུ་བ་གླུ་མ་གྲགས་ཅན་གྱི་ལ་གཞས་ཆེད་ཚོགས་བསྒྲུབས་ཏེ། མང་ཚོགས་ཀྱི་བསམ་པའི་ལོངས་སྤྱོད་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དང་དར་སྤེལ་ལ་འབད་པ་བགྱིས་པར། གཙོ་སྒྲུབ་ལས་ཁུངས་ཀྱི་ཐོག་མའི་བསམ་འདུན་གྱི་རི་མོ་འགྲུབ་པའི་རྟེན་འབྲེལ་དུ་གྲུབ་སོང་།

མཚོ་ལྷོའི་གླུ་བ་ལྷ་ཆེན་རྒྱལ།

མཚོ་ལྷོའི་གླུ་མ་ལྷ་ཐར་མཚོ།

དེ་ནས་ལེན་སྐོར་གཉིས་པ་མཚོ་ལྷོའི་གླུ་བ་ཀླུ་བྷ་ཚེ་རིང་མཚོ་ལྷོའི་གླུ་མ་བཀྲ་ཤིས་འཚོ་གཉིས་ཀྱིས་རོགས་མཐུན་པའི་སྐོར་དང་ཁ་བྲལ་བའི་སྐོར་སོགས་བླངས་ཏེ། ཁྲོམ་ཆེན་པོར་ཇ་ཆང་མཚོ་མོ་བསྐྱིལ་ཞིང་། ཤ་ཐུད་ཀྱི་རི་རབ་བརྩིགས་འདྲའི་བདག་གཞི་མགྲོན་དགྱེས་པའི་སྟོན་ཆེན་ཞིག་བཤམས་པར། ཉན་པའི་ཉི་མ་ཐུང་དྲགས་པ་དང་། སྐོམ་པའི་འདོད་པ་སེལ་ཐབས་བྲལ་བའི་རྣམ་འགྱུར་ཞིག་མངོན་འདུག

མཚོ་ལྷོའི་གླུ་བ་ཀླུ་བྷ་ཚེ་རིང་།

མཚོ་ལྷོའི་གླུ་མ་བཀྲ་ཤིས་འཚོ།

མདོ་འཛིན་པ་ཚེ་རིང་བཀྲ་ཤིས་དང་འཆི་མེད་སྒྲོལ་མ།

དེ་ནས་ལེན་སྐོར་གསུམ་པ་མགོ་ལོག་གི་གླུ་བ་ཚེ་རིང་དཔལ་འབྱོར་དང་མགོ་ལོག་གི་གླུ་མ་ཚེ་རིང་སྒྲོལ་མ་གཉིས་ཀྱིས་ཀྱང་རང་གི་ས་ཆའི་ཁྱད་ཆོས་མངོན་པའི་ལ་གཞས་སྒྱུ་རྩལ་སྙན་མོ་ངག་ལ་དྲངས་ཤིང་། རོགས་མཐུན་པའི་ཚིག་གི་མཆོད་ཁ་སྡེ་ཆེན་པོའི་གྲོང་ལ་ཕུལ་བར། ལ་གཞས་སྙན་མོ་མར་ཁུའི་མཚོ་མོ་འཁྱིལ་འདྲ་ཟེར་བའི་གསེར་དངུལ་རྩྭ་ཐང་ལ་ཁྱབ་ཅིང་། མཐོན་པོ་རིའི་རྩེ་མོ་བརྒྱུད་ནས་གནམ་སྔོན་མོའི་བང་རིམ་ན་རྒྱུ་བའི་སྤྲིན་དཀར་དང་འདྲེས་སོང་།

མགོ་ལོག་གི་གླུ་བ་ཚེ་རིང་དཔལ་འབྱོར།

མགོ་ལོག་གི་གླུ་མ་ཚེ་རིང་སྒྲོལ་མ།

ལན་སྐོར་བཞི་བ་མཚོ་བྱང་གི་གླུ་བ་མགོན་སྐྱབས་ཚེ་རིང་དང་མཚོ་ལྷོའི་གླུ་མ་ཕག་མོ་འཚོ་གཉིས་ཀྱིས་བླངས།

མཚོ་བྱང་གི་གླུ་བ་མགོན་སྐྱབས་ཚེ་རིང་།

མཚོ་ལྷོའི་གླུ་མ་ཕག་མོ་འཚོ།

ལན་སྐོར་ལྔ་བ་མཚོ་བྱང་གི་གླུ་བ་ཀླུ་རྒྱལ་དང་མཚོ་ལྷོའི་གླུ་མ་བྱམས་མཚོ་གཉིས་ཀྱིས་བླངས།

