སྲིད་པ་རྒད་པོ་རྟགས་མའི་བོད་ཀྱི་གཏམ་དཔེ་གདན་ཞུའི་འགྲན་སྡུར་སྐབས་གཉིས་པའི་གྲ་སྒྲིག་གི་བྱ་བ་སྣ་ཚོགས་ལེགས་པར་གྲུབ།
2019.07.19 ཁུངས། ཀློག་གྲངས། 1542

གངས་ལྗོངས་མེ་ལོང་ནས་སྤེལ་བའི་གསར་འགྱུར། (གསར་འགོད་པ།  ཐུབ་བསྟན།  སྲས་མོ་སྒྲོལ་མ།)སྤྱི་ཟླ་བདུན་པའི་ཚེས་བཅུ་དགུ་ཉིན། མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་དང་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཀྲུང་གུང་རྩེ་ཁོག་རྫོང་ཨུ། རྫོང་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་སྒྲུབ་བྱས་ཤིང་། མཚོ་སྔོན་ཞིང་ཆེན་མི་རིགས་སྐད་གློག་བརྙན་འཕྲིན་སྒྱུར་སྐྲུན་ལྟེ་གནས་དང་མཚོ་སྔོན་བོད་སྐད་རླུང་འཕྲིན། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། རྩེ་ཁོག་རྫོང་རིག་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ། རྩེ་ཁོག་རྫོང་སྲིད་པ་རྒད་པོ་སྲོལ་རྒྱུན་རིག་གནས་དར་སྤེལ་ཚད་ཡོད་ཀུང་ཟི་བཅས་ཀྱིས་འགན་སྒྲུབ་བྱས་པའི་སྲིད་པ་རྒད་པོ་རྟགས་མའི་བོད་ཀྱི་གཏམ་དཔེ་གདན་ཞུའི་འགྲན་སྡུར་སྐབས་གཉིས་པའི་གྲ་སྒྲིག་གི་བྱ་བ་དངོས་སུ་མགོ་བརྩམས་ལ། ལས་སྒྲུབ་མི་སྣ་དག་ཡུལ་དངོས་སུ་ཐོན་ནས། ཚོགས་ར་བཀོད་སྒྲིག་དང་བརྙན་ཕབ་འཕྲུལ་ཆས་སྒྲིག་འཇོག་སོགས་བྱས་ཏེ། ཐེངས་འདིའི་འགྲན་སྡུར་གྱི་གོ་རིམ་ཆ་ཚང་བདེ་བླག་ངང་སྤེལ་བར་འགན་ལེན་དང་ཁག་ཐེག་གང་ལེགས་བྱས། 

ཐེངས་འདིའི་འགྲན་སྡུར་སང་ཉིན་ཏེ་ཚེས་ཉི་ཤུའི་ཉིན་རྩེ་ཁོག་རྫོང་ནས་དངོས་སུ་མགོ་བརྩམ་རྒྱུ་ཡིན་ཞིང་། འགྲན་སྡུར་གྱི་གོ་རིམ་ཆ་ཚང་གངས་ལྗོངས་མེ་ལོང་དྲ་བ་ནས་ཐད་གཏོང་བྱ་རྒྱུ་ཡིན་པ་མ་ཟད། འགྲན་སྡུར་གྱི་ཞིབ་ཕྲའི་ནང་དོན་དག་གངས་ལྗོངས་མེ་ལོང་དྲ་ངོས་དང་མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་གཞུང་ཕྱོགས་སྐད་འཕྲིན་སྤྱི་སྟེགས། མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་གཞུང་ཕྱོགས་སྤྱི་སྟེགས་བཅས་ནས་ཉིན་རེ་བཞིན་སྤེལ་རྒྱུ་ཡིན་པས། རྒྱ་ཆེའི་གཟིགས་མོ་བ་རྣམས་ཀྱིས་དུས་ལྟར་གཟིགས་དང་། ནང་དོན་ཕུན་སུམ་ཚོགས་པའི་བོད་ཀྱི་ངག་རིག་སྒྱུ་རྩལ་འདིས་རྣམ་པ་ཚོའི་ཡིད་ཀྱི་དང་བ་ཅིག་ཅར་དུ་འདྲེན་ངེས་ཡིན།