མཚོ་བྱང་གི་གླུ་བ་ཀླུ་རྒྱལ།

མཚོ་ལྷོའི་གླུ་མ་བྱམས་མཚོ

ལན་སྐོར་དྲུག་པ་མཚོ་ནུབ་ཀྱི་གླུ་བ་གསེར་འབྲུག་རྒྱལ་དང་མཚོ་བྱང་གི་གླུ་མ་ཕུར་མཚམས་ཚེ་སྐྱིད་གཉིས་ཀྱིས་བླངས།

མཚོ་ནུབ་ཀྱི་གླུ་བ་གསེར་འབྲུག་རྒྱལ།

མཚོ་བྱང་གི་གླུ་མ་ཕུར་མཚམས་ཚེ་སྐྱིད།

ལན་སྐོར་བདུན་པ་མཚོ་བྱང་གི་གླུ་བ་གཡང་འབུམ་བཀྲ་ཤིས་དང་རྨ་ལྷོའི་གླུ་མ་སྐལ་བཟང་སྐྱིད་གཉིས་ཀྱིས་བླངས།

མཚོ་བྱང་གི་གླུ་བ་གཡང་འབུམ་བཀྲ་ཤིས།

རྨ་ལྷོའི་གླུ་མ་སྐལ་བཟང་སྐྱིད།

སྡེ་ཆེན་པོ་ཁ་ཐག་ཁེར་ལམ་ནས། །

སྨན་ངེད་ཚོ་གྲོང་ནས་ཁེར་འགྲོ་ཡིན། །

མིག་ཁྲ་རིལ་སྡེ་མཐའི་སོ་བ་ཡིན། །

ཁ་ལ་ལ་དེ་དང་འབྲེལ་བ་ཡིན། །

ཞེ་སྡུག་ག་སྡེ་ལམ་རིང་མོ་ཡིན། །

ཞེ་སྡུག་རུང་མི་འདུག་ཀ་མེད་ཡིན། །

ང་མ་བཟང་བུ་མོའི་ལས་དབང་ཡིན། །

རྫ་ཁྲ་ཡག་ཁ་ཐག་ཁེར་ལམ་ནས། །

འབྲོང་གྲེ་སེར་རྫ་ནས་ཁེར་འགྲོ་ཡིན། །

མགོ་རྭ་ཐུར་རྫ་མཐའི་སོ་བ་ཡིན། །

སྨུག་ལ་ལུང་དེ་དང་འབྲེལ་བ་ཡིན། །

ཞེ་སྡུག་ག་རྫ་ལམ་རིང་མོ་ཡིན། །

ཞེ་སྡུག་རུང་མི་འདུག་ཐབས་མེད་ཡིན། །

ང་གྲེ་སེར་འབྲོང་གི་ལས་དབང་ཡིན། །

ཚེས་བཅོ་ལྔའི་དུང་ཟླ་དཀར་པོ། །

དཀར་འོད་ལེར་དགུང་ནས་ཤར་ན། །

ཁྲ་སྐར་མའི་ཁ་གྲངས་མང་རུང་། །

ཞེ་བསམ་པའི་དྲན་ཤིང་སྐྱ་མོ། །

དོན་དམ་པའི་དུང་ཟླ་ཁྱོད་རེད། །

ལོ་བཅོ་ལྔའི་འདང་ཆེན་རོགས་ལོ། །

ཁ་བགད་ནས་སྡེ་ནས་ཡོང་ན། །

ནང་ན་ཟླའི་ཁ་གྲངས་མང་རུང་། །

ཞེས་བསམ་པའི་དྲན་ཤིང་སྐྱ་མོ། །

དོན་དམ་པའི་རོགས་ལོ་ཁྱོད་རེད། །

སྡེ་ཆེན་པོ་ཁ་ཐག་ཁེར་ལམ་ནས། །

སྨན་ངེད་ཚོ་གྲོང་ནས་ཁེར་འགྲོ་ཡིན། །

མིག་ཁྲ་རིལ་སྡེ་མཐའི་སོ་བ་ཡིན། །

ཁ་ལ་ལ་དེ་དང་འབྲེལ་བ་ཡིན། །

ཞེ་སྡུག་ག་སྡེ་ལམ་རིང་མོ་ཡིན། །

ཞེ་སྡུག་རུང་མི་འདུག་ཀ་མེད་ཡིན། །

ང་མ་བཟང་བུ་མོའི་ལས་དབང་ཡིན། །

ངའི་དངུལ་དཀར་ཕོར་བའི་ནང་ལ།

ཆང་བདུད་རྩི་བསིལ་མ་གང་ཡོད། །

ལྟད་མོ་བའི་ཚོགས།